མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་བསྡུས།
[ཟླ་ཚེས། 2023-09-03 21:56:33][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འདི་ལོར་སྨན་སློབ་རིན་པོ་ཆེའི་གདན་ས། དཔལ་གཤེན་བསྟན་མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་འདུས་སྡེ་ལས་བཤད་པ་འཆད་ཉན་གྱི་སྡེ་རུ་གཏོགས་པའི་འཛིན་གྲྭ་གོང་མའི་སློབ་མ་བདུན། ལོ་ངོ་བཅུ་ཕྲག་ཡུན་ལ་བོན་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་དང་། རིག་པའི་གནས་ལ་གསན་སྦྱངས་བྱས་ཤིང་། བསྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་གནས་ཚུལ་ཅུང་ཟད་འགོད་པ་ལ།
དེ་ཡང་རྟགས་དང་རྟེན་འབྲེལ་བཟང་བའི་དུས་ཚོད། བོད་ཆུ་ཡོས་ལོའི་ཟླ་༧པའི་ཚེས༩དང་། སྤྱི་ལོ་༢༠༢༣ལོའི་ཟླ་༨པའི་ཚེས་༢༥ཉིན། སྔ་དྲོ་ཆུ་ཚོད་༡༠པའི་ཐོག། བླ་བྲང་ནས་རི་ཁྲོད་ཀྱི་དབུ་བླ་སྨན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་དང་། ཀླུ་དགོན་དཔོན་སློབ་གཡུང་དྲུང་གཙུག་ཕུད་རིན་པོ་ཆེ་རྣམ་གཉིས་སྤོས་བརྒྱས་སྣེ་དྲངས་ཏེ་གསས་ཁང་ཁྲི་སྨོན་རྒྱལ་བཞད་དུ་གདན་དྲངས་ཅིང་། དེ་ནས་མདའ་རྒྱང་དབུ་བླ་སྨན་རིའི་དགེ་བཤེས་གཡུང་དྲུང་ཡེ་ཤེས་རིན་པོ་ཆེ་མཆོག་དང་རག་ཤི་དྲང་སྲོང་བསྟན་འཛིན་དབང་རྒྱལ། ཁྱི་ཧོ་དྲང་སྲོང་བསྟན་འཛིན་ལྷ་མོ། དམུ་སར་དྲང་སྲོང་སྟོང་ཉིད་བྱམས་མ་བཅས་སྤོས་དང་རྒྱ་གླིང་གིས་གདན་དྲངས། ཚོགས་འདོན་བྱམས་མའི་སྔགས་བསྟོད་ཚར་གསུམ་དང་སྐྱབས་མཆོག་དམ་པ་གྱེར། བསྟན་སྦྱིན་དུད་ཚང་གསུམ་ནས་འབྲས་སིལ་དང་མང་ཇ་བཏང་ཞིང་རག་ཕྱུག་ཚང་དང་ཉེ་འབྲེལ་རྣམས་པས་སྐུ་འགྱེད་ཕུལ། བཀའ་རམས་པ་གསུམ་གྱིས་རྟེན་གཙོ་བླ་མ་དཔོན་སློབ་མཇལ་ཞིང་། ཀླུ་དགོན་དཔོན་སློབ་རིན་པོ་ཆེས་བཤད་པའི་གཞུང་བསྒྱུར་གྱེར་མཛད། དེ་ནས་དཀའ་ཆེན་གསུམ་གྱིས་རིམ་བཞིན་གྱེར། བཤད་པ་ཚར་ནས་འདུས་སྡེ་ཚོགས་ཚོགས་གྲོལ། གྲྭ་བཙུན་རྣམས་པས་ཁམས་ཆེན་གསུངས་ཤིང་ཆུ་ཚོད་༡༢དང༣༠ཐོག་རག་ཕྱུག་ཚང་དང་སྐལ་བཟང་ནོར་བུ་ཚང་། ཁྱི་ཧོ་ཚང་གསུམ་ནས་ཉིན་དང་པོའི་གཏོང་སྒོ་ཆེན་མོ་བཏང་།ཕྱི་དྲོ་ཆུ་ཚོད་༣དང་༣༠ཐོག་བླ་མ་དང་། དཔོན་སློབ། མདའ་རྒྱང་བླ་མ་རིན་པོ་ཆེ། དགེ་བཤེས་བཀའ་རམས་པ་རྣམས་སྤོས་དང་རྒྱ་གླིང་གིས་ཚོགས་ཁང་དུ་གོང་བཞིན་གདན་དྲངས། ཚོགས་དང་འདོན་པ་བཀྲ་ཇའི་སྐབས་སུ་བསྟན་སྦྱིན་ཁྱི་ཧོ་ཚང་ནས་སྐུ་འགྱེད་ཕུལ། བཀའ་རམས་པ་རྣམས་ཀྱིས་བཤད་པའི་འཕྲོ་གྱེར་ཞིང་བཀྲ་ཤིས་བསྔོ་སྨོན་གྱིས་མཚམས་སྦྱར་སོགས་དཀའ་ཆེན་རྣམ་པའི་སྔོན་འགྲོའི་རིམ་པ་ཡོངས་སུ་གྲུབ།
ཉིན་གཉིས་པ་སྟེ་བོད་ཟླ་༧པའི་ཚེས་༡༠དང་༢༠༢༣ལོའི་༨པའི་༢༦ཉིན། བླ་མ་དང་དཔོན་སློབ་གོང་བཞིན་གདན་དྲངས་ཤིང་། དགེ་བཤེས་གཡུང་དྲུང་ཡེ་ཤེས་རིན་པོ་ཆེའི་མཚམས་ནས་སྐྱང་ཚང་དྲང་སྲོང་ཉི་མ་རྒྱལ་མཚན། རྨ་རུ་དྲང་སྲོང་ཡེ་རིག་བྱམས་མ། གྲོགས་རྒན་ཚང་དྲང་སྲོང་་བྱམས་བཟང་མོ། ཧོར་དྲང་སྲོང་ཤེས་རབ་མཚོ་མོ་བཅས་བཞི་རིམ་པར་ཕེབས་ཏེ་བཞུགས་གྲལ་འཁོད། ཚོགས་འདོན་དང་ཇ་མཆོད་མཚམས་ནས་འབྲས་སིལམང་ཇའི་དུས་མཚུངས། བསྟན་སྦྱིན་སྐལ་བཟང་ནོར་བུ་ཚང་ནས་སྐུ་འགྱེད་ཕུལ། དེ་ནས་བཀའ་རམས་པ་རྣམ་པ་བཞིས་རྟེན་དང་བླ་མ་དཔོན་སློབ་མཇལ་ཁ་ཞུས་གྲུབ་རྗེས་དཔོན་སློབ་རིན་པོ་ཆེས། བཤད་པའི་གཞུང་བསྒྱུར་གསུངས། བཀའ་རམས་པ་རྣམས་པས་སྔགས་རྫོགས་རྩ་ཚིག་གྱེར་ཏེ་ཚོགས་ལས་གྲོལ། ཆུ་ཚོད་༡༢དང་༣༠ཐོག་གོང་གི་དུད་ཚང་གསུམ་ནས་གཏོང་སྒོ་ཆེན་མོ་བཏང་། གྲྭ་བཙུན་རྣམ་པས་འབུམ་ཉི་མ་དགུ་ཤར་བཀླགས། ཕྱི་དྲོ་ཆུ་ཚོད་༣དང་༣༠ཐོག་བླ་མ་སློབ་དཔོན་དགེ་བཤེས་བཀའ་རམས་པ་རྣམས་ཚོགས་ཏུ་གདན་དྲངས་པ་ནི་སྔར་ལྟར་ལ། ཕྱི་དྲོའི་ཚོགས་འདོན་བྱམས་མའི་བསྔགས་བསྟོད་ཕན་ཡོན་བཅས་པ་ཚར་གཅིག་གསུངས་རྗེས། བཀྲ་ཇ་གསོལ་ཞིང་བཀའ་རམས་པ་རྣམ་པས་རྟེན་གཙོ་དང་བླ་མ་དཔོན་སློབ་མཇལ་ཞིང་། བཤད་པའི་འཕྲོ་གྱེར་ཏེ་བཀྲ་ཤིས་བསྔོ་སྨོན་ཀྱིས་སྔོན་འགྲོའི་རིམ་པར་གྲུབ།
ཉིན་གསུམ་པ་བོད་ཚེས་༡༡སྤྱི་ཚེས་༢༧ཉིན་གྱི་སྔ་དྲོར་སྤོས་དང་རྒྱ་གླིང་གིས་བླ་མ་དཔོན་སློབ་བཀའ་རམས་པ་རྣམས་ཚོགས་ཁང་དུ་གདན་དྲངས། ཚོགས་འདོན་དང་ཇ་མཆོད་གྱེར་ནས་གྲོ་མ་འབྲས་སིལ་མང་ཇའི་མཚམས། བསྟན་སྦྱིན་དམུ་སར་ཚང་ནས་སྐུ་འགྱེད་ཕུལ། བཀའ་རམས་པ་ཚོས་རྟེན་གཙོ་དང་བླ་མ་དཔོན་སློབ་མཇལ་ཁ་ཞུས་ནས། དཀའ་ཆེན་གསུམ་གྱིས་མཚན་ཉིད་དམ་བཅའ་གོང་མ་པད་དཀར་ཆུན་པོ་རིམ་པར་ངག་རྒྱུགས་ཕུལ། དབུ་མཛད་ཀྱིས་སྔོན་བྱོན་དྲང་ངེས་ཚར་གསུམ་གསུངས་ནས་ཚོགས་གྲོལ། ཆུ་ཚོད་༡༢དང་༣༠ཐོག་བསྟན་སྦྱིན་དུད་ཚང་བཞིས་གཏོང་སྒོ་ཆེན་མོ་བཏང་། ཕྱི་དྲོ་ཆུ་ཚོད་༢དང་༣༠ཐོག་སེར་ཕྲེང་མེད་པར་བླ་མ་སློབ་དཔོན་དགེ་འདུན་ཡོངས་འཚོགས། ཀླུ་ཕུག་དགོན་ཆེན་དང་མདའ་རྒྱང་སོགས་ནས་ཕེབས་པའི། རིགས་སྨྲ་བ་བསླབ་པ་རྒན་གྲས་ནས་རིམ་པར་རྫོགས་ཆེན་དང་གསང་སྔགས་འདུལ་མཛོད་དབུ་མ་སོགས་རིམ་པར་རྩོད་ཅིང་། ཆུ་ཚོད་༣དང་༣༠ཐོག་བསྟན་སྦྱིན་ཕྱུག་དགའ་ཚང་ནས་སྐུ་འགྱེད་ཕུལ། འཛིན་གྲྭ་འོག་མ་བསྡུས་གྲྭ་ཡན་ཆོད་ཀྱིས་བརྩོད་ནས་ལུང་རིགས་ཀྱི་མཆོད་པ་ཕུལ།
ཉིན་བཞི་པ་སྟེ་བོད་ཚེས་༡༢དང་སྤྱི་ཚེས་༢༨ཉིན་སྔ་དྲོར་སེར་ཕྲེང་རྒྱུན་ལྡན་ལྟར་ཕེབས་ནས་དགེ་འདུན་ཡོངས་ཚོགས་ཏུ་བཞུགས། ཚོགས་འདོན་དང་ཇ་མཆོད་གྱེར་ནས་གྲོ་མ་དང་འབྲས་སིལ་དང་མང་ཇ་བཏང་། བསྟན་སྦྱིན་རྨ་རུ་རྡོ་ཚེ་རིང་ཚང་ནས་སྐུ་འགྱེད་ཕུལ། དཀའ་ཆུང་རྣམ་པས་དམ་བཅའ་འོག་མ་མན་དྷ་ར་བ་ངག་རྒྱུག་ཕུལ། བར་ཆོད་ལམ་སེལ་དང་བསྔོ་སྨོན་བཅས་ཀྱིས་ཚོགས་གྲོལ། གྲྭ་བཙུན་རྣམས་པས་འབུམ་ཉི་མ་དགུ་ཤར་གསུངས་ཤིང་ཆུ་ཚོད་༡༢དང་༣༠ཐོག་གོང་གི་སྦྱིན་བདག་རྣམ་པས་གཏོང་སྒོ་ཆེན་མོ་བཏང་། ཕྱི་དྲོ་ཆུ་ཚོད་༢དང་༣༠ཐོག་བླ་སློབ་ཡོངས་ཚོགས་ཏུ་བཞུགས་ནས། སྔ་ཉིན་བཞིན་བསླབ་པ་རྒན་པ་རྣམས་ནས་རིམ་བཞིན་རྩོད་པ་མཛད། ཆུ་ཚོད་༣དང་༣༠ཐོག་བསྟན་སྦྱིན་གྲོགས་རྒན་ཚང་ནས་སྐུ་འགྱེད་ཕུལ། འཛིན་གྲྭ་འོག་མ་བསྡུས་གྲྭ་བཅས་པས་རིམ་པར་རྩོད་གྲུབ་རྗེས། དབུ་མཛད་ཀྱིས་སྔོན་བྱོན་དྲང་ངེས་ཚར་གསུམ་གསུངས་ནས་ཚོགས་གྲོལ།
