ལུང་དཀར་དགོན་དཔལ་གཤེན་བསྟན་རིན་ཆེན་གླིང་གིས་སྐབས་བཞི་པའི་ཚད་མའི་རིག་སྒྲ་འཚོགས་པའི་གསར་གནས།

[ཟླ་ཚེས། 2023-08-23 09:39:49][རྩོམ་པ་པོ། ལུང་དཀར་དགོན་བཤད་སྒྲུབ་ལས་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 
    མདོ་སྟོད་རྔུལ་ཟལ་མོའི་སྒང་རྒྱུད་དུ་ཆགས་ཤིང་རྒྱལ་བ་སྨན་རི་བའི་རིང་ལུགས་འཛིན་པའི་དགོན་སྡེ་ཆེན་མོ་ལུང་དཀར་དགོན་དཔལ་གཤེན་རིན་ཆེན་གླིང་ནི་སྤྱི་ལོ་༡༩༢༤ལོ་ནས་བཤད་སྒྲུབ་ཀྱི་བསྟན་པ་དབུ་བརྙེས་ནས་རབས་འབྱམས་དགེ་བའི་བཤེས་གཉེན་མང་པོ་འཚར་ལོངས་བྱུང་ཏེ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་ཀྱང་། རིག་གནས་གསར་བརྗེའི་གོད་ཆགས་ཀྱིས་སྤྱི་མཚུངས་སུ་ཉམས་གུད་དུ་ཕྱིན། འོན་ཀྱང་རྗེས་སུ་ཆོས་དད་རང་མོས་ཀྱིི་སྲིད་བཟང་ཤར་བ་དང་ལྷན་དུ་༡༩༨༧ལོར་དགོན་འདིའི་མཁན་པོ་ཨུ་སྟོན་ཉི་མ་བློ་གྲོས་རིན་པོ་ཆེ་དང་དགོན་པའི་བླ་རྒན་གྲྭ་རྒན་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། ། རྒྱལ་བ་སྨན་རི་བའི་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ་མཆོག་ལུང་དཀར་དགོན་གྱི་དཔོན་སློབ་ཀྱི་ཁྲི་རུ་མངའ་གསོལ་མཛད་པ་དང་སྦྲགས། སློབ་དཔོན་དམ་པ་ཁོང་གིས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་བཀའ་དགོངས་བཞིན་བསྟན་པའི་སྙིང་པོ་འཆད་ཉན་དུ་དགོངས་ཏེ། མཚན་ཉིད་བཤད་གྲྭ་སྐྱར་འཛུགས་གནང་ནས་ཧོར་ཁྱུང་གཉིས་གཙོས་པའི་བོན་གྱི་དགོན་སྡེ་ཁག་གི་སློབ་གཉེར་བ་བརྒྱ་ཕྲག་ལ་ཉེ་བར། ཁོང་མི་གཅིག་གིས་ཉིན་བཞིན་འགོ་བསྡུས་གྲྭ་ནས་བཟུང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ལོ་ནས་ལོ་མཐུད་དེ། ལྟོགས་བསྲན་འཁྱགས་བསྲན་མཛད་ཅིང་། དཀའ་ངལ་བརྒྱ་ཕྲག་མང་པོར་བརྒྱུད་ནས་སྐུ་ཚེ་གང་པོར་སློབ་ཁྲིད་གནང་བས། དགོན་འདི་ཉིད་བོན་གྱི་བཤད་སྒྲུབ་སློབ་གཉེར་གྱི་གྲྭ་ས་ཆེན་པོ་ཞིག་ཏུ་གྱུར་ཏེ་གལ་ཆེན་གྱི་བསྟན་འཛིན་སྐྱེས་མཆོག་དུ་མ་སྐྱེད་སྲིང་གནང་བའི་བཀའ་དྲིན་ལ་བརྟེན། དེང་སྐབས་སུ་སློབ་དཔོན་དམ་པ་ཁོང་གི་ཐུགས་སྲས་མང་པོ་ཞིག་གིས་རྒྱལ་ཕྱི་ནང་གི་བོན་དགོན་གཞི་རྒྱ་ཆེ་ཤོས་ཁག་གི་མཁན་པོ་དང་སློབ་དཔོན་གནང་ནས་རྒྱལ་བ་གཤེན་གྱི་བསྟན་པའི་རིང་ལུགས་དྲི་མ་མེད་པ་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་ལ་དགོན་འདི་ཉིད་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་གང་འཚམས་དར་ཞིང་རྒྱས་བཞིན་ཡོད་པར་མ་ཟད།
   འདི་ལོར་དགོན་གྱི་མཁན་སློབ་གཉིས་དང་སྐབས་བབས་ཀྱི་ལས་འཛིན་ལྷན་འཚོགས་ཀྱིས་ཚད་མའི་རིག་སྒྲ་འཚོགས་རྒྱུའི་གྲོས་ཆོད་བཞིན།རང་ཅག་བོན་འབངས་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རྒྱལ་བ་མཉམ་མེད་ཆེན་པོ་མཆོག་གིས་གནང་བའི་ཞལ་གདམ་གསེར་གྱི་ཡང་ཞུན། དགག་སྒྲུབ་ཚུལ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་བསྟོད་འོས་ཏེ།། བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི།། བསྟན་པ་འདི་ཡིས་འཛིན་པ་ཡིན།། ཞེས་དང་། རