བོན་རིག་པའི་ལོ་དེབ«རིག་པའི་གསང་དབྱངས»ཀྱི་རྩོམ་བརྡ།

[ཟླ་ཚེས། 2024-06-03 07:50:10][རྩོམ་པ་པོ། «རིག་པའི་གསང་དབྱངས»རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ས་ཕྱོགས་ཡུལ་གྲུ་གང་སར་བཞུགས་པའི་རིགས་གཅིག་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ། ཇི་སྐད་དུ་མདོ་ལས། གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་།། གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།། དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན།། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས།། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་ཀྱིས་བཀུར།། ཞེས་གསུངས་པ་ལྟར་མདོ་ཁམས་བོན་གྱི་གདན་ས་ཆེན་མོ་ཤར་རྫའི་བཤད་སྒྲུབ་སློབ་གླིང་གི་གོང་བཞུགས་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་མཁན་པོ་རྣམ་པའི་ཐུགས་བཀོད་འོག། ཞང་བོད་རང་ས་རང་ཡུལ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་བཅུ་ཕྲག་རིག་པའི་གནས་སྤྱི་དང་། ལྷག་དོན་དུ་རྩོམ་པ་བོན་གྱི་འཁོར་ལོ་འདི་ཉིད་དར་ཞིང་རྒྱས་པའི་དགེ་མཚན་ལ་དམིགས་ནས་ལོ་རེའི་འཆར་ཅན་གྱི་བོན་རིག་པའི་སྣ་འཛོམས་ལོ་དེབ«རིག་པའི་གསང་དབྱངས»མི་འགྱང་བར་སྤེལ་རྒྱུ་ལགས་ན་ཕྱོགས་ཀྱི་རྩོམ་པ་པོ་དག་གིས་ངེད་རྩོམ་སྒྲིག་ཁང་ལ་ལེགས་རྩོམ་གྱི་དམུ་ཡད་གྱ་ནོམ་པ་ཞིག་བསྩལ་བར་ཐུགས་འཇགས་འཚལ།
རྩོམ་ཡིག་བསྐུར་དུས་མཉམ་འཇོག་བྱ་ཡུལ།
   གཅིག བརྗོད་བྱའི་ཐད་ནས་ངེས་པར་དུ་བོན་སྲིད་གཉིས་ཀྱི་དགོངས་པ་དང་མི་འགལ་བ་གཞིར་བྱས་སྟེང་། ཚིག་བཅད་ལྷུག་སྤེལ་མའི་རྩོམ་ལུས་དང་དཔྱད་རྩོམ་དང་སྙན་རྩོམ། ལྷུག་རྩོམ་སོགས་སྡེ་ཚན་ལ་ཚད་བཀག་མེད་ཅིང་འདིར་བསྐུར་བའི་རྩོམ་ཡིག་ཚང་མ་དེ་སྔོན་དུས་དེབ་དང་ཚགས་པར། དྲ་ཚིགས་རྣམས་སུ་བཀོད་མ་མྱོང་བའི་གསར་རྩོམ་ཤ་སྟག་ཡིན་དགོས།
