མཉམ་མེད་དུས་ཆེན་འཚོགས་པ།

[ཟླ་ཚེས། 2024-02-14 19:21:22][རྩོམ་པ་པོ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་རྗེ་རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས་པ།

བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། །
མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་། །
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། །
ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །

སྤྱི་ལོ2024ལོའི་ཟླ2ཚེས14ཉིན། བོད་ཤིང་ཕོ་འབྲུག་གི་ལོའི་དཔྱིད་ཟླ་ར་བའི་ཚེས་ལྔ་སྟེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་མོ་རྗེ་རྒྱལ་བ་སྨན་རི་བ༧མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གངས་ལྗོངས་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་གི་སྟེགས་ཅོག་ཏུ། ཡབ་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ། བོད་མེ་སྤྲེལ་ལོའི་དཔྱིད་ཟླ་ར་བའི་ཚེས་༥༼ སྤྱི་ལོ༡༣༥༦༽ཉིན་སྐུ་འཁྲུངས་ཏེ་ད་བར་ལོ་ངོ་༦༦༨འཁོར་བའི་དུས་ཆེན་ཉིན་མོ་ལ།
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་སྤྲུལ་བའི་སྐུ་མཆོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲི་མི་སྣ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་དང་། རྒྱུན་ལས་ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་གཙོས་པའི་ཚོགས་གཞོན་དང་དྲུང་ཡིག་པ།  དེ་བཞིན་དགོན་སྡེ་ཁག་གི་བླ་གྲྭ་ཁག་ཕེབས་ནས་མཉམ་མེད་བླ་སྒྲུབ་གཞུང་བསྲངས་ཏེ་ཚོགས་མཆོད་རྒྱས་པར་ཕུལ། དེ་ནས་མདོ་དབུས་ཁམས་གསུམ་གྱི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཇལ་ཞུ་དང་ཁོ་ཚོའི་མ་འོངས་པར་ལས་དོན་ལམ་འགྲོ་དང་ལོ་གསར་བའི་ནང་དུ་ཅི་བསམ་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པའི་སྐྱབས་ཞུ་དང་།
དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲིའི་མི་སྣ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་སེང་སྤྲུལ་རིག་འཛིན་ཉི་མ། འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། རྒྱུན་ལས་ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་སོགས་ཀྱིས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་འོངས་པའི་ལས་དོན་སོགས་ཀྱི་ཐད་ལ་བསམ་འཆར་བགྲོ་གླེང་སོགས་གནང་།  དེ་ནས་དགོང་མོ་མར་མེ་མཆོད་པ་སོགས་ཕུལ་ཏེ་དུས་ཆེན་འཚོགས་པའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།