ཁམས་ཐར་བདེ་དགོན་དུ་བདེ་གླིང་བཀའ་འབུམ་གྱི་དབང་ལུང་གནང་བ།

[ཟླ་ཚེས། 2024-08-29 11:44:24][རྩོམ་པ་པོ། དཔལ་ལྡན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལྟ་བ་སྟོང་པར་ཏིང་འཛིན་འཛུམ་གྲོལ་ཞིང་། །

སྒོམ་པ་དྲི་བསུང་འགྲོ་དྲུག་ཡོངས་སུ་འཐུལ། །

སྤྱོད་པ་བོན་བསྟན་པད་མོར་རབ་རྩེན་པའི། །

རྒྱལ་ཚབ་འཇིགས་མེད་དབང་ཕྱུག་གཙུག་གི་རྒྱན། །

གང་འདུལ་སྤྲུལ་པར་སྲིད་འཕྲོས་རྟ་བདུན་གཟུགས། །

ཐུགས་མོས་ཁམས་ཀྱིས་བསྟན་དོན་བྲེལ་དུ་རྩེན། །

འགྲོ་ལ་རྗེས་ཆགས་སངས་རྒྱས་འཛུམ་ལྡན་པའི། །

མཆོག་སྤྲུལ་ཚེ་དབང་འཇིགས་མེད་སྤྱི་བོར་བཏེགས། །

  ཞེས་དད་གུས་མོས་གསུམ་གྱིས་སྤྲས་པའི་སྙན་ཚིག་མེ་ཏོག་གི་མཆོད་པ་སྔོན་དུ་བཏང་ནས་ཞུ་བར་བྱ་བ་ནི། མདོ་ལས།བསྟན་པའི་དོན་ལ་རྣམ་པ་གསུམ་ཡིན་ཏེ། །འཛིན་དང་སྐྱོང་དང་སྤེལ་དང་རྣམ་པ་གསུམ། །དེ་དག་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །སྐུ་གདུང་རྩིག་གིན་སྐུ་གཟུགས་བཞེངས་པ་དང་། །གསུང་རབ་ཡི་གེའི་རྒྱུད་བྲིས་ཐར་པ་ཐོབ། །ཅེས་སྟོན་པ་སངས་རྒྱས་ཀྱིས་བསྟན་པའི་དོན་དུ་གདམས་པ་བཞིན་དུ་ད་ལོ་སྟེ་སྤྱི་ལོ་2024.7.21ཉིན་སངས་རྒྱས་མི་གཟུགས་སུ་སྤྲུལ་པ་འགྲོ་བའི་མགོན་དུ་བྱོན་ཞིང་རྒྱལ་གཤེན་བསྟན་པའི་ཀ་ཆེན་ཐུགས་རྗེའི་སྟོབས་མཆོག་གིས་འདེགས་པའི་སྐྱེས་བུ་ཆེན་པོ། དམ་པ་ཁྱུང་གི་གདུང་རྒྱུད་ཀྱི་ཆེ་རྟགས་སྐུ་ལ་མངོན་པར་རྫོགས་ཤིང་བསྟན་སྲིད་ཉི་ཟླའི་འཁོར་ལོ་ཕྱོགས་མེད་ལྷག་བསམ་གྱིས་སྒྱུར་བའི་སངས་རྒྱས་དངོས་བྱོན་ཏེ་མཚན་བརྗོད་པར་དཀའ་བ། དོན་གྱི་མཚན་གྱིས་སྨོས་ན་༧ཐར་བདེ་སྤྲུལ་པའི་སྐུ་མཆོག་ཚེ་དབང་འཇིགས་མེད་རིན་པོ་ཆེ་ལགས་ཀྱིས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་སུ་རང་དགོན་ཐར་བདེ་མི་གཡོ་བསམ་གཏན་གླིང་ལ་དུས་རྟག་ཏུ་ལྷག་བསམ་གྱི་ཕྱག་ཟུང་བརྐྱངས་ནས། རླབས་ཆེན་གྱི་མཛད་བཟང་ཕྱོགས་མེད་ལ་གཏོང་ཕོད་ཀྱི་ཐུགས་རྗེས་མཐུ་རྐྱེན་དངོས་སུ་སྦྱར་ཏེ་འདས་པའི་ལོ་2018ནས་དངོས་སུ་བཞེངས་འགོ་བརྩམས་པའི་ཕྱི་བརྗིད་ནང་མཛེས་ཅན་གྱི་ཆོ་ག་བཅུ་གཉིས་ཀྱི་འདུ་ཁང་དང་བདེ་ཆེན་གླིང་པའི་འདུ་ཁང་ངམ་ཐར་བདེའི་བླ་རབས་ཀྱི་འདུ་ཁང་གཉིས་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་ཡོངས་སུ་བཞེངས་པར་ལེགས་སུ་གྲུབ་སྟེ།

