སྣང་ཞིག་དངུལ་སྐུ་དགོན་གྱི་དཔོན་སློབ་ཁྲི་བཞེངས་མཛད་སྒོའི་དུས་ཆེན།

[ཟླ་ཚེས། 2024-02-17 11:47:31][རྩོམ་པ་པོ། བློན་ཚང་བསྟན་ཁོ།][རྩོམ་ཁུངས། བློན་ཚང་བསྟན་ཁོའི་རྩོམ་རིག་སྤྱི་སྟེགས།][ཀློག་གྲངས། ]

   སྣང་ཞིག་དངུལ་སྐུ་དགོན་གྱི་དཔོན་སློབ་ཁྲི་རབས་དང་པོ་ལྔ་རིག་སྨྲ་བའི་དབང་པོ་ཚུལ་ཁྲིམས་བདེ་ལེགས་ཀུན་འབྱུང་མཆོག་ནི། མདོ་སྨད་ས་ཡི་ཐིག་ལེ། ཤར་གྱི་དུང་རི་དཀར་པོའི་ཉེ་འདབ། བྱང་གི་བྱ་དུར་རྩེ་དགུའི་གཡས་ཟུར། གཉན་ཆེན་སྟག་པོ་དགྲ་འདུལ་གྱི་མདུན་ཞོལ། སྤྱི་ལོ༡༩༨༠ལོར་རྟ་ཟླའི་ཚེས་གཅིག་གི་ཉི་ཤར་འབྲུག་གི་དུས་ཚོད་ཐོག་ཏུ་ཡར་ཤོར་སྡེ་བ་རུ་གྲགས་པའི་ཡབ་བློ་གྲོས་དང་ཡུམ་མོ་གོ་ཞེས་འབོད་པའི་ཆུ་རྩ་སང་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་མི་རིགས་ཀྱི་སློབ་གྲྭ་འགྲིམས་ཏེ་སློབ་ཆུང་མཐར་ཕྱིན། དགུང་ལོ་བཅོ་ལྔའི་སྟེང་ནས་སྔོན་བསགས་བསོད་ནམས་ཀྱི་ལས་འཕྲོ་མཐུད་དེ། ཁྱིམ་ལས་ཁྱིམ་མེད་པ་རབ་ཏུ་བྱུང་བའི་ལམ་བུ་གདམ་སྟེ། རང་དགོན་གྱི་དགེ་རྒན་ཤེས་རབ་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་འདོན་གསུམ་དང་། འབུད་རྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ་སོགས་བསླབས། སྤྱི་ལོ་༡༩༩༩དགུང་ལོ་བཅུ་དྲུག་ནས་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ། ཞིག་ཆེན་བཅོ་བརྒྱད་ཀྱི་གཙོ་འཛིན་སྣང་ཞིག་དོ་འཕགས་ཆེན་པོའི་གདན་ས་རྔ་ཡུལ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཕེབས་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་སྤ་བུ་བློ་གྲོས་བསྟན་འཛིན་སོགས་ལ་དགེ་རྒན་བསྟེན་ནས་སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད་རྩིས་དཀར་ནག  སྒྲ་སོགས་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པ་བུམ་པ་གང་བྱོའི་ཚུལ་དུ་སྦྱོང་བ་མཐར་ཕྱིན་མཛད། 
   སྤྱི་ལོ་༢༠༠༠་ལོར་མཚན་བརྗོད་པར་དཀའ་བ་༧རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་མཆོག་གི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་ཁྲིམས་བཞེས་ནས་མཚན་ལ་བདེ་ལེགས་ཀུན་འབྱུང་དུ་གསོལ། སྤྱི་ལོ༢༠༠༢ལོ་ནས་རྔ་བ་སྣང་ཞིག་དགོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ལ་ཞུགས་ནས་དེ་གའི་བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་རྣམས་ཀྱི་མདུན་ནས་མཚན་ཉིད་རིག་པའི་གནས་འགོ་སྡུད་གྲྭ་ནས་མཇུག་སྔགས་རྫོགས་ལ་མ་ཐུག་བར་དུ་