རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ2024ལོའི་ལོ་གསར་ཤིས་ཚིག

[ཟླ་ཚེས། 2023-12-31 21:46:03][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།][ཀློག་གྲངས། ]

图片
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ2024ལོའི་ལོ་གསར་ཤིས་ཚིག

  ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་སྤྱི་ལོ2024ལོའི་ལོ་གསར་གྱི་ཤིས་ཚིག་སྤེལ་གནང་ཡོད། ཤིས་ཚིག་གི་ནང་དོན་གཤམ་གསལ།

  ལྷན་རྒྱས་སྐུ་ཁམས་བཟང་། དགུན་ཉི་ལྡོག་རྗེས་ས་གཞིར་སྐྱེ་སྟོབས་འཕེལ། དུས་ཀྱི་ཟོ་ཆུན་བར་མེད་མདུན་དུ་འཁོར། ལོ་རྙིང་པ་ཕར་ལ་སྐྱེལ་ཞིང་ལོ་གསར་པའི་དཔལ་ཡོན་ཚུར་ལ་བསུ་བའི་དུས་འདིར། ངས་པེ་ཅིང་ནས་ལྷན་རྒྱས་ལ་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན།

  2023ལོར། ང་ཚོས་རྒྱུན་མཐུད་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱས་ཤིང་། ཆར་རླུང་གི་ཉམས་སད་ཐེག་ཡོད་པ་དང་། དེའི་རིང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐོང་ཡོད་ལ། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཀྱང་ཐོབ་ཡོད། ཚང་མས་ལོ་འདི་ལས་སླ་པོ་ཞིག་མིན་པ་བློ་ལ་ངེས་ཡོད་ལ། མ་འོངས་པར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད།

  ལོ་འདིའི་གོམ་སྟབས་ནི་ང་ཚོས་ཧ་ཅང་བརྟན་པོར་སྤོས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་མཚམས་ལ་བརྟན་པོའི་ངང་འགྱུར་ལྡོག་བཏང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་པར་ཕྱོགས་ཤིང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། དེང་རབས་ཅན་གྱི་ཐོན་ལས་མ་ལག་དེ་བས་འཐུས་སྒོ་ཚང་བར་གྱུར་བ་དང་། རྩེར་སོན་ཅན་དང་རིག་ནུས་ཅན། སྦགས་མེད་ཅན་བཅས་ཀྱི་རྣམ་པ་གསར་པའི་ཀ་རྟེན་ཐོན་ལས་ཁག་གཅིག་མགྱོགས་མྱུར་ངང་སྟོབས་ཆེར་ཕྱིན་ཡོད། འབྲུ་རིགས་ཐོན་སྐྱེད་ལ“ལོ་ཉི་ཤུ་བསྟུད་མར་ལོ་ལེགས”བྱུང་བ་དང་། སྔོ་ལྗང་རི་ཆུའི་གཞི་མདོག་དེ་བས་བཀྲག་མདངས་ལྡན་པར་གྱུར་བ། ཤང་གྲོང་དར་རྒྱས་ལ་རྣམ་པ་གསར་པ་མངོན་ཡོད། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་། ཞུང་ཨན་ཁུལ་གསར་མགྱོགས་མྱུར་ངང་འཚར་ལོངས་བྱུང་བ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གསོན་ཤུགས་འཕེལ་བ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱིས་བློ་ཁོག་ཆེན་པོས་རླབས་རྒྱུན་གྱི་མདུན་བསུས་ཡོད། ཀྲུང་གོའི་དཔལ་འབྱོར་རླབས་རྒྱུན་ཁྲོད་རང་སྟོབས་རྒྱས་ཤིང་རྨང་གཞི་བརྟན་དུ་ཕྱིན་ཡོད།

