སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གནས་བསྡུས།
[ཟླ་ཚེས། 2024-08-01 20:24:09][རྩོམ་པ་པོ། གོ་སྒྲིག་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གནས་བསྡུས།
སྤུ་རྒྱལ་ཤེས་རིག་དཔྱད་གླེང་ནི་སྤྱི་ལོ་2017ལོར་དབུ་བརྙེས་ཤིང་། ད་བར་དུ་སྐབས་གསུམ་དང་ཐེངས་བདུན་ལ་འཚོགས་ཤིང་། ད་ལྟ་ནི་སྤྱིའི་ཐེངས་བརྒྱད་པ་དང། སྐབས་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཡིན།དེ་ཡང་སྤྱི་ལོ2024ལོའི་ཟླ་བ་7པའི་ཚེས་27ཉིན་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཁག་གི་དབུ་བླ་དང་འཐུས་ཚབ་མི་སྣ། ཚོགས་ཞུགས་བགྲོ་གླེང་མི་སྣ་རྣམས་ཁྱུང་ཡུལ་ཕུག་དམར་དགོན་སྟག་སྡེ་ཁ་རུ་འབྱོར་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་བགྲོ་གླེང་གི་གོ་རིམ་རྒྱན་ཤོག་འཐེན་པ་འབྱོར་ཐོ་བཀོད་པ་སོགས་སྟ་གོན་གྱི་བྱ་བ་ཚགས་སུ་ཚུད་པར་བྱས། སྤྱི་ཚེས28དང་29བཅས་ཉིན་གཉིས་ཀྱི་རིང་ལ་དངོས་གཞི་བགྲོ་གླེང་འཚོགས་པ་རེད། ད་རེས་བགྲོ་གླེང་ཐོག་ཏུ་དགོན་སྡེ་དང་སྤྱི་ཚོགས་ཁག་ནས་ཕེབས་པའི་བགྲོ་གླེང་གནང་མཁན་ལ་གྲུབ་མཐའ་རིས་མེད་དང་། ཕོ་མོ་ཁྱད་མེད། སྐྱ་སེར་དབྱེར་མེད་ཀྱི་སྡེ་ཁག་ཚང་མ་ཡོད་པ་དང་། དཔྱད་རྩོམ་གྱི་ནང་དོན། རྒྱལ་རབས་ལོ་རྒྱུས། གཞུང་ལུགས། སློབ་གསོ། ཚོང་ལས།ཡིག་ཚང་ཞིབ་འཇུག སྐད་བརྡ་རིག་པ།རི་ཆུ་རིག་གནས། མི་སྣ་ཞིབ་འཇུག ཞིང་འབྲོག་ལས་རིགས། ཁོར་ཡུག་སྲུང་སྐྱོབས།གཙང་སྦྲ་འཕྲོད་བསྟེན་སོགས་དཔྱད་རྩོམ་ནང་དོན་ཕུན་སུམ་ཚོགས་ལ་རིག་ཚན་སྣ་མང་བ་བཅས་ཀྱིས་ཁྱད་ཆོས་ལྡན་འདུག བགྲོ་གླེང་སྐབས་སུ་དྲི་བ་དྲིས་ལན་དང་དཔྱད་འཇོག་བརྒལ་བརྟགས་སོགས་འཁྲུག་ཆ་དོད་ལ་གསོན་ཉམས་ལྡན་པ་བྱུང་སོང་། ཟུར་ཉན་བྱེད་མཁན་ལའང་སྐྱ་སེར་བརྒྱ་ཕྲག་གཉིས་ལྷག་ཙམ་མཉམ་ཞུགས་བྱས་ཡོད།
ཞིབ་ཕྲའི་གནས་ཚུལ། སྤྱི་ཚེས་28ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་ཏུ་བགྲོ་གླེང་དངོས་སུ་དབུ་ཚུགས་ཤིང་། ཐོག་མར་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་ཚོགས་གཙོ་དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་མཆོག་གིