ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
[ཟླ་ཚེས། 2023-12-29 11:23:17][རྩོམ་པ་པོ། གཡུ་སྒྲོན།][རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།][ཀློག་གྲངས། ]
ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་ཚོགས་འདུ་ཟླ་12ཚེས་27ཉིན་ནས་ཚེས་28ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད།
ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་བ་དང་། རྒྱང་སྐྱོད་ལམ་བུ་གསར་པའི་ཕྱི་ཕྱོགས་ལས་དོན་ལ་འཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་འགན་འཁྲི་རྒྱས་བཤད་གཏིང་ཟབ་གནང་ཡོད་ཅིང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཕྱི་ཕྱོགས་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ཡོད། ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབ་དགོས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་བླང་བྱ་འདོན་དགོས་པའི་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག ཕྱི་ཕྱོགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེ་ཡང་། གཅིག་ནས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་བཏོད་པ་དང་འཕེལ་རྒྱས་བཏང་བ་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནས་ཚད་གསར་པ་བཏོད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་དང་། གཉིས་ནས། རང་རྒྱལ་ཕྱི་འབྲེལ་གྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་འགྱིང་ཉམས་བཅས་མངོན་པ་དང་། རང་རྟོན་རང་ཚུགས་དང་། ཡིད་ལ་གནམ་འོག་འཆང་བ། སྒོ་དབྱེ་ཁོང་ཡངས་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་བཏོད་པ། གསུམ་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་དར་སྤེལ་བཏང་ནས། མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད། ཤེས་དཔལ་དཔྱད་གཞིར་འཛིན་རེས་བྱེད་པ་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས་པ། བཞི་ནས། གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་གལ་ཆེ་དང་དགེ་མཚན་ལྡན་པའི་ནུས་པ་ཉིན་བཞིན་འདོན་སྤེལ་བྱས་པ། ལྔ་ནས། ཕྱོགས་ཁག་དབར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་ཇུས་འགོད་བྱས་ཏེ། ཞི་བདེ་མཉམ་གནས་དང་། སྤྱི་ཡོངས་བརྟན་པོ། དོ་སྙོམས་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་རྣམ་པ་ཞིག་གཏོད་རྒྱུར་སྐུལ་འདེད་བཏང་བ། དྲུག་ནས། ཕྱོགས་ཡོངས་ཀྱི་འཐབ་ཇུས་བཀོད་པ་རྒྱ་ཆེར་བཏང་ནས། ཁྱབ་ཁོངས་རྒྱ་ཆེ་བ་དང་སྤུས་ཚད་མཐོ་བའི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་བ་ཞིག་ཆགས་ཡོད་པ། བདུན་ནས། སྤུས་ཚད་མཐོ་པོས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་ཐོག་ཁྱབ་ཁོངས་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་བཏོད་པ། བརྒྱད་ནས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། བློ་རྩ་བརྟན་པོ་དང་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་པ། དགུ་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས། རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་འཕོ་འགྱུར་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་པ། བཅུ་ནས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཕྱི་ཕྱོགས་ལས་དོན་གྱི་མཐུན་སྦྱོར་ཆེན་པོའི་རྣམ་པ་སྲ་བརྟན་དུ་བཏང་བ་བཅས་ཀྱི་ངོས་འཛིན་བྱས་ཡོད་པ་རེད།
ཚོགས་འདུའི་ཐོག དུས་རབས་གསར་པའི་ལོ་བཅུའི་ནང་། ང་ཚོས་ཕྱི་ཕྱོགས་ལས་དོན་ཁྲོད་རླུང་རླབས་ཆེན་པོ་མི་ཉུང་བ་ཞིག་བརྒྱུད་པ་དང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་པས། རང་རྒྱལ་ཕྱི་འབྲེལ་གྱི་འཐབ་ཇུས་རང་བདག་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རང་རྒྱལ་འདི་ཉིད་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ནུས་དང་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ། བདེན་ལུགས་ཀྱི་འབོད་སྐུལ་བྱེད་ནུས་བཅས་སྔར་ལས་ཆེ་བའི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག དུས་རབས་གསར་པའི་ཕྱི་འབྲེལ་ལས་དོན་གྱི་ལག་ལེན་ཁྲོད་ང་ཚོས་རྩ་ཆེའི་ཉམས་མྱོང་རབ་དང་རིམ་པ་བསགས་ཡོད། ངེས་པར་དུ་རྩ་དོན་མཐའ་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འཛམ་གླིང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་དགོས་པ་དང་། རྒྱལ་སྤྱིའི་བདེན་ལུགས་ཀྱི་མཐོ་ས་བརྟན་པོར་བཟུང་བ། འཛམ་གླིང་ཐོག་གི་མང་ཆེ་བ་དང་མཐུན་སྒྲིལ་དང་དེ་དག་བརྩོན་ལེན་བྱ་དགོས། ངེས་པར་དུ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་པ་དང་། རང་བཙན་རང་བདག་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས། ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས། འཛམ་གླིང་བརྟན་ལྷིང་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། ངེས་པར་དུ་བརྒྱུད་རིམ་གྱི་ལྟ་བ་བཙུགས་ཐོག ཡང་དག་པའི་ལོ་རྒྱུས་ལྟ་བ་དང་སྤྱི་ཡོངས་ལྟ་བས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་ཀྱིས་ལྟ་རྟོག་བྱེད་པ། རང་འགུལ་དམ་འཛིན་བཅས་བྱེད་དགོས། ངེས་པར་དུ་དྲང་སྲུང་གསར་གཏོད་མཐའ་འཁྱོངས་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་སྲོལ་རྒྱུན་བཟང་པོ་དང་རྩ་བའི་ཁ་ཕྱོགས་བརྟན་སྲུང་བྱེད་པ་དང་ཆབས་ཅིག གསར་འབྱེད་ཡར་བརྩོན་བྱས་ཏེ་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། བཙན་དབང་ཆབ་སྲིད་དང་བཙན་བཟུང་གི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་ནུས་ལྡན་བྱེད་དགོས། ངེས་པར་དུ་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག འཛམ་གླིང་ལ་མགྱོགས་མྱུར་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་གི་འཕོ་འགྱུར་དང་།དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་སྔར་བྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་མངོན་བཞིན་ཡོད་ཅིང་། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སུ་སླེབས་ཡོད། འོན་ཀྱང་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། འཛམ་གླིང་གི་ལོ་རྒྱུས་ཀྱག་ཀྱོག་ངང་མདུན་སྐྱོད་བྱེད་པའི་ཆོས་ཉིད་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དབང་གཅིག་མཐུན་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པས། འདིའི་ཐད་ང་ཚོར་ལོ་རྒྱུས་ཀྱི་གདེང་ཚོད་ཆེན་པོ་ཡོད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་དེ་བྱས་རྗེས་དེ་བས་ཆེ་བ་འཇོག་ཐུབ་པའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུ་རེད། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། བརྟན་ཐོག་ཡར་འཕེལ་དང་། དྲང་སྲུང་གསར་གཏོད་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཁྱབ་ཁོངས་གསར་པ་གཏོད་པ། རང་རྒྱལ་དང་འཛམ་གླིང་གི་འབྲེལ་བའི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྒྱལ་སྤྱིའི་ཁོར་ཡུག་དེ་བས་ཡག་པ་གཏོད་པ་དང་། དེ་བས་བརྟན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
ཚོགས་འདུའི་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྲོག་ཤིང་གི་འདུ་ཤེས་ཤིག་དང་། ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་ཞིག འཛམ་གླིང་གང་འདྲ་ཞིག་བསྐྲུན་རྒྱུ་དང་ཇི་ལྟར་བྱས་ནས་འཛམ་གླིང་འདི་སྐྲུན་རྒྱུར་མཁོ་འདོན་བྱས་པའི་ཀྲུང་གོའི་ཇུས་གཞི་ཞིག་བཅས་ཡིན་ཞིང་། དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་འཇིག་རྟེན་ལྟ་བ་དང་། སྒྲིག་ལམ་ལྟ་བ། རིན་ཐང་ལྟ་བ་བཅས་མཚོན་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡོངས་ཁྱབ་བསམ་འདུན་དང་འཚམ་པ། འཛམ་གླིང་གི་ཤེས་དཔལ་ཡར་ཐོན་གྱི་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་བརྩོན་ལེན་བྱེད་པའི་བླ་ན་མེད་པའི་དམིགས་འབེན་ཡང་ཡིན། དུས་རབས་གསར་པ་ཤར་ཚུན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་དེ་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་དུ་རྒྱ་སྐྱེད་བྱུང་བ་དང་། མཛེས་སྡུག་ལྡན་པའི་ཕུགས་འདུན་ནས་ཕུན་སུམ་ཚོགས་པའི་ལག་ལེན་དུ་གྱུར་བ། འདུ་ཤེས་འདོད་ཚུལ་ནས་ཚན་རིག་དང་མཐུན་པའི་མ་ལག་ཏུ་གྱུར་ནས་དུས་རབས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་འོད་སྟོང་འཕྲོ་བའི་དར་ཆ་ཞིག་ཏུ་གྱུར་ཡོད། མདོར་བསྡུས་ནས་བརྗོད་ན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་དེ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུ་དེ་འབད་བརྩོན་གྱི་དམིགས་འབེན་དུ་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་མངོན་འགྱུར་ཡོང་བའི་ཐབས་ལམ་དུ་བྱེད་པ། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལག་ལེན་བསྟར་རྒྱུ་དེ་ཡོངས་ཁྱབ་ཀྱི་གཞི་འཛིན་སར་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཞི་རྩའི་འདེགས་སྐྱོར་དུ་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དོན་འཁྱོལ་བྱ་རྒྱུ་དེ་འཐབ་ཇུས་ཀྱི་སྣེ་ཁྲིད་བྱེད་པ། སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་དངོས་གཉེར་གྱི་སྟེགས་བུ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་ཐུན་མོང་ཐོག་དར་རྒྱས་མངོན་འགྱུར་ཡོང་བ་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་འདི་ཉིད་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་རྒྱས་བཅས་ལྡན་པའི་འོད་ཟེར་སྟོང་ལྡན་གྱི་མ་འོངས་པར་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་ཞིག་རེད་ཅེས་བསྟན་ཡོད་པ་རེད།
ཚོགས་འདུའི་ཐོག དེང་གི་འཛམ་གླིང་ལ་འཕྲད་པའི་གནད་དོན་གལ་ཆེན་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་དམིགས་ནས། ང་ཚོས་འདྲ་མཉམ་དང་གོ་རིམ་ལྡན་པའི་སྣེ་མང་ཅན་གྱི་འཛམ་གླིང་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་གི་ཡོད། འདྲ་མཉམ་དང་གོ་རིམ་ལྡན་པའི་སྣེ་མང་ཅན་གྱི་འཛམ་གླིང་ནི། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ་དེ་རེད། སྣེ་མང་ཅན་གྱི་འཕེལ་རིམ་སྤྱི་ཡོངས་ནས་བརྟན་ལྷིང་དང་དགེ་མཚན་ལྡན་པ་ཡོང་བ་བྱ་རྒྱུར་འགན་ལེན་བྱེད་པར། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་རྒྱུན་འཁྱོངས་བྱེད་པ་དང་། ཡོངས་ཁྱབ་ཐོག་ཁས་ལེན་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ཐུན་མོང་ཐོག་རྒྱུན་འཁྱོངས་བྱེད་པ། དོན་ངོ་མའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ནི། རྒྱལ་ཁབ་ཁག་ལ་བསྟུན་པ་དང་ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཀྱི་བླང་བྱར་བསྟུན་ཏེ། ཐོན་ཁུངས་གོ་ལ་ཧྲིལ་པོ་ཅན་དུ་བཀོད་སྒྲིག་བྱེད་སྐབས་ཐོན་པའི་རྒྱལ་ཁབ་བར་དང་རྒྱལ་ཁབ་ཁག་གི་ནང་ཁུལ་གྱི་གོང་འཕེལ་དོ་སྙོམས་མིན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གོ་ལ་ཧྲིལ་པོ་ཅན་དང་ལྡོག་པ་དང་གང་སར་བདེ་འཇགས་ཅན་གླེང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། འཛམ་གླིང་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་བཟོ་བའི་གྲུབ་གཞིའི་རང་བཞིན་གྱི་དཀའ་གནད་སེལ་བ་བཅས་ཀྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཕྱི་ཕྱོགས་ལས་དོན་སྒྲུབ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་དང་བསྟུན་ཏེ། བློ་སྤོབས་ལྡན་ཞིང་རང་ཚུགས་ཐུབ་པ་དང་། སྒོ་དབྱེ་ཁོང་ཡངས། དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་བྱེད་ཕྱོགས་རྩ་དོན་མཐའ་འཁྱོངས་ཀྱིས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བའི་གཙོ་རྐང་དེར་དམིགས་པ་དང་། འཐབ་ཇུས་བཀོད་སྒྲིག་ལ་དུས་བསྟུན་མཉམ་སྐྱོད་ཀྱིས་ཤུགས་སྣོན་རྒྱག་པ། ཕྱི་འབྲེལ་བཀོད་སྒྲིག་གཏིང་ཟབ་ཏུ་གཏོང་བ། གནད་དོན་གྱི་སྟོན་ཕྱོགས་འབུར་དུ་ཐོན་པ་བྱེད་པ། མ་ལག་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་ཕྱི་འབྲེལ་གྱི་འཐབ་ཇུས་ལས་འགན་སྔར་ལས་ཁ་གསལ་དང་ཕྱོགས་བསྡུས་བཅས་བྱས་ཏེ། སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་ལོ་རྒྱུས་འགན་འཁྲི་དང་། སྔར་བས་གསོན་ཤུགས་ལྡན་པའི་གསར་གཏོད་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག ཕྱི་འབྲེལ་དྲང་སྲུང་གསར་གཏོད་བྱ་རྒྱུ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འདེགས་སྐྱོར་དེ་བས་ཡག་པ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་འབྲེལ་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱི་ཕྱོགས་ལས་དོན་གྱི་ཚན་རིག་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཕྱི་འབྲེལ་གྱི་དབང་ཆ་ཆེན་པོ་ཏང་ཀྲུང་དབྱང་ལ་དབང་བ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཝང་དབྱི་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཚོང་དོན་པུའུ། ཀྲུང་དབྱང་དམག་ཨུད་མཉམ་འབྲེལ་དྲག་ཇུས་པུའུ། ཡུན་ནན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་འཐུས་མི་ཚོགས་པའི་འཐུས་མི་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།
ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་ཁག་གཅིག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ། གཞུང་ཚབ་ཆེ་མོ་བའི་ཐོབ་ཐང་རག་པའི་སྤྱི་ཁྱབ་གཞུང་ཚབ། རྒྱལ་སྤྱིའི་སྒྲིག་འཛུགས་སུ་བཅའ་སྡོད་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།