རྦ་མདའ་དགོན་པའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་ཁྲི་བཞེངས་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2024-01-22 12:15:57][རྩོམ་པ་པོ། བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


རྦ་མདའ་དགོན་པའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་ཁྲི་བཞེངས་མཛད་སྒོ་སྤེལ་བ།

  ཨ་དཀར་བུམ་སྒྲུབ་ཉིན་དྲུག་པའི་ཕྱི་དྲོར་བླ་མ་བློ་བཟང་ཆོས་རྒྱལ་དང་དགེ་བཤེས་ཀུན་བཟང་ཉི་མ་གཉིས་ལ་རྦ་མདའ་དགོན་བདེ་ཆེན་བསམ་གཏན་གླིང་གི་མཁན་པོ་དང་དཔོན་སློབ་ཀྱི་མཚན་གནས་བསྩོལ་ཅིང་། རྦ་མདའ་དགོན་བདེ་ཆེན་བསམ་གཏན་སྨིན་གྲོལ་གླིང་གི་མཁན་རིན་པོ་ཆེ་བླ་མ་བློ་བཟང་ཆོས་རྒྱལ་དང་། དཔོན་སློབ་རིན་པོ་ཆེ་དགེ་བཤེས་ཀུན་བཟང་ཉི་མ་རིན་པོ་ཆེ་རྣམ་པ་གཉིས་མི་འགྱུར་གཡུང་དྲུང་གི་ཁྲི་ལ་བཞུགས་ཏེ་རྦ་མདའ་དགོན་དུ་རྒྱལ་བ་སྨན་རིའི་བའི་ཕྱག་ལེན་རྗེས་མཐུན་ཙམ་དུ་༼རྦ་མདའ་དགོན་པའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་ཁྲི་བཞེངས་མཛད་སྒོ་༽ལེགས་པར་སྤེལ་ཞིང་། བཤད་སྒྲུབ་སློབ་གཉེར་བའི་སྡེ་ཁག་གིས་རྟེན་འབྲེལ་གྱི་རྟགས་གསལ་དང་བཀྲ་ཤིས་པའི་དམ་བཅའ་ལས་སོགས་རྒྱལ་བ་གཤེན་གྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུལ་ཕྱོགས་འདི་ན་དར་ཞིང་རྒྱས་པ་དང་རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་རང་ལུགས་འཁྲུལ་མེད་སྐྱོང་ཞིང་། ཀུན་མཁྱེན་འཇའ་ལུས་ཡབ་སྲས་ཀྱི་སྒྲུབ་རྒྱུད་མ་ཆད་པར་ཨ་རྫོགས་སྙན་གསུམ་རྒྱུད་འཛིན་སྒོམ་སྒྲུབ་ཉམས་ལེན་ལ་གནས་པའི་སྐྱེས་བུ་ཁྱད་པར་ཅན་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་ལེགས་པར་བྱུང་བ་དང་ཁ་དགེ་བཀྲ་ཤིས་དོན་ལེགས་པར་གྲུབ་པའི་གནས་བསྡུས་ཙམ་དུ་ཉིས་སྟོང་ཉེར་བཞི་ལོར་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་སྤེལ།


དགེ་བཤེས་ཕེབས་བསུ་དང་དགའ་སྟོན་རྟེན་འབྲེལ།

  དགེ་བཤེས་ཀུན་བཟང་ཉི་མ་མཆོག་ནི་ཕྱི་ལོ་༢༠༡༠ལོར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་དགོན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་སྒོར་ཞིག་ནས། བོན་སྒོ་བཞི་མཛོད་ལྔའམ་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་རྣམས་ལ་མི་ལོ་བཅུ་གསུམ་རིང་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་སྦྱོང་བརྩོན་བྱས་པའི་འབྲས་རྟགས་སུ་མདོ་སྨད་སྣང་ཞིག་དགོན་ཆེན་མཁས་མང་འདུས་པ་རྒྱ་མཚོ་ཡི་ཚོགས་དབུས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས་ཏེ་ད་སྐབས་སྐུ་དངོས་སུ་རང་དགོན་དུ་བྱོན་པ་མ་ཚད། ད་རེ་ཨ་དཀར་བུམ་སྒྲུབ་ཆེན་མོའི་ཉིན་གཉིས་པའི་ཉིན། རང་དགོན་གྱི་ལྷ་སྡེ་དང་གྲྭ་ཚང་འདུས་སྡེ་ཡོངས་ཀྱིས་ཕེབས་བསུ་དང་དགའ་སྟོན་ཁྲི་བཞེངས་མཛད་སྒོ་སྤེལ་ཞིང་མཛད་སྒོ་ལེགས་པར་གྲུབ་ཡོད།


བླ་མ་ཕེབས་བསུ་དང་དགའ་སྟོན་རྟེན་འབྲེལ།

  དེ་བཞིན་དུ་བླ་མ་བློ་བཟང་ཆོས་རྒྱལ་མཆོག་ཕྱི་ལོ་༢༠༠༤ ལོར་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་དུ་ཕེབས་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱོང་བ་མི་དམན་པ་མཛད། ཕྱི་ལོ་༢༠༡༣ལོར་རྟོགས་ལྡན་དགོན་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བཤད་གླིང་ནས་ཐུན་མོང་གི་རིག་གནས་ཀུན་ལ་སྦྱང་བ་མཛད་དེ་༢༠༡༨ལོར་སློབ་མཐར་ལེགས་པར་ཕྱིན། ཕྱི་ལོ་༢༠༢༠ལོར་རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་དུ་ལོ་གསུམ་བཅད་བརྒྱར་ལ་བཞུགས་༢༠༢༣ལོར་མཐར་ཕྱིན་མཛད་སྒོ་སྤེལ། འདི་ལོ་རང་དགོན་གྱི་ཨ་དཀར་བུམ་སྒྲུབ་ཆེན་མོ་དང་སྟབས་བསྟུན་ཨ་དཀར་བུམ་སྒྲུབ་ཀྱི་ཉིན་དྲུག་པའི་སྔ་དྲོར་རང་དགོན་སྐྱ་སེར་ཡོངས་ཀྱིས་དགའ་སྟོན་ལ་ཕེབས་བསུ་དང་ཁྲི་བཞེངས་མཛད་སྒོ་ལེགས་པར་སྤེལ།









 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།