ཉིན་ལྔ་པ་བོད་ཚེས་༡༣དང་སྤྱི་ཚེས་༢༩ཉིན་གྱི་སྔ་དྲོར་བླ་བྲང་ནས་ཕན་ཐོགས་དང་ཕྱག་ཁྱེར་དང་། བླ་མ་གཡུང་དྲུང་ཡེ་ཤེས་རིན་པོ་ཆེ་དང་བཀའ་རམས་པ་རྣམས་ཀྱི་རྗེས་ནས་སྦྱིན་བདག་རྣམས་པས་ཚན་པ་བསྣམས་ཏེ། གསས་ཁང་ཁྲི་སྨོན་རྒྱལ་བཞེད་དུ་ཕེབས། ཚོགས་འདོན་དང་ཇ་མཆོད་མང་ཇའི་དུས་སུ་ལྕགས་མོ་ཚུལ་ཁྲིམས་བཟང་མོ་ནས་སྐུ་འགྱེད་ཕུལ། དེནས་མཚནཉིད་པ་རྣམས་ཀྱིས་བཀྲ་ཤིས་དམ་བཅའ་རིམ་བཞིན་རྩོད་དེ་ཚོགས་གྲོལ། གྲྭ་བཙུན་རྣམས་ཀྱིས་མདོ་སྡེ་བསྐལ་བཟང་སྡེ་ལྔ་མཇུག་གྲུབ་པར་མཛད།
ཕྱི་དྲོ་ཆུ་ཚོད་༢དང༣༠ཐོག་སེར་ཕྲེང་བཅས་ཏེ་འཚོགས་ནས། བྱམས་མའི་བསྔགས་བསྟོད་གསུངས་རྗེས། བཀའ་རམས་པ་རྣམས་ཀྱིས་མཆོད་ཚིག་སྨོན་པ་ཡོངས་གྲུབ་གསུངས་ཤིང་མཆོད་འབྲུ་གཏོར། དེ་མཚམས་བཀའ་རམས་པ་རྣམས་ཚོགས་ཀྱི་གྲལ་གཞུང་དུ་བསྒྲིགས་ཅིང་དཔོན་སློབ་ཀྱིས་མཚན་རྟགས་དང་བླ་མས་བསྔོ་བ་གསུངས། བླ་མ་རིན་པོ་ཆེས་དགེ་བཤེས་ཀྱི་ཕྱག་འཁྱེར་དང་དཔོན་སློབ་ཀྱིས་མགུལ་དར་གནང་། བཀའ་རམས་རྣམས་ཀྱིས་ཚིག་བཀྲ་དང་མེ་ཏོག་སིལ་མ་སོགས་གཏོར་ཞིང་ཤིས་བརྗོད་མཛད།། སྨན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་དང་ཀླུ་དགོན་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུས་པའི་འདུས་སྡེ་བརྒྱ་ལས་བརྒལ་བ་ཡོངས་དགོན་བསྐོར་ཕེབས། ཁྲུས་དང་མདོ་ཟློག་བཟང་སྤྱོད་སྨོན་ལམ་མཛད་ནས་དགེ་བའི་བཤེས་གཉེན་རྣམས་ལ་སྐལ་པ་བཟང་བའི་སྨོན་ལམ་དང་། ཁྲི་བཞེངས་མཛད་པ་སོགས་སྔོན་བསགས་རྣམ་དཀར་ཨུཏྤལ་སྔོན་པོ་ལ།།དལ་བརྒྱད་འབྱོར་བཅུའི་འདབ་མ་རབ་ཏུ་རྒྱས།།སྐལ་བཟང་དགེ་བའི་བཤེས་ཀྱི་ཟེ་འབྲུ་ལེགས།།བསྟན་དང་འགྲོ་ལ་སྨན་པར་གྱུར་ཅིག་གུ།
ཅེས་གོ་སྒྲིག་ཚོགས་ཆུང་ནས་༢༠༢༣ཟླ་༩པའི་ཚེས་༡ཉིན་བྲིས།