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་གལ་ཆེན་རང་བཞིན་དང་ཐེངས་འདིའི་བགྲོ་གླེང་གི་གོ་རིམ་རེ་རེ་བཞིན་ངོ་སྤྲོད་མཛད་ཅིང་བགྲོ་གླེང་གི་གཏམ་སྒོ་ཕྱེ་བའི་དབུ་འཛུགས་ཀྱི་གསུང་བཤད་ཟབ་ཅིང་རྒྱས་པར་གནངས། དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཁ་ཕྱོགས་དང་དམིགས་ཡུལ། ཁྱད་ཆོས། འདས་མ་ད་གསུམ་སོགས་ཀྱི་སྐོར་ནས་བཀའ་སློབ་ཟབ་ཅིང་རྒྱས་པར་གནངས།དེ་ནས་རིམ་བཞིན། ཚོགས་གཙོ་ཚུལ་ཁྲིམས་གཡུང་དྲུང་མཆོག་གིས་གཙོ་སྐྱོང་གནངས་ཤིང་། བགྲོ་གླེང་གོ་རིམ་རྒྱན་ཤོག་ལྟར་དུ་མཛད་ཅིང་། པོ་ཁྲེ་ཚེ་རིང་མཐར་ཕྱིན། རིས་ཚ་ཚེ་དབང་མཆོག་རྒྱལ། གཟི་ཡ་ཝེར་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས།དེ་ནས་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཁག་གི་བླ་མ་དང་འཐུས་ཚབ་མི་སྣ། ཚོགས་ཞུགས་མི་སྣ། སྟག་ཕུག་གཉིས་ཀྱི་ལྷ་སྡེ་རྣམས་མཉམ་བཞུགས་དྲན་རྟེན་འདྲ་པར་བླངས། དེ་ནས་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གཙོ་སྐྱོང་གནངས་ཤིང་། འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས། བེན་རུ་ཤེས་རབ་བསྟན་འཛིན། རྒྱལ་རུ་བསྟན་པ་དབང་རྒྱལ། རྣམ་རྒྱལ་གཡང་འཕེལ་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས། ཉིན་གུང་ཞལ་ལག་གྲུབ་རྗེས་སྲོལ་རྒྱུན་གྱི་གཏམ་བཤད་རིག་གནས་སྔོག་འདོན་དང་ཉམས་པ་སླར་གསོའི་ཆེད་དམངས་ཁྲོད་གཏམ་བཤད་པ་ཉི་རི་དྲུང་མུ་དང་འབྲིང་རྒྱུད་བསྟན་འཛིན་རྒྱལ་མཚན་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ཏེ་སྲོལ་རྒྱུད་གཏམ་བཤད་ཀྱི་བྱེད་སྒོ་སྤེལ་ཞིང་དྲ་ཐོག་དང་ཡུལ་དངོས་ནས་འཁྲུགས་ཆ་དོད་པོའི་དགའ་བསུ་ཐོབ།
ཕྱི་དྲོར་མུ་མཐུད་ནས་ཁྱུང་མུ་ཝེར་ལགས་ཀྱིས་གཙོ་སྐྱོང་གནངས་ཤིང་། གླིང་སྨན་གཡུང་དྲུང་བཀྲ་ཤིས་དང་། ཀླུང་གླིང་བུ། ཚེ་རིང་གྲགས་པ། བཀྲ་ཤིས་མཚོ་དགའ་བཅས་ཀྱིས་གཏམ་བཤད་དང་དཔྱད་བརྗོད་སྤེལ། དེ་ནས་དགེ་བཤེས་གཡུང་དྲུང་ཕྲིན་ལས་མཆོག་གིས་གཙོ་སྐྱོང་གནངས་ཤིང་། ཕྱྭ་སྲས་མཚོ། ཚུལ་ཁྲིམས་ནམ་མཁའ། བསམ་གཏན་བློ་གྲོས། བརྩོན་འགྲུས་རྒྱལ་མཚན་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས། དེ་ནས་བོན་གཤེན་ཚེ་བརྟན་ལགས་ཀྱིས་གཙོ་སྐྱོང་གནངས་ཤིང་། གཟི་ནག། ཐུབ་བསྟན་ལྷ་དབང་། དགེ་བཤེས་ཤེས་རབ་རྨད་འབྱུང་། ཉི་མ་གྲགས་པ་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས་ནས་ཉིན་དང་པོའི་མཛད་སྒོ་ཡོངས་སུ་མཇུག་གྲུབ།
