ཤར་དུང་རིའི་རི་ཆུ་རིག་གནས་དང་ཤར་བྲིས་ཡིག་གཟུགས་འགྲེམ་སྤེལ་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2024-06-20 23:51:33][རྩོམ་པ་པོ། ཤར་དུང་རིའི་རི་ཆུ་རིག་གནས་རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   སྤྱི་ལོ༢༠༢༤ལོའི་སྤྱི་ཟླ༦པའི་ཚེས༡༨ཉིན། ངེད་ཤར་དུང་རིའི་རི་ཆུ་རིག་གནས་གཙོ་སྒྲིག་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག། བྱང་བྱ་དུར་དགའ་མལ་དགོན་ཆེན་ཀུན་ཁྱབ་བདེ་ཆེན་གླིང་དུ། ཤར་དུང་རིའི་རི་ཆུ་རིག་གནས་དང་ཤར་བྲིས་ཡིག་གཟུགས་འགྲེམ་སྤེལ་མཛད་སྒོ་གཉིས་སྟབས་གཅིག་ཏུ་འཚོགས།
ཐོག་མར་ཉིན་དེའི་ཞོགས་ཀའི་དུས་ཚོད་༠༩:༣༠སྟེང་ཁྲི་བ་སྦྱིན་བདག་རྣམ་པ་ལ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་གི་རྒྱལ་པོས་མགུལ་དར་སྒྲོན་ཏེ་དགོན་ཆེན་འཁྱམས་ར་ནས་ཐོག་ཁང་གསུམ་པའི་སྟེང་དུ་བསུ་བར་བྱས་པ་དང་།
མཁན་ཆེན་ཤེས་རབ་གཡུང་དྲུང་དབང་གི་རྒྱལ་པོ་རིན་པོ་ཆེ་དང་། སློབ་དཔོན་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་གཙོས་པའི་འབྲེལ་ཡོད་བླ་མ་སྤྲུལ་སྐུ་རྣམ་པ་གདན་ཞུས་བྱས་ནས་ཚོགས་མགོན་དུ་བཞུགས།
 
གཅིག  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་རྒན་པ་རིན་སྤུངས་ཚུལ་བསྟན་མཆོག་གིས། སྐབས་འདིའི་མཛད་སྒོ་མདོ་འཛིན་པ་གནང་སྟེ་འགྲོ་རིམ་ངོ་སྤྲད་བྱས། 
གཉིས།  མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་གིས་མཛད་སྒོ་ལ་ཤིག་ཚིག་བསྩལ་བ་དང་འབྲེལ། ཤར་དུང་རིའི་དཀར་ཆག་དང་ཤར་བྲིས་ཀྱི་གནས་ཚུལ་སྐོར་ནས་གསུང་བཤད་གལ་ཆེན་གནང་། 
 
གསུམ།  སློབ་དཔོན་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་གིས་ཤིས་ཚིག་དང་འབྲེལ་ནས་དཀར་ཆག་འདི་ནི་སྔ་ཡོད་སྟེང་དུ་སྤུས་ཚད་ལྡན་པའི་འཕེལ་རྒྱས་ཡིན་པའི་གསུང་བཤད་ཟབ་གནད་བསྩལ།
 
བཞི།  སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། དཀར་ཆག་འདི་ལྟ་བུ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཡིན་པ་དང་འདི་ལྟར་མཛད་པ་སྐྱོང་བ་ལ་ཡི་རང་ཞུ་བའི་གནས་ཡིན་པའི་སྐོར་ནས་གསུང་བཤད་རྒྱ་ཆེར་གནང་། 
 
ལྔ།  ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་སྤྱན་དབྱེའི་ཚིག་བཤད་གསུངས་ཏེ་ཤར་དུང་རིའི་རི་ཆུ་རིག་གནས་ཀྱི་དཀར་ཆག་དང་ཤར་བྲིས་ཡིག་གཟུགས་གཉིས་ཀྱི་དབུ་འབྱེད་དངོས་སུ་གནང་།  དེ་ཡང་ཇི་སྐད་དུ།  སྔོན་གཤེན་ཐང་མ་མེ་སྒྲོན་གྱིས་ཕྱག་ཏུ་ཞུགས་མ་གནང་ནས། ཞེས་པའི་སྐབས་སུ། མཁན་སློབ་རྣམ་པས་ཕྱག་ཏུ་མར་མེ་གནང་སྟེ་མིག་གི་དབང་པོ་གསལ་བར་བྱས་པའི་མཛད་པ་བསྟན།  སྔོན་སྟོན་པ་ཕྱྭ་ཡེ་ལེགས་ཁྱབ་པས་ཕྱག་ཏུ་གཙག་བུ་གནང་ནས་ཞེས་པའི་སྐབས་སུ། མཁན་སློབ་རྣམ་པས་གཙག་བུ་ཕྱག་ཏུ་གནང་ནས་སྙན་གྱི་དབང་པོ་གསལ་བར་བྱས་པའི་ཚུལ་མཛད།  སྔོན་སྟོན་པ་ཁྲི་རྒྱལ་ཁུགས་ཀྱིས་ཕྱག་ཏུ་ལྕགས་ཀྱི་བྱང་བུ་ལ་ཡིག་རྨད་སུམ་ཅུ་བསྣམས་ནས་ཞེས་པའི་སྐབས་སུ་དཔེ་ཞལ་དངོས་སུ་ཕྱེས་ཏེ་ཚོགས་ཞུགས་རྣམས་ལ་ལྐུགས་པ་ཁ་འབྱེད་པའི་མཛད་ཚུལ་བསྐྱངས། སྔོན་སྲིད་པའི་རྒྱལ་མོ་གནམ་ཕྱི་གུང་རྒྱལ་གྱིས་ཕྱག་ཏུ་མེ་ལོང་བསྣམས་ནས་ཞེས་པའི་སྐབས་སུ།  མེ་ལོང་གིས་རང་བཞིན་གཉིས་སུ་མེད་པའི་དོན་བསྟན་པའི་བརྡ་རུ་མཛད་དེ་དབུ་འབྱེད་ལེགས་པ་མཛད། 
 
