སྨོན་རྒྱལ་བླ་བྲང་གི་གསང་སྔགས་འཛིན་གྲྭ་དབུ་འཛུགས་རྟེན་འབྲེལ་མཛད་སྒོའི་གནས་འཕྲིན།

[ཟླ་ཚེས། 2024-07-30 20:39:34][རྩོམ་པ་པོ། སྐབས་དགུ་པའི་རྒྱུན་ལས་ཡིག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


འབྱུང་ལྡན་༣༠༡བོད་ཤིང་འབྲུག་ལོར་གདན་ས་༧སྨོན་རྒྱལ་བླ་བྲང“ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང”གི་གསང་སྔགས་འཛིན་གྲྭ་དབུ་འཛུགས་རྟེན་འབྲེལ་མཛད་སྒོའི་གནས་འཕྲིན།

  ༄༅།། མདོ་སྔགས་ཟུང་འབྲེལ་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གྱི་དབུ་འཛིན་འོག་ཕྱོགས་གང་སར་བསྟན་པའི་རྩ་ལགས་རྒྱས་དང་རྒྱས་བཞིན་པའི་སྐབས་འདིར་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་གལ་ཆེན་རྒྱུད་འཛིན་དང་མཐོང་ཆེན་དར་སྤེལ་དགོས་པའི་སྲིད་བཟང་འོག་ད་ལན་ཁྱུང་པོ་དཀར་ནག་སེར་གསུམ་ཞེས་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཆེན་ཁྱུང་པོ་སྟེང་ཆེན་གྱི་མངའ་ཁོངས་གདན་ས་སྨོན་རྒྱལ་བླ་བྲང་ཐེག་ཆེན་ནོར་འཁྱིལ་གླིང་གི་དབུ་འཛིན་སྨོན་རྒྱལ་དཔྱད་བུ་སྨན་རྩིས་ཁང་གི་གླིང་གཙོ་༧ཀུན་གྲོལ་སྐྱེ་ཕྲེང་བདུན་པ་༧སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་དང་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་སློབ་དཔོན་སྨོན་རྒྱལ་མཁྱེན་རབ་ནམ་མཁའ་རིན་པོ་ཆེ་ཡབ་སྲས་རྣམ་གཉིས་ཀྱི་དགོངས་བཞེད་ལྟར་བསྟན་པའི་སོན་རྩ་རུ་དམིགས་ནས་གདན་ས་༧སྨོན་རྒྱལ་བླ་བྲང་དུ་འཆད་ཉན་རྒྱུན་འཛིན་གནང་མཁན་གྱི་བཤད་སྡེའི་སློབ་ཚོགས་༼སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་༽དངོས་སུ་དབུ་བཙུགས་མཛད་ནས་མི་ལོ་བཅུ་ཕྲག་ལ་ཉེ་བ་འཁོར། དེ་སྔོན་སློབ་གཉེར་དཔེ་ཁྲིད་ཐད་ལ་དཀའ་ངལ་ཅུང་འཕྲད་ནའང་བསྟན་རྒྱུན་གཅིག་པའི་དགོན་སྡེ་ཁག་དང་དགེ་བའི་བཤེས་གཉེན་ཅི་རིགས་ཞིག་གི་ཐུགས་འགན་བཞེས་ནས་གདན་ཞུས་ཐོག་སློབ་ཁྲིད་ཀྱི་མཐུས་སྒོ་ཇེ་ཚང་དུ་གཏོང་།