   གཉིས། དཔྱད་རྩོམ་གྱི་རིགས་ཡིན་ཚེ་ངེས་པར་བོད་རིག་པའི་དུས་དེབ་ཆེ་ཁག་གི་སྒྲིག་གཞི་ལྟར་འགོ་རུ་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ། མཇུག་ཏུ་སྡོམ་ཚིག་དང་ལུང་ཁུངས་མཆན་འགྲེལ་བཅས་ཚང་དགོས་པ་མ་ཟད། ལུང་ཁུངས་ཀྱི་གོ་རིམ་འགོད་སྟངས་ནི། རྩོམ་པ་པོའི་མཚན་དང་། དཔྱད་ཡིག་གི་མཚན་བྱང་། དཔྱད་ཡིག་གི་མཚོན་རྟགས། དཔེ་སྐྲུན་ཁང་གི་མིང་དང་གནས་ཡུལ། དཔེ་སྐྲུན་དུས་ཚོད་དང་ཤོག་གྲངས་བཅས་རིམ་པ་བཞིན་དུ་གསལ་པོར་བྲི་དགོས་ཤིང་ཡིག་གྲངས་བརྒྱད་སྟོང་ལས་མ་བརྒལ་བ་ཞིག་ཡིན་དགོས།
   གསུམ། འདི་གར་བསྐུར་བའི་རྩོམ་ཡིག་རང་ཉིད་ཀྱི་བརྩམས་ཆོས་དངོས་ཡིན་དགོས་པ་ལས། བཤུ་འབྲི་བྱས་པ་སོགས་རྩོམ་གྱི་བདག་དབང་དང་འགལ་བའི་མཇུག་འབྲས་དང་ཆབ་སྲིད་དང་འགལ་བའི་ནང་དོན་ཐད་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།
   བཞི། རྩོམ་བསྡུ་དུས་ཡུན་ནི། 2024ལོའི་ཟླ6པའི་ཚེས1ཉིན་ནས་ཟླ9པའི་ཚེས30བར་ཡིན། འདིའི་གོང་དུ་རྩོམ་གྱི་དག་ཆ་ལ་རྩོམ་པ་པོ་རང་གིས་ཞུ་དག་གང་ལེགས་བྱས་ཏེ་རྩོམ་ཡིག་ཚང་མ་གློག་རྡུལ་རྣམ་པ་ཅན་གྱིས་ངེད་རྩོམ་སྒྲིག་ཁང་ལ་བསྐུར་དགོས། རྗེས་མར་ལོ་དེབ་བསྐུར་བདེ་བའི་ཆེད། རྩོམ་ཡིག་གི་མཇུག་ཏུ་རྩོམ་པ་པོའི་དངོས་མིང་དང་སྡོད་གནས། འབྲེལ་གཏུག་ཁ་པར་བཅས་བྲི་དགོས། འདི་གར་འབྱོར་བའི་རྩོམ་ཡིག་དག་ལས་བདམས་གསེས་བྱས་ནས་ཕུལ་བྱུང་རྩོམ་ཡིག་དག་ལོ་དེབ་སྟེང་འགོད་རྒྱུ་ཡིན་ཞིང་ལོ་དེབ་ཏུ་བཀོད་པའི་རྩོམ་ཡིག་གང་ཡིན་ཡང་རྩོམ་པ་པོ་སྒེར་གྱི་ལྟ་ཚུལ་མཚོན་པ་ལས«རིག་པའི་གསང་དབྱངས»དང་རྩོམ་སྒྲིག་པའི་ལྟ་བ་མི་མཚོན།
   ལྔ། རྩོམ་ཡིག་བསྐུར་ཡུལ་ནི། རྩོམ་སྒྲིག་པའི་སྐད་འཕྲིན་དང་ཡིག་ཟམ་གང་རུང་བརྒྱུད་ནས་བསྐུར་ཆོག།
སློབ་གཙོ་དགེ་བཤེས་བློ་གྲོས་རབ་གསལ།
ཁ་པར། 18783788859
དབྲ་དཀར་དགེ་བཤེས་གཞན་ཕན་ཤེས་རབ།
ཁ་པར། 15283716433
མཁན་པོ་གཤེན་བསྟན་དབང་རྒྱལ།
ཁ་པར། 15183608395
མཁན་པོ་གཞི་ཚང་ཟླ་བ་གྲགས་པ།
ཡིག་ཟམ། 2150235451@qq.com
མཁན་པོ་གཡུང་དྲུང་དར་རྒྱས།
ཁ་པར། 15289154934
མཁན་པོ་ཚུལ་ཁྲིམས་སྐལ་བཟང་།
ཡིག་ཟམ། czgs1376@qq.com
ཤར་རྫའི་བཤད་སྒྲུབ་སློབ་གླིང་གི་བོན་རིག་པའི་ལོ་དེབ«རིག་པའི་གསང་དབྱངས»རྩོམ་སྒྲིག་ཁང་གིས།
             2024ལོའི་ཟླ6ཚེས1ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།