བློ་མཐུན་ལི་ཁེ་ཆང་སྐུ་གཤེགས་པ།

[ཟླ་ཚེས། 2023-10-29 11:15:11][རྩོམ་པ་པོ། ][རྩོམ་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།][ཀློག་གྲངས། ]

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་བཏང་བའི་འདས་བརྡ།
   བློ་མཐུན་ལི་ཁེ་ཆང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་ནུས་ཡོད་རྒུས་ལེགས་སྐྱེས་ཕུལ་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཡིད་ཤིན་ཏུ་སྐྱོ་བའི་ངང་བརྡ་ཁྱབ་གཏོང་རྒྱུ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་བ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གློ་བུར་དུ་སྙིང་ནད་ལངས་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་2023ལོའི་ཟླ་10ཚེས་27ཉིན་གྱི་ཆུ་ཚོད་0དང་སྐར་མ་10ལ་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་68རེད།
   བློ་མཐུན་ལི་ཁེ་ཆང་། 1955ལོའི་ཟླ་7པར་འཁྲུངས། ཨན་ཧུའེ་ཏིང་ཡོན་བ། ཁོང་གིས་སྐུ་ན་ཕྲ་དུས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སློབ་སྦྱོང་ལ་འབད་བརྩོན། ཡར་རྒྱས་བརྩོན་ལེན་བཅས་གནང་ཞིང་། 1974ལོའི་ཟླ་3པ་ནས་བཟུང་། ཨན་ཧུའེ་ཞིང་ཆེན་ཧྥེང་དབྱང་རྫོང་ཏ་མེའོ་ཀུང་ཧྲེ་ཏུང་ལིང་རུ་ཆེན་ལ་ཞུགས། 1976ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1976ལོའི་ཟླ་11པ་ནས་1978ལོའི་ཟླ་3པ་བར་ཨན་ཧུའེ་ཞིང་ཆེན་ཧྥེང་དབྱང་རྫོང་ཏ་མེའོ་ཀུང་ཧྲེ་ཏ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བཞེས། 1978ལོའི་ཟླ་3པ་ནས་1982ལོའི་ཟླ་2པ་བར་པེ་ཅིང་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ཏུ་སློབ་སྦྱོང་གནང་བ་དང་དེའི་རིང་སློབ་གྲྭའི་སློབ་མའི་ལྷན་ཚོགས་ཀྱི་འགན་འཁུར་བ་གནང་། 1982ལོའི་ཟླ་2པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་སྔ་རྗེས་སུ་པེ་ཅིང་སློབ་ཆེན་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སློབ་གྲྭ་པུའི་པུའུ་ཀྲང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་གཅིག་ལྕོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྗེས་སྣོན་ཧྲུའུ་ཅི། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས། རྒྱལ་ཡོངས་གཞོན་ནུའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 1993ལོའི་ཟླ་3པ་ནས་བཟུང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་དང་ཀྲུང་གོ་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་གཅིག་ལྕོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། ཁོང་གིས་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་ཀར་བསམ་གཞིག་དང་བཀོད་སྒྲིག་གནང་བ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་གནང་བ་རེད། 1998ལོའི་ཟླ་6པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཧྲེང་ཀྲང་། ཧྲེང་ཀྲང་། ཞིང་ཨུད་ཀྱི་ཧྲུའུ་ཅི། ཧྲེང་ཀྲང་། ཞིང་ཨུད་ཀྱི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། ཁོང་གིས་ཀྲུང་ཡོན་དར་རྒྱས་གཏོང་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་གནང་སྟེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གྲུབ་པར་གནང་ནས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག ཞིང་ལས་དེང་རབས་ཅན་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ཧོ་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བ་རེད། 2004ལོའི་ཟླ་12པ་ནས་བཟུང་། བློ་མཐུན་ལི་ཁེ་ཆང་གིས་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་། ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས། ཁོང་གིས་བྱང་ཤར་དར་རྒྱས་དང་མཚོ་རྒྱུད་སྒོ་དབྱེའི་གོ་སྐབས་དམ་འཛིན་གནང་ནས་ནུས་ཤུགས་ཡོད་རྒུས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང“གནས་ལྔ་རྒྱུད་གཅིག”གི་མཚོ་རྒྱུད་དཔལ་འབྱོར་ཁུལ་བཏོད་དེ་གཅིག་སྡུད་ཡུག་སྦྲེལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང“ལས་ཞུགས་པ་མེད་པའི་ཁྱིམ་ཚང”གི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་དམངས་འཚོའི་འདུ་འགོད་བཏོན་ནས་ལག་ལེན་བསྟར་ཏེ་ལེའོ་ཉིང་གི་བཟོ་ལས་རྟེན་གཞི་རྙིང་པའི་དར་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་པར་སྐུལ་འདེད་བཏང་གནང་བ་རེད། 2007ལོའི་ཟླ་10པར། བློ་མཐུན་ལི་ཁེ་ཆང་ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུར་བདམས། 2008ལོའི་ཟླ་3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ལས་དོན་གྱི་འགན་བཞེས་པ་དང་། འཕེལ་རྒྱས་སྒྱུར་བཅོས་དང་། ནོར་སྲིད། རྒྱལ་ཁབ་ས་ཆའི་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོང་། འཛུགས་སྐྲུན། འཕྲོད་བསྟེན་བཅས་ལས་དོན་གྱི་འགན་བཞེས། ཁོང་གིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་མགྱོགས་སུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། ནུས་རྒྱུ་གྲོན་ཆུང་དང་། བཙོག་འབུད་ཉུང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་གནང་། གཞི་རྩ་འགན་སྲུང་དང་། གཞི་རིམ་སྟོབས་ཆེར་གཏོང་བ། ལམ་སྲོལ་འཛུགས་པ་བཅས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ལས་དོན་གྱི་གཙོ་གནད་དུ་བཟུང་ནས་སྨན་བཅོས་འགན་བཅོལ་དང་། སྨན་རྫས། སྨན་བཅོས་བཅས“ཕྱོགས་གསུམ་གྱི་སྒུལ་ཤུགས”ལ་སྐུལ་འདེད་བཏང་གནང་བ་དང་། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་སྐུལ་འདེད་བཏང་གནང་བ། ཁོར་ཡུག་སྲུང་སྐྱོང་གི་བགྲོད་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་གནང་ནས་འཕེལ་རྒྱས་གཏོང་གིན་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་ཀྱིན་འཕེལ་རྒྱས་མཐའ་འཁྱོངས་བཏང་གནང་ཡོད། 2012ལོའི་ཟླ་11པར། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་བློ་མཐུན་ལི་ཁེ་ཆང་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད། 2013ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་ཁོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱས་པ་དང་། ཟླ་བ་དེ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། སྤྱི་ཁོག་སྙོམས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ། སྔོན་སྒྲིག་ཕྲ་སྙོམས་ལ་སྣང་ཆེན། ཕྱོགས་ངེས་སྙོམས་སྒྲིག་ལ་སྣང་ཆེན་བཅས་གནང་། “དྲ་སྦྲེལ་+”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་སྒུལ་ནུས་གསར་རྙིང་མགྱོགས་པོ་བརྗེས་གནང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་གནང་། ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་སྒྲུབ་པར་སྐུལ་འདེད་བཏང་སྟེ་མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་གི་སྲིད་གཞུང་དང་། གསར་གཏོད་ཅན་གྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་འདེགས་རྣམ་པའི་སྲིད་གཞུང་བཅས་འཛུགས་སྐྱོང་ཧུར་ཐག་གནང་། 2017ལོའི་ཟླ་10པར། བློ་མཐུན་ལི་ཁེ་ཆང་སླར་ཡང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུར་བདམས་ཐོན་བྱུང་། 2018ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཁོང་སླར་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་ཡང་བཞེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འཛམ་གླིང་གི་དུས་བབ་འགྱུར་ལྡོག་མྱུར་པོ་དང་། ཏོག་གསར་རིམས་ནད་ཀྱི་རྡབ་རྡེག