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ལ་ཡང་དག་པའི་དོན་སྤྱི་འཆར་བ་དཀའ་ཏེ། ལོང་བ་ལྷ་ཁང་དུ་ཕྱིན་པའི་ལག་ཏུ་རྫས་ཁྲ་བོ་གཏད་པ་བཞིན་ནོ།། དེའི་ཕྱིར་རྩོད་པ་ལ་དགོས་པ་ཆེན་པོ་འདི་ཉིད་ཡོད་པས། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱི་ཐུགས་ལ་ཞེན་པར་མཛོད་ཅིག། ཅེས་གསུངས་པའི་གདམ་དོན་གཙིགས་ཆེར་བཟུང་ཏེ། བོན་དགོན་དྲུག་གི་དགེ་སློབ་ལྷན་དུ་རིགས་སྨྲ་བ་བརྒྱ་དང་སུམ་ཅུ་ལྷག་ཙམ་འདུས་ཏེ།
   ༢༠༢༣ལོའི་ཟླ་བ་༨ཚེས་༥ནས་རྒྱལ་བ་མཉམ་མེད་འཕྲུལ་སྒྲོན་རྣམ་ལྔའི་ཡ་གྱལ་ཚད་མ་རྣམ་འབྱེད་འཕྲུལ་སྒྲོན་གྱི་ལེའུ་དང་པོ་ཤེས་བྱ་ཡུལ་གྱི་རྣམ་བཞག་འཆད་རྩོད་ཀྱི་རིག་སྒྲ་འཚོགས་ཅིང་། འཆད་འཁྲིད་ཀྱི་དགེ་རྒན་ནི་རྒྱལ་བ་སྨན་རི་བའི་བཤད་སྒྲུབ་སློབ་ཟུར་དགེ་བཤེས་རྒན་གཤེན་བསྟན་རབ་གསལ་མཆོག་དང་། རྒྱལ་བ་སྨན་རི་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཀོ་རྒྱལ་དགོན་གྱི་སློབ་དཔོན་རྒན་ཡོན་ཏན་ཕུན་ཚོགས་མཆོག་དང་། དཔོན་སློབ་བསྟན་འཛིན་འགྱུར་མེད་བཅས་ཀྱིས་འཆད་འཁྲིད་མཛད་ཅིང་། ཉིན་བཅུ་ཕྲག་གཅིག་གི་རིང་ཉིན་བཞིན་སྔ་དྲོ་ཆུ་ཚོད་གསུམ་གྱི་རིང་དཔེ་ཁྲིད་དང་འཆད་རར་རྩོད་སྦྱོང་། ཕྱི་དྲོ་ཆུ་ཚོད་གཉིས་ཀྱི་ཚེ་དམ་བཅའ་འཚོགས་པ་དང་དགོང་མོ་ཆུ་ཚོད་གཅིག་གི་རིང་འཆད་རར་རྩོད་སྦྱོང་གིས་སྒྲུབ་དང་སུན་འབྱིན་གྱི་ལས་ལ་ཞུགས་ནས་ཕྱོགས་ཀྱི་རིགས་སྨྲ་བ་རྣམས་ཕན་ཚུན་རྣམ་དཔྱོད་ཀྱི་ཤེས་རབ་འགྲན་ཞིང་འཆད་རྩོད་ཀྱི་རིག་པ་འཕེལ་བའི་ཐབས་ལམ་ལ་འབད་བརྩོན་གནང་བ་དང་མཇུག་མཐའི་ཉིན་གཉིས་ཀྱི་ཕྱི་དྲོར་གླིང་གཉིས་རེས་མོལ་གྱིས་ཐུག་ཆེན་གྱི་དམ་བཅའ་འཚོགས།
   བར་སྐབས་རྣམས་སུ་སློབ་གཉེར་བ་རྣམས་ལ་བསླབ་བྱ་གནང་མཁན། མདོ་སྔགས་གཞུང་ལུགས་ལ་གཟིགས་རྒྱ་ཡངས་ཤིང་ཐོས་བསམ་སློབ་གཉེར་སྐོར་ལ་མཐོང་ཐོས་མྱོང་གསུམ་གྱི་དམིགས་བསལ་ཉམས་མྱོང་ཅན། རྒྱལ་བ་སྨན་རི་བའི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་བསྟན་འཛིན་འབྲུག་གྲགས་མཆོག་དང་།  ཁྱུང་པོ་རྩེ་དྲུག་དགོན་གྱི་སློབ་དཔོན་ཆེན་མོ་ལུང་རྟོགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་གདན་ཞུས་བྱས་ཏེ་ཐོས་བསམ་སློབ་གཉེར་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་བ་དང་།
   མཇུག་མཐར་༧མཁན་རིན་པོ་ཆེ་བླ་མ་ཚུལ་ཁྲིམས་འབྱུང་གནས་མཆོག་གིས་སློབ་གཉེར་བ་རྣམས་ནམ་རྒྱུན་དགོན་པའི་སྒྲིག་བརྩི་ཁྲིམས་སྲུང་དང་། སློབ་སྦྱོང་ལ་བརྩོན་འགྲུས། སོ་སོའི་དགེ་རྒན་རྣམས་རྩ་བའི་བླ་མར་བཀུར་ནས་ཡིད་ཆེས་བརྟན་པོ་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་ནས་མཇུག་བསྡུས་སོ། །ལུང་དཀར་དགོན་བཤད་སྒྲུབ་ལས་འཛིན་ལས་༢༠༢༣ལོའི་ཟླ་༨ཚེས་༡༥ཉིན་སྤེལ།
ཕུན་ཚོགས་རྒྱལ་བསྟན་འབྱུང་གནས་རིན་ཆེན་གླིང་།།
འཆད་རྩོད་རྩོམ་པའི་འཁོར་ལོས་ཡོངས་སུ་བྲེལ།།
ཐོས་བསམ་སྒོམ་པའི་ལང་ཚོ་མངོན་པར་རྒྱས།།
ངུར་སྨྲིག་འཛིན་པས་ཞིང་འདིར་གཏམས་གྱུར་ཅིག།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།