  ལོ་འདིའི་གོམ་སྟབས་ནི་ང་ཚོས་ཧ་ཅང་ཤུགས་དང་ལྡན་པའི་ངང་སྤོས་ཡོད། ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོའི་གསར་གཏོད་ཀྱི་སྒུལ་ཤུགས་དང་གོང་འཕེལ་གྱི་གསོན་ཤུགས་རབ་ཏུ་རྒྱས་པར་གྱུར་ཡོད། C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་ཚོང་ལས་འཕུར་སྐྱོད་མངོན་འགྱུར་བྱུང་བ་དང་། རྒྱལ་ཐོན་སྦྲག་གྲུ་ཆེ་གྲས་འགྲུལ་བཞུད་ཚོད་ལྟ་ལེགས་གྲུབ་བྱུང་བ། ལྷ་གྲུ་རྟགས་ཅན་གྱིས་བར་སྣང་དུ་སྦྲེལ་མཐུད་བྱས་པ། “འབད་འཐབ་པ”རྟགས་ཅན་ཚད་བརྒལ་ངང་མཚོ་གཏིང་དུ་འཛུལ་ཡོད། རྒྱལ་ཟོག་གི་ཚོང་རྟགས་ལ་ཀུན་གྱི་དགའ་བསུ་ཐོབ་པ་དང་། རྒྱལ་ཐོན་ལག་ཐོགས་ཁ་པར་གསར་པ་བཏོན་མ་ཐག་ཏུ་བྲིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་དང་ལིའི་གློག་རྫས། འོད་ཧྥུའི་ཐོན་རྫས་བཅས་ཀྱིས་ཀྲུང་གོའི་བཟོ་སྐྲུན་ལ་བཀྲག་མདངས་གསར་པ་བསྣན་ཡོད། ཀྲུང་གོས་རང་སྟོབས་ཉམས་མེད་ཀྱི་སྙིང་སྟོབས་ཐོག་ནས་འབད་པས་ཡང་རྩེར་འཛེགས་ཤིང་། གང་སར་མཐོང་རྒྱུ་ཡོད་པ་ནི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བའི་གསར་གཏོད་རེད།

  ལོ་འདིའི་གོམ་སྟབས་ནི་ང་ཚོས་ཧ་ཅང་ཉམས་དང་ལྡན་པའི་ངང་སྤོས་ཡོད། ཁྲེན་ཏུའི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ངོ་མཚར་གྱིས་ཕྱུག་ཅིང་། ལུས་རྩལ་པ་རྣམས་ནས་སླར་ཡང་གྲུབ་འབྲས་བཟང་པོ་བཏོད་ཡོད། གུང་གསེང་སྐབས་གང་སར་ཡུལ་སྐོར་བས་ཁེངས་ཤིང་། གློག་བརྙན་ཁྲོམ་ར་ཚ་ཚ་འུར་འུར་བྱུང་བ། “གྲོང་ཚོའི་རིམ་འདས་འགྲན་བསྡུར”དང“གྲོང་ཚོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས”ལས་གསོན་ཤུགས་ཆེན་པོ་མངོན་པ། ཐཱན་ཉུང་འཚོ་བ་རིམ་པས་དར་སྲོལ་དུ་གྱུར་བ། དྲོ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་དང་སླར་གསོ་བྱུང་བའི་བྲེལ་འཚུབ་ཀྱི་རྣམ་པས་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་རེ་སྙེག་བྱེད་པ་མཚོན་ཡོད་ལ། གསོན་ཤུགས་ཀྱིས་ཕྱུག་ཅིང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་པའི་ཀྲུང་གོ་མངོན་པར་བྱས་ཡོད།

  ལོ་འདིའི་གོམ་སྟབས་ནི་ང་ཚོས་ཧ་ཅང་བློ་གདེང་དང་ལྡན་པའི་ངང་སྤོས་ཡོད། ཀྲུང་གོ་ནི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཡིན་ཞིང་། རླབས་ཆེ་བའི་ཤེས་དཔལ་རྒྱུན་འཛིན་བྱེད་བཞིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་ཐོག བྱེ་ཐང་ཐོག་གི་ཁེར་འཕྱུར་དུ་ཞག་དང་། །འབྲི་ཆུའི་ལྷོ་ཡི་སྦྲང་ཆར་ཟིལ་མ་ཡིས། །རྟག་ཏུ་མི་ཡི་དྲན་འཆར་སློང་བྱེད་ཅིང་། །སེམས་ཀྱི་རྟ་ཕོ་དེ་ཡི་ཕྱོགས་སུ་ཤོར། །རྨ་ཆུའི་ཁུག་པ་མིག་ལ་རབ་མཛེས་ཤིང་། །འབྲི་ཆུའི་རླབས་རྒྱུན་དྲག་ཏུ་འཕྱུར་བ་ཡིས། །རྟག་ཏུ་མི་ཡི་ཡིད་སེམས་འགུལ་བྱེད་ཅིང་། །བརྩེ་བ་དྲག་པོ་དྲན་པའི་ཀློང་ནས་བརྟོལ། །ལེའང་ཀྲུའུ་དང་ཨེར་ལི་ཐོའུ་ནས་འཕྲོས་པའི་ཤེས་དཔལ་གྱི་འོད་སྣང་དང་། དབྱིན་ཞུས་རུས་བརྐོས་ཀྱི་ཡི་གེའི་རྒྱུན་འཛིན། སན་ཤིང་ཏུའེ་ཡི་རིག་གནས་ཀྱི་གཅེས་ནོར། རྒྱལ་ཁབ་དཔར་མའི་རྟེན་མཛོད་ཁང་གི་རིག་གནས་ཀྱི་རྒྱུན་བཅས་ལས་ཀྲུང་ཧྭ་ཡི་ལོ་རྒྱུས་ནི་ཅི་འདྲའི་ཡུན་རིང་བ་དང་། ཤེས་དཔལ་ནི་ཇི་འདྲའི་འབྱམས་ཀླས་པ་ཞིག་ཡིན་པ་མཚོན་པ་དང་། འདི་ནི་ང་ཚོའི་བློ་སྤོབས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།

