མཚོ་སྔོན་དུང་དཀར་དགོན་དུ་ཀུན་རིག་སྦྱིན་སྲེག་ཕུལ་པ།
[ཟླ་ཚེས། 2023-05-12 21:24:04][རྩོམ་པ་པོ། དུང་དཀར་དགེ་བཤེས་ཤེས་རབ་བསམ་གཏམ།][རྩོམ་ཁུངས། ཞང་བོད་རྩོམ་རིག་སྤྱི་སྟེགས།][ཀློག་གྲངས། ]
དཔལ་གཤེན་བསྟན་སྨིན་གྲོལ་དུང་དཀར་གླིང་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་གའི་གཞུང་བསྲིངས་བའི་ངོ་སྤྲོད་རགས་བསྡུས།

སྡེ་སྣོད་མཛོད་ལས།གང་ཞིག་སངས་རྒྱས་བསྟན་ལ་མ་བསྟེན་པར། བྱང་ཆུབ་འབྲས་བུ་རྙེད་པ་གྲགས་པ་མེད། ཅེས་གསུངས་པ་བཞིན། ཐེངས་འདིར་ཀུན་རིགས་ལས་བཞི་རྒྱུན་ལྔའི་ཆོ་གའི་གཞི་གཟུང་སའི་རྒྱལ་བ་གཤེན་གྱི་བསྟན་པའི་གནས་གཞི་འགྲོ་བ་མི་ཡི་མཆོད་པའི་ཞིང་ས་སྨིན་གྲོལ་དུང་དཀར་དགོན།




དེ་ཡང་། རྗེ་བདག་ཉིད་ཆེན་པོའི་ས་ལམ་ལས།བདེན་པ་མེད་ན་དོན་མི་འབྱུང་། དེ་ཕྱིར་བདེན་པ་དགོས་པའི་མཆོག་ཞེས་གསུངས་པ་བཞིན། བླ་མ་ཁོང་གིས་དེ་རྟག་ཏུ་བོན་འབངས་ཡོངས་ལ་དགེ་སྡིག་སྤང་བླང་གི་རྣམ་བཞག་བསླབ་བྱ་མང་པོ་གནང་བའི་དགེ་བའི་སྟོབས་ལ་བརྟེན་ནས་དད་ལྡན་བོན་འབངས་ཡོངས་ཀྱི་དད་པ་གསུམ་གྱི་གཞི་བཟུང་བས་མ་སྐུལ་དང་ལེན་གྱིས་ཚོགས་བསགས་ཀྱི་རིམ་པ་བརྗོད་ལས་འདས་པ་དང་། སྒོས་སུ་བྱ་འཕུར་བླ་མའི་ཐུགས་ཀྱི་གདུལ་བྱར་གྱུར་བའི་ངེད་དུང་དཀར་དགོན་པ་འདི་ཉིད་ལ་དུས་རྟག་ཏུ་བྱ་གཞག་ཆེ་ཆུང་གང་གི་ཐབས་ལ་རོགས་རམ་མང་པོ་བྱས་པའི་ལ་ལུང་སྡེ་བའི་དགུང་ལོ་བརྒྱད་ཅུར་སོན་པའི་རྒན་པོ་དཔལ་ལྡན་ལགས་ཀྱི་དམངས་སྒོར་སྟོང་ཕྲག་བཞི་བཅུ་ཕུལ་བས་ཚོགས་བསགས་ཀྱི་རིམ་པ་རྒྱ་ཆེན་པོ་བྱས་པས་རྒན་པོ་ཁོང་ཉིད་ཀྱི་སྐུ་ཚེ་བརྟན་ཞིང་ཁྱིམ་མི་རྣམས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་བཅས་ལ་བླ་མ་མཆོག་གིས་སྐྱབས་འཇུག་དུས་ནམ་ཡང་ཞུ་བཞིན་མཆིས་སོ།།