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཀུན་ལ་བག་ཆགས་ཟབ་མོ་བཞག་པ་མ་ཟད་བསླབ་པ་སྔོན་སོང་གི་རྩིས་དཀར་ནག་དང་། སུམ་རྟགས་དག་གསུམ་སྒྲ་བཅས་བསྐྱར་སྦྱོང་མཛད་ཅིང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་མདུན་ནས་ཁྲིད་ལུང་གང་མང་ཐོབ། ཁོང་གི་ཤེས་རབ་ཀྱི་རྣམ་དཔྱོད་དང་སྨྲ་བའི་ལྗགས་ལས་བཀྲམ་པའི་གསུང་རྩོམ་སྐོར་ནི། སྐར་རྩིས་རིན་ཆེན་འཕྲུལ་གྱི་ལྡེ་མིག་དང་། མཚམས་སྦྱོར་ལྔ་བའི་མཆན་འགྲེལ་ཤེལ་དཀར་མེ་ལོང་། འབྱུང་རྩིས་ཀྱི་སྔོན་འགྲོ་ལག་ལེན་གསལ་བའི་སྒྲོན་མེ་སོགས་ཁ་གསལ་གོ་བདེ་ལམ་ནས་བརྩམས་ཡོད། དེ་མིན་དུས་དེབ་དང་འཕྲིན་སྟེགས་སོགས་ཀྱི་སྟེང་ལ་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་མྱོང་ཡོད། དེ་ལྟར་ལོ་རེ་བཞིན་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་དང་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རྣམ་གཉིས་གཙོས་མཁན་སློབ་དུ་མའི་མདུན་ནས་སྔོན་འགྲོ་དང་དངོས་གཞི་བཅས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ཟབ་མོའི་བྱིན་རླབས་བདུད་རྩི་དུ་མ་ཞུས་བའི་སྐལ་བ་ལྡན་པའོ།། 
   སྤྱི་ལོ༢༠༡༠ལོར་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་གྱི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་ནས་མཚན་ལ་དྲང་སྲོང་བསྟན་པའི་རྒྱལ་མཚན་དུ་གསོལ། སྤྱི་ལོ༢༠༡༡ལོར་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་ནས་མཁན་སློབ་གཉིས་དང་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་སུ་རབ་འབྱམས་སྨྲ་བའི་དབང་པོའི་དམ་བཅའ་བཞུགས་ནས་མཁན་སློབ་རྣམ་པའི་མདུན་ནས་ཤེས་རབ་ཀྱི་མཆོད་འབུལ་མཛད། 
   སྤྱི་ལོ༢༠༡༢ལོར་རྔ་བ་སྣང་ཞིག་དགོན་ཆེན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་ཟུར་ཁྲིད་དགེ་རྒན་གྱི་འགན་བཞེས་མཛད། སྤྱི་ལོ༢༠༡༣ལོར་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་དང་དངུལ་སྐུ་དགོན་པའི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་སོགས་ཀྱིས་དགའ་མལ་དགོན་ཆེན་དུ་ཕེབས་ནས་སློབ་ཁྲིད་མཛད་དགོས་པའི་རེ་བ་ཡང་ཡང་ཞུས་པས་དགའ་མལ་དགོན་དུ་ཕེབས་ནས་སློབ་ཁྲིད་མི་ལོ་ཧྲིལ་པོ་གཅིག་ལ་མཛད། སྤྱི་ལོ་༢༠༡༤་ལོར་སྡེ་དགེ་རྫ་ཁྲོ་ཚང་དགོན་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གིས་རེ་ཞུས་བཞིན་དགེ་རྒན་ལ་ཕེབས་ནས་ལོ་ངོ་གསུམ་གྱི་རིང་སློབ་ཁྲིད་ཀྱི་མཛད་པའི་འཕྲིན་ལས་བསྐྱངས་ནས་དེ་གའི་སློབ་མ་རྣམས་