  ཀྲུང་གོས་རང་ཉིད་གོང་སྤེལ་གཏོང་བས་མ་ཚད། ད་དུང་ཧུར་བརྩོན་ཆེན་པོས་འཛམ་གླིང་ལ་ཕྱོགས་ཤིང་། རྒྱལ་ཁབ་ཆེན་མོའི་འགན་འཁྲི་འཁུར་གྱི་ཡོད། ང་ཚོས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་དང་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལེགས་པར་གཉེར་ཞིང་། ཕྱི་འབྲེལ་བྱེད་སྒོ་རབ་དང་རིམ་པ་གཙོ་གཉེར་བྱས་ནས་གླིང་ཆེན་ལྔ་ཡི་སྐུ་མགྲོན་དང་གྲོགས་པོར་བསུ་བ་ཞུས་ཡོད། ང་རང་ནས་ཀྱང་རྒྱལ་ཁབ་ཁག་གཅིག་ལ་འཚམས་འདྲི་ཞུས་པ་དང་རྒྱལ་སྤྱིའི་གྲོས་ཚོགས་ཁག་གཅིག་ལ་ཞུགས་པ། གྲོགས་པོ་རྙིང་པ་དང་རོགས་པ་གསར་པ་མང་པོ་དང་ཐུག་འཕྲད་བྱས་ཏེ། ཀྲུང་གོའི་འདོད་ཚུལ་མཉམ་སྤྱོད་དང་ཕན་ཚུན་བར་གྱི་གྲོས་མཐུན་གཏིང་ཟབ་ཏུ་བཏང་ཡོད། འཛམ་གླིང་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རུང་། ཞི་བདེ་དང་གོང་འཕེལ་ནི་ཐོག་མཐའ་བར་གསུམ་དུ་དབྱངས་རྟ་གཙོ་བོ་ཡིན་པ་དང་། མཉམ་ལས་མཉམ་རྒྱལ་ནི་ཐོག་མཐའ་བར་གསུམ་དུ་གནས་ལུགས་ངོ་མ་དེ་ཡིན།

  མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཆར་རླུང་ནི་རྒྱུན་རྣམ་ཡིན། ཁེ་ལས་ཁག་གཅིག་ལ་ཁེ་གཉེར་ཐད་ཀྱི་གནོན་ཤུགས་འཕྲད་པ་དང་། མང་ཚོགས་ཁག་གཅིག་ལ་ལས་ཞུགས་དང་འཚོ་བའི་ཐད་ཀྱི་དཀའ་ངལ་འཕྲད་པ། ས་ཁུལ་འགའ་ཤས་སུ་ཆུ་ལོག་དང་རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་ཕོག་ཡོད། འདི་དག་ཚང་མ་ནི་ང་རང་ནས་སེམས་ཁུར་བྱེད་ས་ཡིན། ཚང་མས་ཆར་རླུང་ལ་མི་སྐྲག་པར་སོ་སྲུང་རོགས་རེས་བྱེད་པ་དང་། དཀའ་ཉེན་གྱི་མདུན་བསུས་ནས་འགག་གཏོར་དཀའ་སེལ་བྱེད་པ་མཐོང་སྐབས། ང་རང་སེམས་འགུལ་ཆེན་པོ་ཐེབས་ཀྱི་འདུག དཀའ་སྤྱད་ངལ་རྩོལ་བྱེད་མཁན་ཞིང་པ་དང་། སྡུག་རུས་འབད་འཐབ་བྱེད་མཁན་བཟོ་པ། མཆོང་ཕོད་པ་དང་སྒྲུབ་ཕོད་པའི་ལས་གཏོད་པ། ཁྱིམ་གཞིས་དང་རྒྱལ་ཁབ་སྲུང་མཁན་བུ་ཕྲུག་དམག་སོགས་ལས་རིགས་ཁག་གི་མི་ཚང་མས་དཀའ་སྤྱད་འབད་འཐབ་བྱས་ཤིང་། མི་ཕལ་པ་མི་རེ་ངོ་རེས་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཡོད། མི་དམངས་ནི་དུས་ནམ་ཡང་ང་ཚོ་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རྒྱབ་རྟེན་ཆེ་ཤོས་དེ་རེད།