  འདི་གའི་བཤད་གྲྭའི་དཔོན་སློབ་དགེ་བཤེས་བརྩོན་འགྲུས་མཐར་ཕྱིན་དང་། སྒྲུབ་གྲྭའི་མཁན་པོ་ཨ་ཞ་དྲང་སྲོང་རྒྱལ་མཚན་རྣམ་གཉིས་ཀྱི་རྒྱུན་ལྡན་བཤད་སྒྲུབ་ཀྱི་དཔེ་ཁྲིད་འགན་འཁྲི་ཕྲག་ཏུ་བཞེས་ནས་མི་ལོ་བཅུ་ཕྲག་ཉེ་བར་ཕྱིན། སྒྲུབ་གྲྭ་བ་རྣམས་གཙོ་བོའི་ཁྲིད་གཞུང་མཁྱེན་གསལ་ལྟར་《ཨ་སྙན་རྫོགས་གསུམ་》དང་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་གསུང་དང་ལྷག་ཏུ་གདན་ས་འདིའི་བསྟན་པའི་བདག་ཉིད་༧རྒྱལ་དབང་ཀུན་གྲོལ་གྲགས་པའི་གསུང་དང་དཔལ་རྒྱལ་དབང་ཤར་རྫ་བའི་《མཛོད་ཆེན་རྣམ་ལྔ་》གཙོས་གཞུང་ཆེན་དག་ལ་བསྐྱེད་འཇོག་སྒོམ་སྒྲུབ་ཟུང་འབྲེལ་བསྙེན་སྒྲུབ་ཟུང་འཇུག་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་། དངོས་གཞི། ཕྱི་ནང་རིགས་དྲུག་རང་སྦྱོང་། རྩ་རླུང་། མུན་མཚམས། ཐོད་རྒལ། རྣལ་དབབ། སྦྱིན་པ་རྣམ་བཞི་ཆགས་མེད་མཛད་སྤྱོད་ཚུལ་བཞིན་ཉམས་སུ་ལེན་པའི་དགེ་སྦྱོར་ཉམས་ལེན་གནང་མཁན་སྒྲུབ་ཐེངས་ལྔ་ཙམ་དང་དེ་དག་དཔལ་གཤེན་བསྟན་བེ་དགོན་རབ་བརྟན་གླིང་། དཀར་མཛེས་སྨོན་རྒྱལ་དམ་པ་རང་གྲོལ་དགོན། ཁྱུང་སེར་སྒར་ཁང་རྣམ་ཚང་། སྨོན་རྒྱལ་བླ་བྲང་བཅས་ཀྱི་གདུང་སྲས་རྣམས་དང་བླ་མ་དགེ་འདུན་པ་དུ་མ་སྒྲུབ་ཐོན་མི་སྣ་བསྐྱེད་བསྲིངས་གནང་།

  དེ་ཡང་རྒྱལ་བའི་བཀའ་ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས། རིག་པའི་གནས་ལྔ་མ་སྤྱོད་པ། ཐམས་ཅད་མཁྱེན་པ་མི་འགྱུར་བའི། ཉི་མའི་དཀྱིལ་འཁོར་འོད་འབར་ཡང་། སྒོ་འགག་དབང་པོའི་མཐོང་བ་མིན། ཞེས་གསུང་པ་དང་། རྗེ་མཉམ་མེད་བླ་མས། རྩོད་པ་ཁྱད་པར་ཅན་གྱི་མ་ཟིན་ན་ཡང་དག་པའི་གོ་བ་ལ་དོན་སྤྱི་འཆར་བ་དཀའ་སྟེ། གསུངས་པ་དང་། སྨྲ་དབང་ཉི་མ་བསྟན་འཛིན་གྱི་ཞལ་སྔ་ནས། རྩོད་པ་རྒྱ་མཚོའི་གཏིང་ཟབ་བརྒལ་མིན་ན། འཆད་པ་རིན་ཆེན་གླིང་ལ་མི་ཕྱིན་པའི། རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི། དེ་ཕྱིར་ཀུན་གྱི་ཚུལ་འདི་འཇུག་པར་རིགས། ཅེས་གསུངས་པ་ལྟར་བཤད་གྲྭ་རྣམས་གཙོ་བོ་འཆད་ཉན་རྒྱུད་འཛིན་གྱི་སྲོལ་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་ནས་གདུང་སོབ་མི་ཆོ་ལྡེམ་དྲུག་འཛམ་གླིང་མཁས་པའི་རྒྱན་དྲུག ལོ་པཎ་མཁས་པ་མི་བཞི། ལྷག་པར་དུ་བོན་བསྟན་ཕྱི་དར་བསྟན་པའི་བདག་ཉིད་གཏེར་སྟོན་གཙོ་བོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ནས་རིམ་བཞིན་བཀའ་བབ་ཀྱི་སློབ་མ་བཞི་དང་བྲུ་རྗེ་ཡབ་སྲས་ནས་གཡས་རུ་སྟོན་པ་བཅོ་བརྒྱད་དང་གྲྭ་ས་ཡ་བཞི། སྨན་རི་མཁན་རབས་རིམ་བྱོན། རྒྱལ་སྲས་སྤྲུལ་སྐུ་རྣམ་བཞི། ཤར་རྫ་འཇའ་ལུས་ཡས་སྲས་ནས་ད་བར་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་གྱི་བོན་གྱི་འཁོར་ལོ་སྐོར་ནས་སྐུ་གསུང་ཐུགས་ཀྱི་བསྟན་པ་ཕྱོགས་ཕྱོགས་ནས་དར་བར་མཛད་པ་དང་རྒྱལ་བ་སྨན་རི་ཚང་གི་ཟླ་བ་ཡར་ངོ་ལ་སྒྲུབ་པ་དང་མར་ངོ་འཆད་ཉན་མཛད་པའི་སྲོལ་སྔ་མོ་ནས་དར།

