བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱིས་བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པར་ཅན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་མི་འགྱུར་བའི་སྦས་པའི་གངས་རི་ཆེ་བདུན་གྱི་ཡ་གྱལ། ཡོངས་གྲགས་སུ་གནས་མཆོག་སྤུ་རྒྱལ་གངས་དཀར་རམ་མཚན་གཞན་དུ་ལྷ་རི་ཁྱུང་རྫོང་དཀར་པོ་ཞེས་སུ་གྲགས་པའི་གནས་རི་འདི་ཉིད་ལ། འཛམ་གླིང་གི་གནས་མཆོག་གཞན་རྣམས་དང་འདྲ་བར། གནས་ཀྱི་དུས་ཆེན་ཞིག་ངོས་འཛིན་བྱ་རྒྱུར་ཤིན་ཏུ་ཆེ་བ་ཡིན། དེར་བརྟེན་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་བླ་སྤྲུལ་དང་མི་སྣ་དུ་མས། ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ༧དཔལ་ཅོང་རི་བ་གཡུང་དྲུང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་གནས་ཀྱི་དུས་ཆེན་གཏན་འབེབ་མཛད་རྒྱུའི་སྐྱབས་འཇུག་ཞུས་དོན་ལྟར། རིན་པོ་ཆེ་མཆོག་གིས་དུས་ཆེན་དེ་ཉིད་གནམ་ལོ་འབྲུག་གི་ལོ་ཡིན་པ་ལུང་རིགས་གཉིས་ལྡན་གྱིས་བསྒྲུབས་ཡོད། འོན་ཏེ་རིན་པོ་མཆོག་སྐུ་འཚོ་བཞུགས་སྐབས་སུ་ཡོངས་བསྒྲགས་བྱུང་མེད། དེར་བརྟེན་ད་ལོར་གནམ་ལོ་འབྲུག་གི་ལོ་ཁེལ་བ་དང་དུས་མཚུངས་སུ་གདན་ས་ཅོང་རི་བྱ་དུར་གཡུང་དྲུང་གླིང་དང་། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་འགན་འཛིན་ལྷན་ཚོགས་ཀྱི་ཐུན་མོང་གོ་སྒྲིག་འོག་གནས་ཀྱི་དུས་ཆེན་དེ་ཉིད་དངོས་སུ་འཚོགས་རྒྱུའི་གྲོས་མོལ་བྱུང་དོན་ལྟར་དུས་ཆེན་དེ་ཉིད། སྤུ་རྒྱལ་ཤར་ལུང་སྤུ་གཞུང་ལུང་པ་རུ་རྒྱས་འཚོགས་མཛད།
དེ་ཡང་། སྤྱི་ལོ༢༠༢༤ལོའི་ཟླ༧ཚེས༢༡ཉིན་གནས་ཆེན་སྤུ་རྒྱལ་གངས་རིའི་གནས་ཀྱི་དུས་ཆེན་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་འཐུས་མི་རྣམས་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་གོ་སྒྲིག་ཚོ་ཆུང་དང་། དེ་བཞིན་འབྲེལ་ཡོད་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་གདན་ས་ཅོང་རི་བྱ་དུར་གཡུང་དྲུང་གླིང་དུ་ཕེབས་བསུ་ཞུས་ཏེ། གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་གྱི་མཛད་རིམ་དང་འབྲེལ་བའི་སྐོར་ལ་ཐུགས་གྲོས་གནང་། ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་ཏུ། གདན་ས་ཅོང་རི་བྱ་དུར་གཡུང་དྲུང་གླིང་དང་། སྤུ་རྒྱལ་ལྷ་སྡེ་ཐུན་མོང་ནས་རྟེན་འབྲེལ་གྱི་ཁ་བཏགས་དཀར་པོས་སྣ་དྲངས་ཏེ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་སྤུ་རྒྱལ་གངས་མདུན་དུ་ཕེབས་བསུ་ཞུས། དེ་བཞིན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་སྤུ་རྒྱལ་ཁྱིམ་ཚང་ཆེན་མོའི་སྦྲ་ཆེན་དུ་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་མཛད།