དྲུག  མདོ་སྔགས་བཤད་སྒྲུབ་གླིང་གི་སློབ་དཔོན་ཤེས་རབ་ལྷུན་གྲུབ་བམ་ནོར་བུ་རིན་པོ་ཆེ་མཆོག་ནས། དཀར་ཆག་གི་ལས་གཞི་སྐོར་དང་ཨ་དཀར་གསང་བའི་སྒྲུབ་གཞུང་གི་ཐང་གའི་ཞལ་སྐོར་ཐད་ལ་སྒྲུབ་གཞུང་དང་མཐུན་པར་ཚོགས་ཞུགས་མི་སྣ་ཡོངས་ལ་ཁ་གསལ་གོ་བདེ་བའི་ངོ་སྤྲོད་ཟབ་རྒྱས་གནང་། 
 
བདུན།  དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་གིས་སྤྱིར་ན་བོད་ཡིག་གསར་གཏོད་ཀྱི་རང་བཞིན་ནི་དཀའ་ཁག་ཆེ་བའི་རང་བཞིན་དང་། སྒོས་སུ་ཡི་གེའི་འཕེལ་རྒྱས་ཀྱི་རྣམ་པ་ནི་དེ་བས་ཀྱང་དུས་རབས་ཀྱི་འགག་འཕྲང་མང་པོ་ཞིག་འཕྲད་ནས་མཁས་པ་མང་པོ་ཞིག་གིས་འཕེལ་རྒྱས་བཏང་བ་སྟེ་ད་ལྟ་བར་དུ་བརྒྱུད་ཡོང་བ་ཡིན་པས་ངེད་ཚོ་བོད་ཀྱི་སྐད་ཡིག་ལ་ཅིས་ཀྱང་གཅེས་སྤྲད་བྱེད་དགོས་པའི་བསྐུལ་མ་དང་། ལྷག་ཏུ་སྐབས་སུ་བབས་པའི་ཤར་བྲིས་ཀྱི་ལས་གཞི་ཇི་ལྟར་མགོ་བརྩམས་པ་ནས་མ་དཔེ་འཚོལ་བསྡུ། ཡིག་གཟུགས་བདམས་གསེས། གློག་ཀླད་དུ་བཅུག་པའི་རྒྱུད་རིམ་ཆ་ཚང་ངོ་སྤྲོད་རྒྱས་པར་གནང་།
 
བརྒྱད། ཤར་དུང་རིའི་རི་ཆུ་རིག་གནས་གཙོ་སྒྲིག་ལྷན་ཚོགས་ཀྱི་མི་སྣ་རྣམས་ལ་བཀའ་དྲིན་ལེགས་གསོལ་གྱི་སྐྱེས་ཕུལ།
 
དགུ།  ཁྲི་བ་སྦྱིན་བདག་རྣམས་ལ་དྲན་རྟེན་ཐང་ག་རེ་དང་འབྱོར་འབྲེལ་ཁྱིམ་ཚང་ཡོངས་ལ་ཤར་དུང་རིའི་དཀར་ཆག་གི་དཔེ་དེབ་རེ་བཀའ་དྲིན་མཚོན་པའི་ལེགས་སྐྱེས་སུ་བསྩལ།
 
བཅུ། མདོ་འཛིན་པ་དྲུང་ཡིག་ཆེན་མོའི་རྒན་པ་རིན་སྤུངས་ཚུལ་བསྟན་མཆོག་གིས་མདོ་འཛིན་མཇུག་བསྡུའི་གསུང་བཤད་གནང་སྟེ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་གསོལ་ཚིགས་བཞེས་ཚར་བ་དང་མཛད་སྒོ་མཇུག་ཡོངས་སུ་ལེགས་པར་གྲུབ།
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།