  དར་དཀར་ཉག་ཐག་ལ་མུ་ཏིག་གི་ཕྲེང་བ་བཞིན་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་བརྒྱུད་པའི་<གབ་མཛོད་ས་>གསུམ་སོགས་མདོ་སྔགས་སེམས་གསུམ་གཞུང་གཞུང་ཆེན་རྒྱ་མཚོའི་འཇིངས་ལྟ་བུའི་རིག་གཞུང་ལ་ལོང་བའི་གླང་མཇུག་གི་དཔེ་ལྟར་མ་སོང་བ་ཆ་ཡོད་རྒྱུས་ཡོད་དང་ཉམས་ལེན་ཟུང་འབྲེལ་དོན་ལྡན་གྱི་མི་ཚེ། ད་ལན་གྱི་གསང་སྔགས་འཛིན་གྲྭ་བ་རྣམ་པ་དྲུག་ནི་ཚུལ་མཐུན་ལུགས་མཐུན་གྱི་གསན་སྦྱོང་ཚུལ་བཞིན་གནང་ནས་དཔལ་རྒྱལ་དབང་ཤར་རྫ་བའི་སྒྲུབ་གྲྭ་ཐོན་གནང་ཟིན་ནས་བཤད་གྲྭའི་སྒོ་རུ་ཞུགས་ནས་མདོ་ཕྱོགས་རིགས་གནས་དང་བཅས་པ་མི་ལོ་བརྒྱད་ཙམ་རིང་འབད་པ་ལྷོད་མ་མྱོང་བ་དང་ད་ལན་གསང་བ་སྔགས་ཀྱི་སྐོར་ལ་གནས་སྦྱོང་གནང་དང་གནང་བཞིན་པ་དང་། གཞུང་དོན་སྔགས་ཀྱི་ཡིག་ཆའི་སྐོར་ནི། བཀའ་དང་བརྟེན་ཁྲོད་བརྗོད་ཀྱི་མི་ལངས་ཡང་། 《གསང་བ་བསེན་ཐུབ།》 《ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་སྔགས་》ཀྱི་སྐོར། 《སྤྱི་སྤུངས་བསྒྲགས་པ་སྐོར་གསུམ།》 《མ་རྒྱུད་སངས་རྒྱས་རྒྱུད་གསུམ།》 《ཕུར་པའི་རྒྱུད་དགུ》 རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་《མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་བ།》 འགྲོ་མགོན་གྱིས་འགྲེལ་བ་《ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།》རྗེ་ཡི་《གསང་དོན་རྣམ་འབྱེད་འཕྲུལ་སྒྲོན།》 ཡོངས་འཛིན་ཆེན་མོའི་《བཀའ་འགྲེལ་གསལ་བྱེད།》སོགས་བཀའ་དང་བཀའ་རྟེན་ཁོངས་སུ་བྱོན་པའི་གཞུང་ཆེན་ཁག་གི་ཁྲིད་ལུང་དབུ་བརྩམས་ཏེ།

