བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་པའི་གནས་ཚུལ།

[ཟླ་ཚེས། 2024-01-24 22:23:24][རྩོམ་པ་པོ། འགན་འཛིན་མི་སྣ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྤྱི་ལོ་2024ལོའི་ཟླ་1ཚེས་20ནས་ཚེས་24བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བཞི་པ་དེ་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།
   དེ་ཡང་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་གྱི་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་༧སྟོན་པ་རྣམ་མཁྱེན་རྒྱལ་བ༧གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་རིང་ནས་ཡིག་བསྒྱུར་གྱི་ལོ་རྒྱུས་ཡོད་ལ་ལོ་ཙཱ་བའི་གྲངས་འབོར་ཆེ་བ། བསྒྱུར་རྩོམ་གྱི་སྤུས་ཚད་ཆེས་མཐོ་བ་སྐད་གསུམ་དང་སྐད་བཞི་ཤན་སྦྱར་གྱི་ཞུ་ཆེན་ལོ་ཙཱ་བའི་གྲོས་ཚོགས་རྒྱ་ཆེན་པོ་བསྡུས་མྱོང་ཡོད་ལ་སྒྲ་བསྒྱུར་གྱི་གཞུང་ལུགས་གཏན་འབེབས་བྱས་མྱོང་ཡང་ཡོད་པ་རེད། བོད་ཀྱི་གནའ་བོའི་སྟག་ཟིག་དང་ཞང་ཞུང་གི་སྒྲ་བསྒྱུར། ལེགས་སྦྱར་དང་པཱ་ལིའི་སྒྲ་བསྒྱུར། ཆེན་པོ་ཐང་གུར་གྱི་རྒྱའི་སྒྲ་བསྒྱུར་སོགས་རིན་ཐང་ལོ་རྒྱུས་ལྡན་པའི་སྒྲ་བསྒྱུར་ལས་། སྣ་མང་ཕུན་སུམ་ཚོགས་པའི་གནའ་བོའི་ཞང་བོད་ཤེས་རིག་གི་དཔལ་ཡོན་དང་རིག་གཞུང་གི་གཞི་རྟེན་གལ་ཆེན་འདི་གྲུབ་པ་རེད། དུས་རབས་འདིར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དང་དུས་རབ་གསར་བའི་རྒྱང་སྐྱོད་ལམ་བུ་གསར་བ་གཞིར་བཟུང་ཐོག  མི་རིགས་རིག་གནས་ལ་མཐོང་ཆེན་དང་མཐུན་སྒྲིལ་གྱི་ལམ་ཁ་བརྒྱུད་དེ་མ་འོངས་བོན་གྱི་ཤེས་རིག་དང་སྐད་ཡིག་གི་འཕེལ་རླབས་ངོས་སུ་འདིར་ཡང་ཡིག་བསྒྱུར་གྱི་གྲོས་གླེང་རྩ་འཛུགས་བྱས་པར་བརྒྱུད། མ་འོངས་ཕུགས་རྒྱང་རིང་མོའི་ལས་གཞི་འཆར་བཀོད་དང་ཆེད་ལས་རྐང་འཛིན་མི་སྣ་གསོ་སྐྱོང་། མཁས་དབང་མཐུན་སྒྲིལ་མཉམ་འཛོམས་ཀྱི་ངང་ནས་བསྟན་པ་ལ་ཤ་ཞེན་ཆེ་ཞིང་མཁྱེན་དཔྱོད་ཡངས་པ་སྐད་གཉིས་སྨྲ་བ་པོ་བླ་སྤྲུལ་དགེ་བཤེས་མཁན་སློབ་དགེ་རྒན་རྣམ་པ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས།
 
ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ཐོག་ཏུ།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་མཆོག་གི་ཚོགས་འདུར་མདོ་འཛིན་གནང་།
 
ཐེངས་འདིའི་འགན་འཛིན་པ་མཁན་པོ་ཨ་ཀུན་གསལ་ཟླ་བ་མཆོག་ནས་ཚོགས་ཞུགས་མི་སྣ་རྣམ་པར་འཚམས་འདྲི་དང་འབྲེལ་ལས་དོན་སྐོར་ནས་གསུང་བཤད་གནང་།
 
དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་གྱི་ཚོགས་གཙོ་མཁན་ཆེན་མཆོག་ནས་ཚོགས་འདུའི་སྐོར་ལ་གནད་དུ་སྨིན་པའི་གསུང་བཤད་གལ་ཆེན་གནང་།
ངལ་གསོའི་རྗེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་རྒྱ་མཚོ་མཆོག་དང་ཐེངས་འདིའི་འགན་འཛིན་པ་བླ་མ་ཀུན་དགའ་གཉིས་ཀྱིས་མདོ་འཛིན་གནང་དེ་ད་ལོའི་བསྒྱུར་བྱ་《 རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས།》སྐོར་རིམ་བཞིན་རྒྱ་ཡིག་ཏུ་བསྒྱུར་རྒྱུ་འགོ་བརྩམས།
 