དེ་བཞིན་དགོན་སྡེ་ཁག་གི་དབུ་བླ་རྣམས་གཙོས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་ཚོགས་འཁོར་རྒྱས་འབུལ་མཛད་པ་དང་། སྤུ་རྒྱལ་བོན་གཤེན་གླིང་གིས་བོན་སྐྱོང་སྲུང་མ་དང་དཀར་སྐྱོང་ཡུལ་ལྷའི་ཚོགས་ཀྱི་གསོལ་ཁ་རྒྱས་པར་གསུངས། ཆུ་ཚོད་བཅུ་པའི་ཐོག་སྤུ་རྒྱལ་གངས་མདུན་དུ་ཡོད་པའི་སྣང་སྲིད་ཞི་བདེའི་གསས་མཁར་ཆེན་མོའི་མདུན་དུ། བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། སྤུ་རྒྱལ་ལྷ་སྡེའི་ཡུལ་མི་རྣམ་པས་བསང་སྐོར་ལ་ཕེབས་ཏེ། ཀཱི་ཀཱི་བསྭོ་བསྭོའི་འབོད་སྒྲ་དང་། ལྷ་རྒྱལ་ལོའི་སྒྲ་ཆེན། ཕྱྭ་ཁུག་གཡང་ཤོག་གི་འབོད་པ་དང་བཅས་ཏེ། བསང་གསོལ་དང་རི་བསྟོད་ལྷ་རྒྱལ་བཅས་གསུངས་ཏེ། བསང་དུད་དང་ཀི་བསྭོའི་ཁ་གཡང་གིས་ནམ་མཁའ་གང་བར་མཛད།
དེ་ནས་ཉིན་གུང་གི་གསོལ་སྟོན་རྗེས་སུ་རྗེ་བླ་མ་དཔལ་ཅོང་རི་བ་ཆེན་པོས་མཛད་པའི་གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་གྱི་དཔེ་དེབ་དབུ་འབྱེད་དང་། གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་དང་འབྲེལ་བའི་བགྲོ་གླེང་དབུ་འཛུགས་གནང་། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་དང་། གདན་ས་ཅོང་རི་བྱ་དུར་གཡུང་དྲུང་གླིང་གི་བསྟན་བདག་བླ་མ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ཀྱིས་གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་ངོ་སྤྲོད་ཀྱི་དཔེ་དེབ་དབུ་འབྱེད་གནང་། དེ་ནས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཚོགས་གཙོ་དགེ་བཤེས་ཚུལ་ཁྲིམས་གཡུང་དྲུང་མཆོག་གིས་གཙོ་སྐྱོང་གནང་བ་དང་། གནས་ཆེན་སྤུ་རྒྱལ་གངས་རིའི་གནས་ཀྱི་དུས་ཆེན་མཛད་སྒོའི་སྤྱི་ཁྱབ་འགན་འཛིན་པ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་གྱིས་འགོ་འཛུགས་གསུངས་བཤད་གནང་། ཁོང་གི་གསུང་བཤད་ཀྱི་ནང་དོན་ནི། གནས་ཆེན་སྤུ་རྒྱལ་གངས་རིའི་ལོ་རྒྱུས་དང་འབྲེལ་ཏེ། སྤུ་རྒྱལ་གངས་རིའི་གནས་ཀྱི་དུས་ཆེན་གྱི་བྱུང་རིམ་དང་ངོ་སྤྲོད། དགོས་པ་བཅས་བརྗོད་གཞིའི་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས། དཔལ་ཅོང་རི་བ་གཡུང་དྲུང་བསྟན་པའི་རྒྱལ་མཚན་རིན་པོ་ཆེས་མཛད་པའི་སྤུ་རྒྱལ་གངས་རིའི་གནས་ཀྱི་དུས་ཆེན་དང་འབྲེལ་བའི་གསུང་རྩོམ་གྱི་ནང་དོན་