  ཐ་མལ་གྱི་སྣང་ཞེན་ཕྲ་རག་སྦྱོང་ཚུལ། སྦྱོང་བྱ་སྐྱེ་འཆི་བར་དོ་གསུམ་དང་སྦྱོང་བྱེད་སྐུ་གསུམ་ལམ་དུ་ཁྱེར་ཚུལ། གསང་སྔགས་རྒྱུད་སྡེ་བཞི་དང་རིམ་པ་གཉིས་ཀྱི་སྐོར། སྔགས་ཀྱི་ལམ་འགྲིག་གསང་སྔགས་བཀའ་དྲུག་སོགས་ཀྱི་མན་ངག་གི་ཆུ་བོ་གཅིག་ཏུ་འདུས་པའི་གསུང་རབས་གསེར་ཞུན་རྣམས་ནང་དོན་དབྱེ་ཞིབ་ལོངས་སུ་སྤྱོད་དང་སྤྱོད་བཞིན་པའི་སྔགས་ཀྱི་འཛིན་གྲྭ་བ་རྣམས་གདན་ས་སྨོན་རྒྱལ་བླ་བྲང་དུ་གསང་སྔགས་འཛིན་གྲྭ་དབུ་ཚུགས་པའི་མཛད་སྒོའི་སྟ་གོན་རྟེན་འབྲེལ་དོད་དུ། འདུ་ཁང་རྙིང་པ་གསེར་གདུང་སྣང་སྲིད་དཔལ་འབར་ཁང་གི་རྟེན་གཙོ་སྟོན་པ་ལོངས་སྤྱོད་རྫོགས་སྐུ། སྨོན་རྒྱལ་དྲང་སྲོང་ནམ་མཁའ་དབང་རྒྱལ་གྱི་གདུང་རྟེན་གཡུང་དྲུང་བཀོད་ལེགས་མཆོད་རྟེན། ཁྲོ་རྒྱལ་གཤེན་དམར་སྤྱི་འདུལ་བཅས། བྱམས་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་ལྡེབས་རིས་དང་གཤེན་རབ་རྣམ་པར་རྒྱལ་བ་ལ་དཔལ་མགོན་མགོན་ཆེན་བརྒྱ་རྩ་བརྒྱད་ཀྱི་སྐོར་བ། ཡི་དམ་གསས་མཁར་མཆོག་ལྔའི་ལྡེབས་རིས་རྙིང་ཉམས་ཅན་བཅས་གཟི་དཔལ་འབར་བ་རྣམས་མཇལ་ཁ་དང་། ཐོགས་བརྩེགས་གཉིས་པར་༧སྨོན་རྒྱལ་དྲང་སྲོང་ནམ་མཁའ་དབང་རྒྱལ་དང་སེམས་དཔའ་ནམ་མཁའ་གྲགས་པའི་གཟིམ་ཆུང་བྱིན་ཆེན་རྣམས་སུ་མནྡལ་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་བཤམ་དར་ལེགས་པར་གྲུབ་རྗེས། སྟ་གོན་གྱི་བཏང་རག་ཀྱི་དོད་དུ་དཔོན་གསས་བླ་མ་རིན་པོ་ཆེ་དབུས་པའི་འཛིན་གྲྭ་བ་རྣམས་སྨོན་རྒྱལ་སྒྲུབ་གྲྭའི་ཚོགས་ཁང་ཀྱི་དབུས་སུ་དཀྱིལ་འཁོར་ཚོགས་དང་གཏོར་མ་མཆོད་པ་མཎྡལ་བཤམས་གནང་ནས་བདེར་འདུས་ཀྱི་ཚོགས་འཁོར་ཕུལ་བ་དང་ཚོགས་གཉིས་བསགས་པའི་དགེ་རྩ་རུ་དགེ་སློབ་ཡོངས་ལ་སྟོན་མོ་ལེགས་པར་བཤམས་གནང་མཛད།

  བཤད་གྲྭའི་ཚོགས་ཁང་དུ་དབུ་འཛིན་དཔོན་གསས་བླ་མ་རྣམས་གཉིས་དང་བཤད་གྲྭའི་དཔོན་སློབ་དང་སྒྲུབ་གྲྭའི་མཁན་པོ་བཅས་ནས་བཀའ་སློབ་ལམ་སྟོན་དང་ལྷག་པར་དུ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་ནས་མ་འོང་པར་བོན་གྱི་བསྟན་པའི་འགན་འཁྲི་ཕྲག་ཏུ་བཞེས་དགོས་ཚུལ་དང་ལྷག་ཏུ་གསང་བ་སྔགས་ཀྱི་སྐོར་ནས་བླ་མ་གོང་མའི་ཞལ་གདམས་དང་རྗེས་འཇུག་སློབ་མའི་ཉམས་བཞེས་གནང་ཚུལ་གལ་ཆེའི་མན་ངག་དང་གདམས་དོན་གནད་སྨིན་བཅས་བསྩལ་ནས་གསང་སྔགས་འཛིན་གྲྭའི་ཞལ་གྲངས་དྲུག་ལ་མཇལ་དར་དང་གཟེངས་རྟགས་དཔང་ཡིག་གནང་མཛད། མཐར་རྗེས་བྱ་བསྔོ་བ་སྨོན་ལམ་དང་འབྲེལ་འགྲོ་ཁམས་རྒུད་ཚོགས་ནད་མུག་འཁྲུག་རྩོད་ཐམས་ཅད་མྱུར་དུ་ཞི་ཞིང་བདེ་སྐྱིད་རྫོགས་ལྡན་གྱི་འབྲས་བཟང་སྨིན་པའི་ཐུགས་སྨོན་དང་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་བྱེ་བྲག་ཏུ་རྒྱལ་སྲས་སྤྲུལ་སྐུ་རྣམ་བཞིའི་བསྟན་པ་དར་ཞིང་རྒྱས་པའི་བསྟན་རྒྱས་སྨོན་ལམ་དང་ཤིས་ཚིག་ཀྱི་མཐར་ཕྱུངས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་པའོ།།

  ༧སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་སྐབས་དགུ་པའི་རྒྱུན་ལས་ཡིག་ཚང་ནས།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།