  ལུང་རྟོགས་བོན་གྱི་མཛོད་འཛིན་བསླབ་གསུམ་བསྟན་པའི་བདག་ཉིད། བཤད་སྒྲུབ་བསྟན་པའི་དཔུང་གཉེན་ཏེ་རང་ཅག་བོན་འབངས་ཀུན་ལ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དུ་བྱོན་ཞིང་སངས་རྒྱས་མི་གཟུགས་སུ་སྤྲུལ་པའི་སྐྱེས་མཆོག་སྟེ། མཚན་བརྗོད་པར་དཀའ་བ་༧རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་དངོས་སུ་གདན་འདྲེན་ཞུས་ནས་ཉིན་གསུམ་གྱི་རིང་དུ་ཆོ་ག་བཅུ་གཉིས་ལས་བཀྲ་ཤིས་མངའ་དབུལ་རབ་གནས་ཅན་གྱི་ཆོ་ག་ཀུན་དབྱིངས་དང་། དུས་འཁོར། རྣམ་དག་བྱམས་མ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་གསུངས་ཤིང་། ཉིན་བཞི་བའི་ཉིན་རྒྱལ་ཚབ་མཆོག་གིས་ཐར་བདེ་དགོན་གྱི་དད་ལྡན་སྐྱ་སེར་ཡོངས་དང་ཕྱོགས་གང་ས་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་རྣམས་དང་དད་ལྡན་མི་སྐྱ་ཡོངས་ལ། རྣམ་དག་བྱམས་མ་དང་ཀུན་དབྱིངས་གཉིས་ཀྱི་དབང་མཆོག་དང་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སྟེ། མཐར་འདུ་ཁང་གཉིས་ཀྱི་ཕྱི་ནང་གཉིས་ཀར་རྒྱལ་ཚབ་མཆོག་གཙོས་པའི་བླ་གྲྭ་བརྒྱ་ཕྲག་གཉིས་ལ་ཉེ་བ་རྣམས་ཀྱིས་བཀྲ་ཤིས་རབ་གནས་རྒྱས་པར་གནང་ནས་རབ་གནས་ཀྱི་མཛད་སྒོ་མཇུག་རྫོགས་པ་ཡིན།

  དེ་ནས་བསྟུད་མར་2024.7.21ཉིན་གྱི་ཞོགས་པར་ཤར་རྫའི་རྒྱལ་ཚབ་མཆོག་གིས་རྟེན་འབྲེལ་ཙམ་དུ་ལུང་གི་དབུ་བཟུང་བ་དང་། ཟླ་བ་7.22ཉིན་ནས་རང་དགོན་གྱི་དད་ལྡན་བླ་གྲྭ་སྐྱ་སེར་ཡོངས་དང་འབྲི་རྒྱུད་ཁག་གི་དགོན་སྡེ་ཁག་བརྩིས་པའི་མདོ་དབུས་ཁམས་གསུམ་ཕྱོགས་ཡོངས་ཀྱི་དགོན་ཁག་སུམ་ཅུ་རྩ་གཅིག་གི་དད་ལྡན་སྐྱ་སེར་སུམ་བརྒྱ་ལ་ཉེ་བ་རྣམས་ལ་གཏེར་སྟོན་ཆེན་པོ་སྤྲུལ་པའི་སྐུ་མཆོག་བདེ་ཆེན་གླིང་པའི་བཀའ་འབུམ་པོད་ཉི་ཤུའི་བདག་ཉིད་ཅན་ཡོངས་ཀྱི་དབང་ལུང་གི་ཕྱག་རྒྱུན་སྤེལ་བའི་མཛད་བཟང་བསྐྱངས་པ་ཡིན་ཞིང་། དབང་ལུང་གི་ཕྱག་རྒྱུན་སྤེལ་བའི་མཛད་པ་སྐྱོང་མཁན་གཙོ་བོ་ནི་རོང་རྒྱབ་དགོན་གྱི་མཆོག་སྤྲུལ་ཚུལ་ཁྲིམས་སྟོབས་རྒྱལ་རིན་པོ་ཆེ་དང་ཞལ་བཞེས་དགོན་གྱི་མཆོག་སྤྲུལ་འགྱུར་མེད་རྡོ་རྗེ་རིན་པོ་ཆེ་རྣམ་པ་གཉིས་ཡིན།

  མདོ་ལས། དགེ་བ་བྱས་ན་སྡིག་པ་ཐབས་ཀྱིས་བཤོལ། །ཞེས་གསུངས་པ་བཞིན་དུ་ལུང་གནང་བའི་དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་དུ་དགེ་སྐུལ་དང་དགེ་སྒྲུབ་ཀྱི་ཆེད་དུ་ལུང་ཞུ་བའི་དད་ལྡན་སྐྱ་སེར་ཡོངས་ལ་དཀར་ཟས་རང་བཞིན་ལྡན་པའི་གསོལ་ཟས་ཉིན་རེའི་དུས་གསུམ་ལ་གྲལ་རྒྱས་ངང་འབུལ་ཡོད་པ་དང་། གསོལ་ཟས་ཀྱི་འགྲོ་གྲོན་ཚང་མ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་སྐུ་མཆེད་རྣམས་ཀྱིས་བཏང་བ་ཡིན།