དེ་ནས་རིམ་བཞིན་སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོ་རྫ་པ་ཚེ་རིང་འགྱུར་མེད་དང་། དོན་འགྲུབ་ལྷ་རྒྱལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་མཁན་ཆེན་བློ་འདྲི་མི་སྣ་དང་། ཚོགས་གཞོན་རྣམ་པ། དྲུང་ཡིག་ཆེ་ཆུང་། རྒྱུན་ལས་མི་སྣ། དེ་མིན་ཡིག་བསྒྱུར་ཕྱོགས་ལ་འབད་པ་གནང་མཁན་གྱི་མཁས་དབང་མི་སྣ་ལྷན་རྒྱས་མཉམ་འཛོམས་གནང་སྟེ་ཐེངས་འདིའི་བསྒྱུར་བྱའི་ལས་དོན་ལ་དངོས་སུ་ཞུགས།
ཕྱི་དྲོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་དང་ད་ལོའི་འགན་འཛིན་པ་མཁན་པོ་ཨ་ཀུན་གསལ་ཟླ་བ་རྣམ་གཉིས་ནས་མདོ་འཛིན་གནང་དེ་རིམ་བཞིན་ཡིག་བསྒྱུར་གྱི་ཚོགས་འདུའི་ལས་ལ་ཞུགས། ལོ་སྔོན་མའི་འཆར་གཞི་གྲོས་ཆོད་ལྟར། རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་དྲི་མ་མེད་པ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་མདོ་སྡེའི་གྲས་ཀྱི་《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས་དང་སྒྲོན་མ་དྲུག་གི་རྩ་བ།》གཙོ་བོར་ཞིབ་བཤེར་བྱས་ཏེ་ཉིན་ལྔའི་རིང་ལ་འབད་པ་གནང་དེ་རྒྱ་ཡིག་ཏུ་བསྒྱུར།
ཚེས༢༡ཉིན་སྔ་དྲོར་ཚོགས་གཞོན་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་དང་དྲུང་ཡིག་པ་བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་གཉིས་ཀྱི་མདོ་འཛིན་གནང་བ་དང་།
ཕྱི་དྲོར་ཚོགས་གཞོན་པཎ་ཙ་བསྟན་འཛིན་དར་རྒྱས་དང་ཚོགས་གཞོན་སྤྲུལ་འཆི་མེད་གཡུང་དྲུང་རྣམ་གཉིས་ཀྱིས་མདོ་འཛིན་གནང་།
ཚེས༢༢ཉིན་གྱི་སྔ་དྲོར་ཁྲི་བསྐལ་བཟང་བསྟན་འཛིན་དང་དགེ་བཤེས་གདོང་བསོད་བཀྲ།
ཕྱི་དྲོར་དགེ་བཤེས་གཡུང་དྲུང་བློ་གསལ་དང་རྟའུ་དཔལ་ཆེན་གཉིས་ཀྱིས་མདོ་འཛིན་གནང་།
 
ཚེས༣༣ཉིན་གྱི་སྔ་དྲོར་ཁྱུང་སྲས་ཀུན་བཟང་རྣམ་རྒྱལ་དང་དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ།
ཕྱི་དྲོར་ཁྲ་རྒན་མཁན་ཚེ་བརྟན་དང་སྣང་མཐའ་བསྟན་འཛིན་ཉི་མ་གཉིས་ཀྱིས་མདོ་འཛིན་གནང་།
ཚེས༢༤ཉིན་གྱི་སྔ་དྲོ་དགེ་བཤེས་བསོད་གོ་དང་བྲག་མགོ་བཀྲ་ཤིས་གཉིས་ཀྱིས་མདོ་འཛིན་གནང་།
 
དེ་ནས་ཚེས༢༤སྟེ་ཉིན་ལྔ་པའི་ཉིན་གུང་རྗེས་སུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཆོ་མཆོག་གིས་མཇུག་བསྡོམས་ཚོགས་འདུའི་མདོ་འཛིན་གནང་།
ཐེངས་བཅུ་བཞི་བའི་འགན་འཛིན་པ་བླ་མ་ཀུན་དགའ་རྒྱལ་མཚན་ནས་ད་ཐེངས་ཀྱི་ཚོགས་འདུའི་གོ་རིམ་དང་མ་འོངས་འཕེལ་རྒྱས་ཕྱོགས་ནས་གསུང་བཤད་གནང་།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོས་ནས་ཐེངས་འདིའི་འགན་འཛིན་རྣམ་གཉིས་ལ་བཀའ་དྲིན་ལེགས་གསོལ་གནང་།
བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅོ་ལྔའི་འགན་འཛིན་པ་ཚོགས་གཞོན་གཟི་སྤྲུལ་དབང་རྒྱལ་མཆོག་དང་ཁྲི་བསྐལ་བཟང་བསྟན་འཛིན་རྣམ་གཉིས་ཐུགས་འགན་བཞེས་པར་བརྒྱུད་རྟེན་འབྲེལ་གྱི་དར་དཀར་ཕུལ།
དེ་ནས་ཐེངས་འདིའི་འགན་འཛིན་པས་ཐེངས་རྗེས་མའི་འགན་འཛིན་པ་ལ་ཡིག་ཆ་དང་ལས་དོན་བརྒྱུད་སྤྲོད་གནང་།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་མ་འོངས་པར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་ཁ་ཕྱོགས་དང་གྲུབ་འབྲས་དེ་མིན་ལས་དོན་སོགས་ཀྱི་སྐོར་ནས་མཇུག་སྡོམ་གསུང་བཤད་གནང་།
དེ་བཞིན་ཚོགས་ཞུགས་པ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་འདུ་མཇུག་སྒྲིལ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས།
སྤྱི་ལོ་༢༠༢༤ལོའི་ཟླ་༡ཚེས་༢༤ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།