དང་ཡུལ་དགོན་ཟུང་ལ་ནད་ཐོག་སྨན་དང་དུས་ཐོག་ཆར་བཞིན་བཀའ་དྲིན་བླ་མེད་མཛད། དེ་ནས་རང་དགོན་དངུལ་སྐུ་དགོན་པའི་དབུ་བླ་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་ཚང་དང་དགོན་གྱི་ལས་ཐོག་པ་རྣམ་པས་རང་དགོན་དུ་ཕེབས་ནས་སྒྲུབ་ཁང་ལྷ་མཆོད་དང་ཞང་བོད་ནང་བསྟན་ལྔ་རིག་སློབ་གླིང་གསར་འཛུགས་ཀྱི་རྩ་བའི་དགེ་རྒན་ཆེན་མོ་གཅིག་ལྕོགས་བྱ་དགོས་པའི་རེ་བ་དང་བསྟུན་ཏེ་སྤྱི་ལོ༢༠༡༧ལོར་རང་དགོན་དུ་ཞབས་སོར་འཁོད་ནས་བསྟན་པ་ལ་སྲི་ཞུ་ཉིན་མཚན་ལྟོས་མེད་དུ་བསྒྲུབས་པས་སློབ་མ་གྲངས་མང་ལ་རྨང་གཞི་ཀ་ཁ་འབྲི་ཀློག་ནས་དབུ་བཟུང་སྟེ་སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད། རྩིས་དཀར་ནག་དང་། བོད་ཀྱི་ལོ་རྒྱུས། དགེ་སྡིག་རྒྱུ་འབྲས་ཀྱི་བོན་དང་། བསླབ་བྱའི་ལེགས་བཤད། ཕྱི་ཚུལ་ནང་ཁྲིམས་ཟུང་འབྲེལ་གྱི་སྟེང་ནས་འཕྲིན་ལས་བརྗོད་ཀྱིས་མི་ལང་བ་བསྐྱངས། དེ་དང་ཆབས་གཅིག་ཏུ་སྒྲུབ་ཁང་རྣམ་རྒྱལ་གཟི་འབར་ཁང་དུ་བསྟན་སྲུང་བཅུའི་བཙན་མདུང་སྤུས་ལེགས་ཀྱི་རྟེན་བཞག་མཛད། 
   སྤྱི་ལོ༢༠༢༠ལོར་རང་དགོན་སློབ་གླིང་གི་ཚོགས་གཙོའི་འགན་བཞེས་ཏེ་བསྟན་འགྲོའི་གསོས་སུ་སྨིན་པའི་མཛད་པ་ཚད་མེད་བསྐྱངས་ཏེ་འགོ་བཀྲ་ཤིས་དང་མཇུག་བདེ་ལེགས་ངང་ལོ་གསུམ་ལ་འབད་པ་ལྷོད་མེད་མཛད། 
   ༢༠༢༤ལོར་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་དང་བསྟུན་ཏེ། རང་དགོན་སྣང་ཞིག་དངུལ་སྐུ་དགོན་པའི་དཔོན་སློབ་ཁྲི་རབས་དང་པོའི་མཚན་གྱི་ཅོད་པཎ་གནང་ནས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་མངའ་གསོལ་ཏེ་ཐག་རིང་ཐུང་ཀུན་ནས་ཕེབས་པའི་བླ་གྲྭ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ལྷ་དར་དཀར་པོ་དྲི་མ་མེད་པས་སྣ་དྲངས་ཏེ་སྐུ་གསུང་ཐུགས་རྟེན་སོགས་རྒྱས་འབུལ་བྱས། དེ་བཞིན་ཁོང་གི་ཁྱིམ་དང་ཉེ་འབྲེལ་གྲོགས་པོ་གྲོགས་མོ་རྣམས་ཀྱིས། མང་ཇ་དང་ཕྱག་འགྱེད་གྱ་ནོམ་པ་མཛད་དེ་བཀྲ་ཤིས་བདེ་ལེགས་ཀྱིས་མཇུག་གྲུབ་པའོ།།
   ཞེས་ཁོང་གི་མཛད་པའི་འཕྲིན་ལས་རྣམ་ཐར་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ། གྲངས་མང་བ་བརྗོད་ཀྱིས་མི་ལང་ཡང་། སྐུ་ཚེའི་སྟོད་ཀྱི་མཛད་པ་ཆ་ཤས་ཙམ་མདོར་བསྡུས་ཏེ་ཁྲོ་གཙུག་ཕུད་ཚུལ་ཁྲིམས་ནས་བྲིས་པ་དགེ་ལེགས་སུ་འཕེལ་བའི་རྒྱུ་གྱུར་ཅིག་གུ དེ་བཞིན་འབྱུང་འགྱུར་དུ་སྐུ་ཉིད་ཀྱི་མཛད་འཕྲིན་དར་ཞིང་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ་ཞུ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།