  དེ་ནས་8.11ཉིན་བདེ་གླིང་བཀའ་འབུམ་གྱི་ལུང་གནང་བ་མཇུག་ཡོངས་སུ་དྲིལ་ཏེ་མཐར་ཞལ་བཞེས་མཆོག་སྤྲུལ་འགྱུར་མེད་རྡོ་རྗེ་མཆོག་དང་རོང་རྒྱབ་མཆོག་སྤྲུལ་ཚུལ་ཁྲིམས་སྟོབས་རྒྱལ་རྣམ་གཉིས་ཀྱིས་ཕྱོགས་སོ་སོའི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་ལུང་གི་རྒྱུད་ཁ་གནང་བ་ལགས།

  མདོ་ལས།སྟོན་པའི་ལས་ནི་སྙིང་རྗེ་ཡིན། །སྙིང་རྗེའི་དོན་གྱིས་སེམས་ཅན་དྲོངས། །ཞེས་གསུངས་པ་བཞིན་ཟླ་8པའི་ཚེས་12ནས་18བར་དུ་ཐར་བདེ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་རིན་པོ་ཆེ་དང་། རོང་རྒྱབ་སྤྲུལ་སྐུ་ཚུལ་ཁྲིམས་སྟོབས་རྒྱལ། ཞལ་བཞེས་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ། སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ།སེ་ཞིག་སྤྲུལ་སྐུ་འཆི་མེད་བསྟན་འཛིན་དཔལ་བཟང་།རྒྱ་རོང་སྤྲུལ་སྐུ་པདྨ་རིན་ཆེན། གཡུ་རིའི་བཤད་སྒྲུབ་དཔོན་སློབ་སྨོན་ལམ་རྣམས་ཀྱིས་བདེ་གླིང་བཀའ་འབུམ་ལས་དབང་གི་རྒྱུད་ཁ་ཡོད་པ་དག་དད་ལྡན་སྐྱ་སེར་རིས་སུ་མ་ཆད་པ་ཡོངས་ལ་ཟབ་རྒྱས་ངང་གནང་ཞིང་།



  ཟླ་བ་དེའི་ཚེས་19དང་བོད་ཟླ་6པའི་ཚེས་15ཉིན་གྱི་སྔ་དྲོར་བླ་གྲྭ་སེམས་དཔའ་འདུས་སྡེ་ཡོངས་ཀྱིས་རིག་འཛིན་གསང་སྒྲུབ་ཀྱི་ཚོགས་འཁོར་རྒྱས་པར་འབུལ་ཏེ་དད་ལྡན་མི་སྐྱ་ཡོངས་ལ་དངོས་གྲུབ་ཀྱི་བྱིན་རླབས་གནང་བ་དང་། ཐར་བདེ་མཆོག་སྤྲུལ་ཚེ་དབང་འཇིགས་མེད་མཆོག་གིས་ཚོགས་གྲལ་གྱི་བླ་གྲྭ་དགེ་བཤེས་རྣམས་དང་བཙུན་མ་ཡོངས་ལ་གྲྭ་ཆས་སྤུས་ལེགས་ཆ་ཚང་རེ་དང་ཕྱག་འགྱེད་བཅས་འབུལ། ཉིན་དེའི་ཕྱི་དྲོར་གཏེར་སྟོན་བདེ་ཆེན་གླིང་པས་མཛད་པའི《གཤེན་བསྟན་རྟག་འབར་སྨོན་ལམ་རྣམ་པར་རྒྱལ་བའི་ཚང་དབྱངས》ཞེས་བྱ་བ་དེ་བླ་གྲྭ་འདུས་སྡེ་ཡོངས་ཀྱིས་ངག་ལ་དྲངས་ཤིང་ལེགས་པར་གསུངས་པའི་མཐར། དབང་ལུང་གི་ཕྱག་རྒྱུན་སྤེལ་བའི་མཛད་བཟང་དགེ་བ་རླབས་པོ་ཆེ་དེ་ཉིད་འགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངང་བདེ་ལེགས་སུ་གྲུབ་པ་ཡིན་ནོ། །

  ཞེས་ཉེ་བའི་ཆར་རང་དགོན་ཐར་བདེ་དགོན་དུ་འདུ་ཁང་ཕྱི་བརྗིད་ནང་མཛེས་ཅན་གཉིས་བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་སྤེལ་བ་དང་། གཏེར་སྟོན་བདེ་ཆེན་གླིང་པའི་བཀའ་འབུམ་དབང་ལུང་གནང་བའི་སྐལ་བཟང་དགྱེས་སྟོན་དང་འབྲེལ་ཏེ། དགོན་དེའི་གྲྭ་མིང་གྱི་ཆར་གཏོགས་པ་དཔལ་ལྡན་རྣམ་རྒྱལ་གྱིས་ཨ་མདོ་རྔ་བ་ནས་བྲིས།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།