དཀར་པོ་སུམ་སྦྱོར་ལས། བླ་མ་སངས་རྒྱས་བླ་མ་བོན།། དེ་བཞིན་བླ་མ་སེམས་དཔའ་སྟེ།། ཀུན་གྱི་བྱེད་པོ་བླ་མ་ཡིན།། ཞེས་པ་ལྟར།། སྤྱིར་ན་སེམས་ཅན་གྱི་བདེ་སྡུག་ལེགས་ཚོགས་ཐམས་ཅད་ཁོང་གིས་ཐུགས་ཀྱི་དགོངས་པ་ཟབ་མོ་ཕྲན་ལྟ་བུའི་བརྗོད་པར་ག་ལ་རུང་། ཡིན་ནའང་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།ཞེས་པའི་གསོལ་འདེབས་ལྟར། དགོན་འདིའི་བསྟན་འགྲོ་དོན་ཆེན་ཆེ་ཆུང་གང་གི་ཐད་ལ་ཡང་གྲྭ་བ་དཀྱུས་མ་ཞིག་གི་ཚུལ་བཟུང་སྟེ་བསྟན་དང་འགྲོ་བའི་དོན་མཛད་པ་ནི་དཀར་པོ་སུམ་སྦྱོར་གྱི་ལུང་དང་མཐུན་ནོ།།

མདོ་སྨད་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་རིན་པོ་ཆེ་དང་བྱ་འཕུར་ཉི་མ་རིན་པོ་ཆེ་རྣམ་གསུམ་གྱིས་སྦྱིན་སྲེག་གི་ཆོ་ག་གསུངས་བཞིན་པ།

གསང་དོན་རྣམ་འབྱེད་ལས།ཟབ་མོ་ཕྲིན་ལས་རྣམ་པ་གསུམ།། བདག་དོན་གཞན་དོན་གཉིས་དོན་ལ།། ལུང་དོན་གཞུང་དོན་མཐའ་བསྒྱུར་མཆོང་།། འགྲོ་དོན་རྟགས་ཀྱི་ཕྲིན་ལས་དབྱེ།། ཞེས་པ་ལྟར།། དམ་པ་ཁོང་རྣམ་གསུམ་གྱིས་ཏིང་འཛིན་གསུམ་གྱི་གཞི་བཟུང་སྟེ་ཟབ་མོ་ཕྲིན་ལས་ཀྱི་ངང་ནས་བདག་གཞན་གྱི་དོན་དུ་མེ་ལྷ་སྦར་བཞིན་པ།

ཡེ་ཁྲི་ལ་བཟླའི་བམ་པོ་ལས།དགེ་བ་ཅི་དང་ཅི་སྤྱད་པ། དམ་པ་གསུམ་གྱི་ཟིན་པར་བྱ།ཞེས་གསུངས་པ་བཞིན། གཤེན་གྱི་འདུལ་སྡེ་དགེ་སྦྱོང་བ་རྣམས་ཀྱིས་དམ་པ་གསུམ་གྱི་ཟིན་པའི་སྒོ་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་གསུངས་བཞིན་པ།

ཉིན་མང་བོ་རིང་ལ་གཤེན་གྱི་དགེ་སྦྱོང་བ་རྣམས་གྱིས་བསྙེན་སྒྲུབ་ལས་གསུམ་གྱི་གཞུང་བསྲིངས་སྐབས་རྟགས་དང་རྟེན་འབྲེལ་གྱི་ངོ་མཚར་མང་བོ་བྱུང་སྟེ་སྐབས་རེ་སྦྲང་ཆར་སིལ་མ་ས་གཞིར་འཐོར་ཞིང་སྐབས་རེ་ཁ་བའི་མེ་ཏོག་གང་སར་ཁྱབ་པས་བོན་འབངས་ལྷ་སྡེ་ཡོངས་ཀྱི་དད་པའི་བ་སྤུ་གཡོ་ཞིང་མིག་ཆུ་དབང་མེད་ཤོར་བའི་སྐལ་ལྡན་དྭངས་པ་འདྲེན་པའི་གནས་སུ་གྱུར་ཡོད་དོ།།

འཇུག་མཐར་བླ་གྲྭ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཐའ་དག་རྒྱས་པ་དང་། གདུལ་བྱ་སེམས་ཅན་ཐམས་ཅད་ལ་ནད་མེད་ཚེ་རིང་ཡོང་བ་དང་བསམ་དོན་ལྷུན་གྱིས་འགྲུབ་པའི་བསྔོ་བ་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་ཡོངས་སུ་རྫོགས་པ་ལེགས་པར་གྲུབ་བོ།།