གཙོ་གནད་ཁག་རྣམས་ངོ་སྤྲོད་མཛད། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་དབྲ་ཁྱུང་སྐལ་བཟང་ནོར་བུ་རིན་པོ་ཆེས་དེ་འབྲེལ་གྱི་བཀའ་སློབ་གནང་། དེ་ནས་རིམ་པ་བཞིན་ཐེངས་འདིའི་སྐུ་མགྲོན་སྨོན་རྒྱལ་མཁྱེན་རབ་ནམ་མཁའ་དང་། དཔོན་སློབ་ཡོན་ཏན་ཕུན་ཚོགས། མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། མཁན་པོ་བསྟན་འཛིན་ཡེ་ཤེས། མཁན་པོ་བསྟན་འཛིན་རྣམ་རྒྱལ་སོགས་ཀྱིས་དེ་འབྲེལ་གྱི་བཀའ་སློབ་རྒྱས་པར་གནང་རྗེས་ཉིན་དེ་གའི་མཛད་རིམ་ཡོངས་སུ་མཇུག་གྲུབ།
ཚེས་ཉེར་གསུམ་ཉིན་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ཀྱི་བླ་སྤྲུལ་མཁན་སློབ་རྣམས་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གི་འཐུས་མི་རྣམ་པ་དང་བཅས་གནས་ཆེན་སྤུ་རྒྱལ་གངས་དཀར་ལ་མཇལ་སྐོར་ཕེབས། ཐོག་མར་སྟེང་ཆེན་རྫོང་ག་ངས་ཤང་ཁོངས་ཀྱི་སྤུ་རྒྱལ་ཤར་ལུང་སྤུ་གཞུང་ལུང་པ་ནས་འགོ་བཟུང་སྟེ་གནས་སྐོར་ཕེབས་པ་དང་། ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱིས་ཕེབས་བསུ་སྣེ་ལེན་དང་བཅས་ག་ཤེལ་དགོན་དུ་ཕེབས། དེ་ནས་རིམ་བཞིན་ག་ཡི་གཡུ་མཚོ་སྔོན་མོར་མཚོ་སྐོར་དང་མཚོ་ཁྲུས་མཛད་པ་དང། སྤུ་རྒྱལ་བྱང་ཕྱོགས་རྐྱང་གཞུང་དུ་ཕེབས་ཏེ་ས་གནས་དེ་གའི་ཡུལ་མི་དག་གིས་སྣེ་ལེན་དང་བཅས་ཏེ། རྐྱང་སྟོད་གླང་ལུང་མཚོ་ཁར་རི་བསྟོད་བསང་གསོལ་དང་། སྤུ་རྒྱལ་ཚོགས་འཁོར་ཆེན་མོ་རྒྱས་འབུལ་ཞུས། དེ་ནས་སྦྲ་ཆེན་རྫོང་ཡ་ང་ཤང་ཡོལ་གཞུང་ལྷ་སྡེས་ཕེབས་བསུ་སྣེ་ལེན་དང་བཅས་ཏེ་དགོང་མོར་གནས་དེར་བདེ་བར་འཁོད། ཕྱི་ཉིན་ཉི་ཤར་གྱི་རྩེ་མོར་ཡོལ་བདེ་ཆེན་གསང་མཚོའི་འགྲམ་དུ་རི་བསྟོད་བསང་གསོལ་དང་སྤུ་རྒྱལ་ཚོགས་འཁོར་ཆེན་མོ་རྒྱས་འབུལ་ཞུས།
ཉིན་གུང་མཚམས་སུ་སྤ་ཟླ་ཞུ་ཚང་དགོན་གྱི་སྡེ་དགོན་གཉིས་ཀྱིས་ཕེབས་བསུ་སྣེ་ལེན་དང་བཅས་ཏེ། ཞུ་ཚང་དགོན་སྤུ་རྒྱལ་རིག་སློབ་ཁང་གི་ཚོགས་ཁང་དུ་སྤུ་རྒྱལ་ཚོགས་འཁོར་ཆེན་མོ་རྒྱས་འབུལ་ཞུས་པ་དང་།
ཟླ་སྟོད་བྲག་སྔོན་ཐང་བརྡ་ལུང་ཕྱུག་མོའི་གླིང་ཁ་རུ་གསོལ་སྟོན་རྒྱས་བཤམ་གནང་། ས་གནས་དེར་དབྲ་ཁྱུང་སྐལ་བཟང་ནོར་བུ་དང་། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་སོགས་ཀྱིས་འབྲེལ་ཡོད་གསུངས་བཤད་གྱ་ནོམ་བསྩལ་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གྱི་མཐར་བརྒྱན་ཏེ་ཐེངས་འདིའི་མཛད་རིམ་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནད་བསྡུས་སུ།
མཛད་སྒོའི་གོ་སྒྲིག་ལྷན་ཚོགས་ནས་སྤེལ།