སྤྱི་ཚེས་29ཉིན་གྱི་ཞོགས་པའི་ཆུ་ཚོད་9པའི་ཐོག་ཏུ་དགེ་བཤེས་ཤེས་རབ་རྨད་འབྱུང་མཆོག་གིས་གཙོ་སྐྱོང་གནངས་ཤིང་། དགེ་བཤེས་ལུང་རྟོགས་བསྟན་འཛིན། ཚངས་སྲས་འཇིགས་མེད། འབྲིང་རྒྱུད་བསྟན་འཛིན་རྒྱལ་མཚན། གང་བསམ་ལྷུན་གྲུབ་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས། དེ་ནས་གཟི་ནག་ལགས་ཀྱིས་གཙོ་སྐྱོང་གནངས་ཤིང་། གངས་དབལ། ཁམས་ཕྲུག རིག་འཛིན་སྒྲོན་གསལ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས། དེ་ནས་ཚ་འབྲོང་དགོན་གྱི་བླ་མ་བློ་བཟང་རིན་ཆེན་མཆོག་གིས་ཆོས་འཇིག་རྟེན་གཉིས་ཀྱི་ཐད་ནས་བཀའ་སློབ་ཟབ་ཅིང་རྒྱས་པ་གནངས།
ཕྱི་དྲོར་ཚངས་སྲས་འཇིགས་མེད་ལགས་ཀྱིས་གཙོ་སྐྱོང་གནངས་ཤིང་། བསྟན་འཛིན་སྒྲོལ་མ། དགེ་བཤེས་སྨོན་ལམ་ཚུལ་ཁྲིམས། ཡེ་ཤེས་ཉི་མ། དབྱངས་སྲས། གདུགས་དཀར་ལྷ་མོ། ཁྱུང་མུ་ཝེར་བཅས་ཀྱིས་རང་རང་གི་དཔྱད་འབྲས་སྙན་ཞུ་ཕུལ་ཅིང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་འཁྲུག་ཆ་དོད་པོར་བྱས། རྟ་ཐུས་བརྩོན་འགྲུས་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་འཚོགས་གནས་ཕུག་དམར་དགོན་གྱི་འཐུས་ཚབ་བྱས་ནས་གཏམ་བཤད་སྤེལ། དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་པའི་དྲུང་ཆེ་ལྡོང་སྐལ་བཟང་གིས་ཐེངས་འདིའི་བགྲོ་གླེང་གི་འགོ་མཇུག་བར་གསུམ་གྱི་བྱ་བ་ལ་མཇུག་སྡོམ་གྱི་གཏམ་བཤད་སྤེལ་ཞིང་བགྲོ་གླེང་གི་མཇུག་བསྡུས། ཕུག་དམར་སྡེ་དགོན་གཉིས་ཀྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་ཐུགས་རྗེ་ལེགས་གསོལ་མགུལ་དར་ཕུལ་ཞིང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུས་ཚོགས་ཞུགས་མི་སྣ་དང་ལྷ་སྡེ་ཡོངས་ལ་མགུལ་དར་གནངས་ཤིང་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་མཛད་སྒོ་ཡོངས་སུ་མཇུག་གྲུབ་པའོ།།