རྒྱལ་ནང་གི་དཔལ་འབྱོར་འཕར་ཚད་ཆག་པ་སོགས་ཀྱི་ཚོད་བགམ་མང་པོའི་མདུན་དུ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། “བརྟན་པོ་དྲུག”དང“འགན་སྲུང་དྲུག”གི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས། རྒྱལ་ནང་གི་དགོས་མཁོ་ནུས་ལྡན་ཆེ་རུ་ཧུར་ཐག་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས། གསར་གཏོད་ལ་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ་བཅས་གནང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ་གཞི་རྩ་འགན་སྲུང་དང་། མཐའ་ཚད་སྲུང་བ། དྲང་གཞག་ལ་སྐུལ་སྤེལ་གཏོང་བ་བཅས་ལ་ཤུགས་བརྒྱབ་སྟེ་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་གནང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་གནང་། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་དོན་འཁྱོལ་གནང་བས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རྗེས། བློ་མཐུན་ལི་ཁེ་ཆང་གིས་སྔ་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱང་ཤར་ས་ཁུལ་སོགས་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་དར་རྒྱས་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་ཀྱི་ཚན་རྩལ་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་དུ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་གཅིག་ལྕོགས་བཞེས་ནས་ཚན་རྩལ་དང་། སློབ་གསོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བྱང་ཤར་ས་ཁུལ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ། ནུབ་རྒྱུད་ཐོན་འབྱེད་ཆེན་པོ་སོགས་ཀྱི་ཁྱབ་ཁོངས་སུ་ཐུགས་ནུས་ཡོད་རྒུ་བཏོན་གནང་། ཏོག་གསར་རིམས་ནད་ཐོན་རྗེས་བློ་མཐུན་ལི་ཁེ་ཆང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་མཐའ་འཁྱོངས་བཀུར་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་གནང་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་འཐོབ་པར་སྐུལ་འདེད་བཏང་གནང་། བློ་མཐུན་ལི་ཁེ་ཆང་གིས་ཀྲུང་གོའི་རྒྱལ་བབ་ནས་འགོ་འཛུགས་པ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་ཕྱོགས་མཐའ་འཁྱོངས། སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་གནང་སྟེ། ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པར་བཏོན་ནས། ཁྲོམ་ར་ནུས་ལྡན་དང་སྲིད་གཞུང་ནུས་ལྡན་ཟུང་འབྲེལ་སྔར་བས་ལེགས་པོ་བྱེད་པར་སྐུལ་འདེད་བཏང་གནང་། ཁོང་གིས་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནོར་ཁྲལ་དང་། དངུལ་རྩ། མ་དངུལ། ཚན་རྩལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དེ་བས་དགེ་མཚན་ལྡན་པ་དང་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་བ་བཅས་གནང་ནས། ཁྱབ་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་གནང་། བློ་མཐུན་ལི་ཁེ་ཆང་གིས་མི་དམངས་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་ལས་ཞུགས་དང་། སློབ་གསོ། སྡོད་ཁང་། སྨན་བཅོས། རྒན་གསོ་སོགས་ཀྱི་ཐད་མངོན་གསལ་དོད་པའི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་དང་དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་གནང་།
   2023ལོའི་ཟླ་3པར། བློ་མཐུན་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གོ་གནས་འཁུར་མཚམས་བཞག འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་རྗེས། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རྒྱབ་སྐྱོར་ཞུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་གནང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་།
   བློ་མཐུན་ལི་ཁེ་ཆང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་ནུས་ཡོད་རྒུས་ལེགས་སྐྱེས་ཕུལ་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་རེད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཡིད་ཆེས་བརྟན་དུ་གཏོང་བ་དང་བློ་སེམས་གཅིག་མཐུན། ངར་སེམས་ཆེར་སྐྱེད་དང་དཔའ་མཛངས་རྟུལ་ཕོད་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱས་རྗེས་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བློ་མཐུན་ལི་ཁེ་ཆང་ནམ་ཡང་མ་ནུབ་པར་གྱུར་ཅིག
   བློ་མཐུན་ལི་ཁེ་ཆང་གི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་ནུས་ཡོད་རྒུས་ལེགས་སྐྱེས་ཕུལ་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།