སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་ཙོང་ཁ་དགོན་དུ་ཕེབས་པ།

[ཟླ་ཚེས། 2024-06-20 15:21:04][རྩོམ་པ་པོ། རྣམ་དཀར་ལྷ་མོ་དང་ཚུལ་ཁྲིམས་བཟང་པོ།][རྩོམ་ཁུངས། གངས་ལྗོངས་ཉི་གཞོན།][ཀློག་གྲངས། ]

图片

གནའ་བོའི་དགོན་རྙིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་དཔང་པོ་བྱས་ཡོད།

  སྤྱི་ཚེས་18ཉིན་གྱི་ཕྱི་དྲོར། མཚོ་སྔོན་དུ་གཟིགས་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་དུ་གནས་པའི་ཙོང་ཁ་དགོན་དུ་ཕེབས་ནས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཙོང་ཁ་དགོན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་ཞིག་ཡིན་པ་དང་། ད་བར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་དགོན་པ་དེས་རྒྱ་བོད་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་བརྒྱུད་རིམ་བདེན་དཔང་བྱས་ཡོད།

  ཙོང་ཁ་དགོན་གྱི་ལོ་རྒྱུས་ནི་རྒྱ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཀུན་གྱིས་ཤེས་རྟོགས་ཡོད་པའི“ལག་གདང་སྦྲེལ”ཐེངས་དེར་འདེད་ཆོག་སྟེ། སྤྱི་ལོའི་དུས་རབས་བདུན་པར། འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་གཉིས་གཉེན་འབྲེལ་བཙུགས་ཤིང་། ལམ་བར་ནས་ཟི་ལིང་བརྒྱུད་སྐབས། མཆོད་སྟེགས་ཤིག་བསྐྲུན་ནས་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་འདྲ་སྐུའི་མཆོད་འབུལ་གྱི་བཞུགས་ཁྲི་བྱས། སྤྱི་ལོའི་དུས་རབས་བཅུ་པར། བླ་ཆེན་དགོངས་པ་རབ་གསལ་གྱིས་འུན་ཤིང་ཀོང་ཇོའི་མཆོད་སྟེགས་དེའི་རྗེས་ཤུལ་དུ་ཙོང་ཁ་དགོན་བཏབ། ཆིང་རྒྱལ་རབས་ཆན་ལུང་གི་སྐབས་སུ། པཎ་ཆེན་སྐུ་ཕྲེང་དྲུག་པ་ཉིད་ཆན་ལུང་གོང་མའི་གདན་ཞུས་ལྟར་ཤར་དུ་ཕེབས་ཤིང་། མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དང་ཙོང་ཁ་དགོན་དུ་ཟླ་ངོ་ལྔའི་རིང་བཞུགས། དེ་ནས་བཟུང་། ཙོང་ཁ་དགོན་ཉིད་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཚོ་སྔོན་གྱི་བཞུགས་ཤག་དང་ཆོས་ར་རུ་གྱུར།

  ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཙོང་ཁ་དགོན་ཉིད་རྒྱ་བོད་འགྲིམ་འགྲུལ་གྱི་འགག་མདོའི་གྲོང་རྡལ་གཙོ་བོར་ལྷིང་འཇགས་ངང་ཀྲོང་ངེར་འགྱིང་ནས། ཐང་བོད་གནའ་ལམ་གྱི་དར་རྒྱས་གོང་འཕེལ་གྱི་དཔང་པོ་བྱས་ཏེ། དར་གོས་ཚོང་ལམ་གྱི་ཤིང་རྟའི་འཁོར་སྒྲ་ཉོན་མྱོང་པ་དང་། ཇ་རྟའི་གནའ་ལམ་ཐོག་གི་ཇ་དྲི་ཞིམ་པོ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ལ། རྒྱ་དང་བོད། སོག་པོ་སོགས་མི་རིགས་བར་ལོ་ངོ་སྟོང་གི་སྤེལ་རེས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་མཐུན་སྒྲིལ་གྱི་རྟགས་ཐམ་དེ་བས་བཀོད་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་དགོན་པ་འདིས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བདེན་དཔང་བྱས་ཡོད།

  འཇར་འགོག་དམག་འཁྲུག་གི་སྐབས་སུ། པཎ་ཆེན་སྐུ་ཕྲེང་དགུ་པ་དང་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པས་འཇར་འགོག་ཐད་གནམ་གྲུ་སོ་དྲུག་དང་དངུལ་སྒོར་འབུམ་གསུམ་ཞལ་འདེབས་ཕུལ་བས། ཁོང་རྣམ་པའི་རྒྱལ་གཅེས་ཕྱག་ལས་ཀྱིས་མཚོ་སྔོན་དང་བོད་ལྗོངས་སུ་འཚོ་གནས་བྱེད་པའི་མི་རིགས་ཁག་གི་མི་དམངས་ལ་སེམས་འགུལ་ཟབ་མོ་དང་སྐུལ་མ་ཐེབས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གི་འཇར་འགོག་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣའི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

  ཀྲུང་གོ་གསར་པ་དབུ་བརྙེས་རྗེས། 1951ལོའི་ཟླ་5པར། བོད་ཞི་བས་བཅིངས་འགྲོལ་གཏང་རྒྱུའི་སྐོར་གྱི“གྲོས་མཐུན་དོན་ཚན་བཅུ་བདུན"ལ་མིང་རྟགས་བཀོད་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་། ལོ་དེའི་ཟླ་12པར། རྒན་རབས་གསར་བརྗེ་པ་རྣམས་ཀྱི་ཐུགས་ཁུར་འོག ། པཎ་ཆེན་སྐུ་ཕྲེང་བཅུ་པ་འཁོར་དང་བཅས་པ་ཟི་ལིང་ནས་བོད་དུ་ཕྱིར་ཕེབས་གནང་ཞིང་། ཙོང་ཁ་དགོན་ནི་ལམ་ཐིག་གལ་ཆེན་འདིའི་འགོ་ཚུགས་ས་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་བོད་དུ་ཕྱིར་ཕེབས་གནང་རྗེས། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་གནང་བ་དང་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད།

图片

  2015ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཇལ་འཕྲད་དང་ལེན་གནང་སྐབས། པཎ་ཆེན་མཆོག་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་ནས། མེས་རྒྱལ་དང་མི་དམངས་སེམས་ལ་བཅངས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གནང་དགོས་པའི་ཐུགས་རེ་གནང་།

  དུས་རབས་གསར་པར་སླེབས་རྗེས། ཙོང་ཁ་དགོན་གྱིས་ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་དུས་རབས་ཀྱི་དོན་སྤྱི་རྒྱུན་ཆད་མེད་པར་སྔོག་འདོན་དང་ཕུན་སུམ་ཚོགས་སུ་བཏང་ནས། མི་རིགས་ཁག་གི་དད་ལྡན་མང་ཚོགས་ལ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁས་ལེན་ལ་ཤུགས་སྣོན་བྱས་ཡོད། 2021ལོའི་ཟླ་12པར། ཙོང་ཁ་དགོན་ལ“མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི"ཞེས་པའི་མིང་བྱང་གནང་། མཚོ་བོད་མཐོ་སྒང་གི་ལོ་ངོ་སྟོང་གི་གནའ་བོའི་དགོན་པ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་བདེན་དཔང་བྱས་པ་དང་། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལེའུ་གསར་པར་བདེན་དཔང་བྱེད་བཞིན་ཡོད། །

  རྣམ་དཀར་ལྷ་མོ་དང་ཚུལ་ཁྲིམས་བཟང་པོས་བསྒྱུར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།