བརྡ་སྦྱོར།

[ཟླ་ཚེས། 2023-08-06 22:54:02][རྩོམ་པ་པོ། ཉག་ཚེ་དབང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   འཛམ་གླིང་གོ་ལའི་ལྗོངས་ཆེན་པོ་འདིར་ཤེས་དཔལ་རིག་གསུམ་སོགས་སྐྱེ་འགྲོའི་བདེ་སྐྱིད་ཀྱི་གཉེན་དུ་ཡུན་དུ་གནས་ཐུབ་པའི་ཆེད་འཆད་ཉན་དང་། བསྟན་པ་དར་སྤེལ། དཔེ་ཆ་དཔར་སྐྲུན་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བ་དང་།  ཚེ་སྲོག་གི་དབུགས་རྒྱུན་རིང་དུ་གཏང་དགོས་ཤིང་རང་རེའི་མེས་པོ་རྣམ་པས།  ཕ་ནོར་བུ་འཛིན་དང་།བསྟན་པ་འཛིན་སྐྱོང་ཞེས་པའི་སྡོམ་ཚིག་འཁྲུལ་མེད་དུ་ངེས་ཤིང་། དེས་ན་ང་རང་ཡང་ཤེས་རིག་གི་གླེགས་བམ་རྣམས་སྲུང་སྐྱོབ་དང་དར་སྤེལ་གཏོང་བ་འདི་འགངས་ཆེན་དུ་མཐོང་ནས་ལས་དོན་ཐད་དཀའ་ཚེགས་ལ་མ་འཛེམས་པར་རང་གིས་ལོ་དུ་མ་ཞིག་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་བསྒྲུབས་ནས་ཡོང་བ་ཞིག་ཡིན། 
   དེ་ཡང་སྤྱི་ལོ་༡༨༩༧ལོར་བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚན། ཁམས་པ་མི་ཡི་ཆོལ་ཁ་རུ་གཏོགས་པའི་ཉག་ཨ་ཛི་རོང་དུ་སྐུ་འཁྲུངས་པའི་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་དང་། སྤྱི་ལོ༡༩༣༧ལོར་སྐུ་འཁྲུངས་པའི་དབྲ་སྲས་གཡུང་དྲུང་དབང་རྒྱལ་རྣམ་གཉིས་ཀྱིས་མཛད་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཁག་གཅིག་ཕྱོགས་བཏུས་བྱས་ཏེ་འབུམ་རམས་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱིས་གཞུང་མཚན་གནང་བ་བཞིན་《བརྡ་སྤྲོད་གཙུག་ལག་དབྲ་མཛོད་ཆེན་མོ་》ཞེས་པའི་དཔེ་ཆ་ཞིག་པར་སྐྲུན་བྱེད་པའི་གོ་སྐབས་བཟང་པོ་བྱུང་བ་འདི་ཉིད་ལས་དང་སྨོན་ལམ་ཟབ་མོས་བསྐྲུན་པའི་མི་ཚེ་གཅིག་གི་ལས་དོན་གལ་ཆེན་ཞིག་དང་།བདག་ཅག་བུ་སློབ་ཡོངས་ཀྱིས་ཁུར་བར་འོས་པའི་ལས་འགན་ཞིག་ཏུ་བརྩིས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གསུང་རབ་འདི་ཉིད་དགེ་རྒན་དང་སློབ་གྲོགས་ཁྱིམ་མི་སོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག་པར་སྐྲུན་བྱས་ཡོད་ལ། དེབ་འདི་པར་སྐྲུན་གྱི་བྱ་བ་འདི་ནི་ཡུན་རིང་ངང་རེ་སྒུག་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་སློབ་མ་རྣམས་དང་།  གངས་ལྗོངས་རིག་པའི་གནས་ལ་རྣམ་དཔྱོད་ཀྱི་བློ་རིག་ཡངས་པའི་མཁས་པ་ཡོངས་ཀྱི་ཕྱག་ཏུ་མི་འགྱང་བར་རིན་མེད་ཀྱི་ལེགས་སྐྱེས་རེ་འབྲས་དོན་སྨིན་སོན་པ་ཞིག་འབུལ་ངེས།
   དམིགས་གསལ་ཞུ་བ་ཞིག་ལ་སངས་རྒྱས་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ཏུ་ཐོས་བསམ་སྒོམ་གསུམ་གནང་བའི་བསྟི་གནས་བཤད་སྒྲུབ་འདུས་སྡེ་གཞི་ཚུགས་ཡོད་པའི་ཚོགས་སྡེ་ཀུན་ལ<<བརྡ་སྤྲོད་གཙུག་ལག་དབྲ་མཛོད་ཆེན་མོ་>>ཞེས་པའི་པོད་གྲངས་གཅིག་ཅན་འདི་ཉིད། དགེ་སློབ་ཡོངས་ལ་ཅི་ཐེམས་གང་ཐེམས་ཀྱི་སྒོ་ནས་བོན་སྦྱིན་གནང་རྒྱུ་ཡིན་པས་དེའི་ལུགས་སུ་ཐུགས་ལ་མཁྱེན་པར་འཚལ།
འབྲེལ་བ་གནང་ཡུལ་དེབ་འདིའི་གཙོ་སྒྲིག་པ་ཉག་ཚེ་དབང་ནོར་བུ།
ཁ་པར་ཨང་གྲངས། 15196206567
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།