  དུས་སང་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་ལོ་ཞིག་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ནས། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གྲུབ་པར་བྱེད་པ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་བཅས་བྱ་དགོས། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་ལ་འཛུགས་པ་དང་རྗེས་སུ་ལེགས་སྒྲིག་བཅས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་བསྐྱར་འཕར་ནས་ལེགས་ཕྱོགས་སུ་འགྱུར་བའི་རྣམ་པ་སྲ་བརྟན་དང་ཤུགས་ཆེར་བཏང་ནས། དཔལ་འབྱོར་བརྟན་ཐོག་རྒྱང་བགྲོད་ཐུབ་པ་བྱ་དགོས། བསྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས། གོང་འཕེལ་གྱི་སེམས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་བ། ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་སློབ་གསོ་གཉེར་བ་དང་། ཚན་རྩལ་དར་སྤེལ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱ་དགོས། ཤང་ཀང་དང་ཨའོ་མོན་ནས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཐོག རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོའི་ཁྲོད་དེ་བས་ལེགས་པའི་སྒོ་ནས་ཞུགས་ཏེ་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་རེད། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ལག་སྦྲེལ་སེམས་མཐུན་ངང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་མཉམ་སྤྱོད་བྱ་དགོས།

  ང་ཚོའི་དམིགས་འབེན་ནི་ཧ་ཅང་བརྗིད་ཆེ་བ་ཞིག་ཡིན་ལ། ཧ་ཅང་བབ་ཆགས་པ་ཞིག་ཀྱང་ཡིན། མཐར་གཏུག་ནས་བཤད་ན་མང་ཚོགས་རྣམས་འཚོ་བ་དེ་བས་ཡག་པ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་རེད། ཕྲུ་གུའི་གསོ་སྐྱོང་དང་སློབ་གསོ། ན་གཞོན་གྱི་ལས་ཞུགས་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ། རྒན་རྒོན་གྱི་སྨན་བཅོས་དང་རྒན་གསོ་བཅས་ནི་ཁྱིམ་དོན་ཡིན་ལ་རྒྱལ་དོན་ཡང་ཡིན་པས། ཚང་མས་མཉམ་དུ་འབད་པ་བྱས་ནས་དོན་དག་འདི་དག་ཡག་པོ་བསྒྲུབ་དགོས། ད་ལྟ་སྤྱི་ཚོགས་ཀྱི་འགྲོས་ཧ་ཅང་མྱུར་བས། ཚང་མ་བྲེལ་བ་ཧ་ཅང་ཆེན་པོ་ཡོད་ལ། ལས་ཀ་དང་འཚོ་བའི་གནོན་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད། ང་ཚོས་དྲོ་སྐྱིད་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཁོར་ཡུག་གཏོད་པ་དང་། ཁོང་ཡངས་དང་གསོན་ཤུགས་ཀྱིས་ཕྱུག་པའི་གསར་གཏོད་བར་ཁམས་རྒྱ་སྐྱེད་པ། སྟབས་བདེ་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཆ་རྐྱེན་བསྐྲུན་པ་བཅས་བྱས་ནས། ཚང་མ་ཐུགས་སེམས་སྤྲོ་པོ་དང་མི་ཚེ་སྐྱ་ནམ་རྒྱས་པོ། བསམ་འདུན་ལྷུན་འགྲུབ་ཡོང་བ་བྱ་དགོས།

  མིག་སྔར། འཛམ་གླིང་ཐོག་ད་དུང་ས་ཆ་ཁག་གཅིག་དམག་འཁྲུག་གི་ཁྲོད་དུ་ལུས་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་ནི་ཧ་ཅང་རྩ་ཆེ་བ་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་མིའི་རིགས་ཀྱི་མདུན་ལམ་སེམས་ལ་འཆང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིད་ལ་ངེས་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་འདོད་ཡོད།

  ད་ལྟའི་དུས་འདིར། མཚན་ལྗོངས་རབ་ཏུ་མཛེས་ཤིང་། ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་གློག་འོད་རྣམ་པར་བཀྲ། ང་ཚོས་མཉམ་དུ་མེས་རྒྱལ་དར་རྒྱས་མངའ་ཐང་རྒྱས་པ་དང་། འཛམ་གླིང་ཞི་བདེ་དང་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུ། ལྷན་རྒྱས་དུས་དང་རྣམ་པ་ཀུན་ཏུ་བདེ་སྐྱིད་ལྡན་པ་དང་བྱ་བ་ལམ་འགྲོ། སྐུ་འཚོ་གསལ་ཐང་ཡོང་བའི་སྨོན་འདུན་ཞུ།

  ལྷན་རྒྱས་ཐུགས་རྗེ་ཆེ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།