སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།
[ཟླ་ཚེས། 2024-07-18 23:23:22][རྩོམ་པ་པོ། ལྷ་མོ་བཀྲ་ཤིས།][རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་བོད་སྐད་རླུང་འཕྲིན།][ཀློག་གྲངས། ]
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།
(སྤྱི་ལོ་2024ལོའི་ཟླ་7པའི་ཚེས་18ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2024ལོའི་ཟླ་7ཚེས་15ཉིན་ནས་ཚེས་18ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་199དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་165ཡོད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་པ་དང་རིག་གནས་པ་འགའ་རེ་ཡང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་བྱས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་དེར་གྲོས་ཞིབ་བྱས་པ་དང་།《ཀྲུང་གུང་ཀྲུང་དབྱང་གི་སྔར་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གིས《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མས་ངོས་འཛིན་བྱས་དོན། ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་མདུན་དུ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཐོག གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ཐོག་སྐུལ་འདེད་དང་།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཧྲིལ་པོ་གཉིས་ལ་གཅིག་གྱུར་འཆར་འགོད། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་དང་ཇུས་འགོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། དམངས་འཚོ་འགན་སྲུང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཤང་ཀང་དང་ཨའོ་མོན་གྱི་ལས་དོན་དང་ཐའེ་ཝན་གྱི་ལས་དོན་ལ་སྐུལ་འདེད་མུ་མཐུད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས། དཔལ་འབྱོར་བསྐྱར་འཕར་ནས་ལེགས་ཕྱོགས་སུ་འཕེལ་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག དུས་རབས་གསར་པའི་ཚུན་དུ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལེགས་གྲུབ་ལྡན་པའི་ལག་ལེན་དང་རླབས་ཆེའི་གྲུབ་འབྲས་ལ་གདེང་འཇོག་མཐོ་པོ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་ཤིང་། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་ཤིག་རེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་བསྒྱུར་བཅོས་སྒོ་དབྱེའི་ཁྲོད་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་ཞིག་ཡིན་ལ། བསྒྱུར་བཅོས་སྒོ་དབྱེའི་ཁྲོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ངེས་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་ཀྱི་མདུན་དུ་ངེས་པར་དུ་རང་རྟོགས་ངང་བསྒྱུར་བཅོས་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ཏེ་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མཉམ་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་སྔར་ལས་ལྷག་པ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཤུགས་ཆེར་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱིས་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་ཐོག་མའི་ཀུན་སློང་དང་མཐར་ཐུག་གི་དམིགས་འབེན་དུ་བྱེད་པ། མ་ལག་གཅིག་སྡུད་ལ་སྔར་བས་མཐོང་ཆེན་དང་། གཙོ་གནད་འབུར་དུ་ཐོན་རྒྱུར་སྔར་བས་མཐོང་ཆེན། བསྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་སྔར་བས་མཐོང་ཆེན་བཅས་བྱས་ཏེ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། མཐོ་རིམ་ཇུས་འགོད་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་གོང་འཕེལ་བཅས་ཕན་ཚུན་སྔར་ལས་འཚམ་པ་ཡོང་བར་སྐུལ་འདེད་བཏང་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྟོབས་ཆེའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།2035ལོར་སླེབས་དུས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཁྱོན་ཡོངས་ནས་བཙུགས་ཚར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བཅས་ཡོང་བ་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་རྒྱུར་གཅིག་སྡུད་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གོང་འཕེལ་ལ་གཅིག་སྡུད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་རྒྱུར་གཅིག་སྡུད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་གཅིག་སྡུད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གཅིག་སྡུད། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་གཅིག་སྡུད། ཏང་གི་འགོ་ཁྲིད་ཆུ་ཚད་དང་ཡུན་རིང་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་གཅིག་སྡུད་བཅས་བྱས་ཏེ། བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས།2029ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་80འཁོར་བའི་སྐབས་སུ་གཏན་འབེབས་འདིའི་ནང་བཏོན་པའི་བསྒྱུར་བཅོས་ལས་འགན་ལེགས་འགྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བཀོལ་སྤྱོད་བྱེད་དགོས་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས། ལམ་ལུགས་འཛུགས་སྐྱོང་གིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། མ་ལག་གི་ལྟ་ཚུལ་རྒྱུན་འཁྱོངས་སོགས་ཀྱི་རྩ་དོན་ལག་བསྟར་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པ་དང་། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྱོན་ཡོངས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཛུགས་པ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཀྱི་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་ཁམས་ཤེས་དཔལ་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཏང་གིས་སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགོ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱེད་པ་དང་། དེ་བས་གཞུང་དྲང་དང་དེ་བས་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་གཏོད་པ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་མཐོ་ཤོས་དང་ཕན་འབྲས་ཆེ་ཤོས་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། “གློད་ནས་གསོན་ཤུགས་རྒྱས་པ”བྱེད་དགོས་ལ“དོ་དམ་ཡག་པོ་ཐུབ་པ”ཡང་བྱེད་དགོས་ཤིང་། ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་དེ་བས་ཡག་པ་དང་ཁྲོམ་རའི་ནུས་པ་ཐོན་མ་ཐུབ་པ་གསབ་པ། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ཤར་གཏོང་ཐུབ་པར་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྐུལ་སློང་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་མ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་དང་། གཞུང་དྲང་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་འདྲ་མཚུངས་ཐོབ་པ་བཅས་ལ་འགན་ལེན་བྱེད་པ། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་བཟང་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྤུས་མཐོའི་གོང་འཕེལ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན་པས། ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པས་བསྒྱུར་བཅོས་ལ་ཁྲིད་སྟོན་དང་། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་ཐོག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་གཅུན་སྡོམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་གཟུགས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་ཆེ་རུ་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་སྒྲིག་གཞི་ལམ་སྲོལ་ལ་གཞི་གཅིག་ཏུ་བསྒྱུར་བཅོས་བྱ་རྒྱུར་གཅིག་གྱུར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཕྱོད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་གསོའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམས་སྒྲིག་དང་ཕན་ནུས་ལྡན་པའི་སྲིད་གཞུང་གི་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་དགེ་མཚན་འདོན་སྤེལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་སྤྱི་ཁོག་སྙོམས་སྒྲིག་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་ཁྱབ་ཁོངས་གཙོ་བོའི་བསྒྱུར་བཅོས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་གྱུར་འཆར་འགོད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དངུལ་རྩའི་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཞིག་ཡིན་པས། ངེས་པར་དུ་བཟོ་ལས་ཅན་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་མཉམ་འདྲེས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྐྱེན་གཙོ་འདྲ་མཉམ་ཐོག་བརྗེ་རེས་དང་ཕྱོགས་གཉིས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་དར་རྒྱས་དང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་སྟོབས་དང་ཞིང་ཕན་ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ས་ཆའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྒོ་དབྱེ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན་པས། ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་དབྱེ་བའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་དགེ་མཚན་ལ་བརྟེན་ནས། རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་པའི་ཁྲོད་སྒོ་དབྱེའི་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་དབྱེ་ཅན་གྱི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་དགོས། ལམ་ལུགས་ཅན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པ་དང་ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་དོ་དམ་སྒྲིག་གཞིའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་སྒོ་དབྱེའི་བཀོད་སྒྲིག་ལེགས་སུ་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་བགྲོད་ལམ་ཐོག་བསྐྱོད་དགོས་པ་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། ཆབ་སྲིད་ལམ་ལུགས་གལ་ཆེན་བཅས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་ཁག་གི་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བྱེ་བྲག་དང་དོན་དངོས་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་མངོན་པར་བྱེད་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་གནས་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཁྲིམས་སྐྱོང་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ལྷུ་ཚིགས་ཁག་གི་བསྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ཚང་མ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་འཛིན་དྲང་གཞག་གི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་ཡིན་པས། ངེས་པར་དུ་རིག་གནས་ཀྱི་བློ་སྤོབས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། ཆ་འཕྲིན་ལག་རྩལ་མགྱོགས་མྱུར་གོང་འཕེལ་འགྲོ་བའི་དུས་བབ་གསར་པ་དང་མགྱོགས་མྱུར་འཚམ་པར་བྱེད་པ། གཞི་ཁྱོན་ཆེ་བའི་ཕུལ་བྱུང་རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བཅས་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལམ་སྲོལ་ལེགས་སུ་གཏོང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕན་ནུས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་པ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག གོང་འཕེལ་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་རང་ནུས་ལ་དཔག་ནས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག མི་དམངས་ཀྱི་ཆེས་དོ་ཁུར་བྱེད་པ་དང་། ཆེས་ཐད་ཀར། ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་ཆད་མེད་པར་སྐོང་དགོས། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་འབོར་གོང་འཕེལ་ལ་རྒྱབ་སྐྱོར་དང་ཞབས་ཞུ་སྒྲུབ་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པས། ངེས་པར་དུ་འབྱུང་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་དགོས། འབྱུང་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྦགས་མེད་ཐཱན་ཉུང་གོང་འཕེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྟན་ཐོག་རྒྱང་བགྲོད་ཐུབ་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཉིས་མཉམ་འགུལ་བཟང་པོ་ཐུབ་པ་བཅས་བྱས་ཏེ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་སྲུང་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་བཙུགས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་སྐབས་ཀྱི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བར་འགན་སྲུང་ནུས་ལྡན་བྱེད་དགོས། མི་དམངས་དམག་དཔུང་གི་འགོ་ཁྲིད་ཀྱི་དོ་དམ་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་འབྲེལ་དམག་འཐབ་མ་ལག་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དམག་རིགས་དང་ས་ཁོངས་བརྒལ་བའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་འགོ་ཁྲིད་ནི་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན་པས།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཤུགས་ཆེར་གཏོང་བ།“བློ་སྤོབས་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱེད་པ། བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ནན་པའི་ཚད་གཞི་སྤྱད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་སྟེ། ཏང་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་བར་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གིས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ཐོག་ནས་བསྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཞི་བའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་ཞིག་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་བསྟར་བྱེད་པ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ། ཕྱི་དོན་ལས་དོན་གྱི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནང་ཞུགས་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་ཡག་པོ་བསྟར་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྗོད་བྱ་གཙོ་བོ་དང་རྩ་དོན་གལ་ཆེན། བྱ་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་དགོས། ཏང་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས། ཏང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྤྱི་ཁོག་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་ཧུར་ཐག་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱེད་པ། སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དོན་འཁྱོལ་གནས་ཚུལ་ལ་ཕྱོགས་བསྡོམས་དང་དཔྱད་དཔོག་བྱེད་པ་དང་།“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི”སྔོན་འགྲོའི་ཇུས་འགོད་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ས་ཁང་ཐོན་ལས་དང་། ས་གནས་སྲིད་གཞུང་གི་བུ་ལོན། དངུལ་རྩའི་ལས་ཁུངས་འབྲིང་ཆུང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། རང་བྱུང་གནོད་འཚེ་དང་ལྷག་པར་དུ་ཆུ་ལོག་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་དྲ་རྒྱ་དམ་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱེད་དགོས། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་ནས། རང་འགུལ་ངང་ཕན་ཡོད་ཀྱི་ཕྱི་ཕྱོགས་ཁོར་ཡུག་བསྐྲུན་དགོས་ཞེས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པ་དང་ཟུང་སྦྲེལ་བྱས་ནས། ཏང་གི་གསར་གཏོད་རིགས་གཞུང་གིས་དྲག་ཆས་སྤྲོས་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་དང་དེང་རབས་ཅན་གྱི་འཛུགས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱོད་ཚུལ་ལེགས་བཅོས་ཏན་ཏིག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་ཁྱད་བསད་བྱེད་པ། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ངང་ཡང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐོར་ཞིབ་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། ཏང་གི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཏིང་ཞང་ཆུན་དང་། ཡུས་ལི་ཅུན། ཡུས་ཅི་ཧུང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་འདེམས་བྱ་རྒྱུའི་ཐག་བཅད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཆིན་ཀང་གི་དགོངས་ཞུའི་རེ་ཞུ་དང་ལེན་བྱས་པ་དང་། བློ་མཐུན་ཆིན་ཀང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་གནས་མེད་པ་བཟོ་རྒྱུའི་ཐག་བཅད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ལི་ཧྲང་ཧྥུ་དང་། ལི་ཡུས་ཁྲའོ། སུན་ཅིན་མིང་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། དེའི་གོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལི་ཧྲང་ཧྥུ་དང་། ལི་ཡུས་ཁྲའོ། སུན་ཅིན་མིང་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ་དེ་གཏན་འཁེལ་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག་བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་བྱས་ཡོད།