རྒྱལ་ཁབ་རིམ་པའི་གཙོ་ཆེའི་ལས་གཞི་གངས་ཅན་བོད་ཀྱི་ཕ་ཆོས་སྤྱི་བཤད་ཅེས་པའི་ཞིབ་དཔྱད་ཚོགས་འདུ་འཚོགས་པ།

[ཟླ་ཚེས། 2023-04-22 21:23:39][རྩོམ་པ་པོ། བྱམས་པས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱལ་ཁབ་རིམ་པའི་གཙོ་ཆེའི་ལས་གཞི་གངས་ཅན་བོད་ཀྱི་ཕ་ཆོས་སྤྱི་བཤད་ཅེས་པའི་ཞིབ་དཔྱད་ཚོགས་འདུ་བསྡུས།
ལོ་ཙཱ་བ། བྱམས་པ།
                
      སྤྱི་ཟླ་བཞི་པའི་ཚེས་བཅུ་དགུ་ཉིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གསར་འགྱུར་དྲ་བས་བསྒྲགས་པ་ལྟར་ན། ཚེས་བཅུ་དྲུག་ཉིན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཤར་བ་ཐོགས་མེད་མཆོག་གིས་གཙོ་སྐྱོང་གནང་བའི་གངས་ཅན་བོད་ཀྱི་ཕ་ཆོས་སྤྱི་བཤད་ཅེས་པའི་ལས་གཞིའི་གྲུབ་འབྲས་ལ་ཞིབ་དཔྱད་གནང་བའི་ཚོགས་འདུ་དེ་སློབ་ཁུལ་རྙིང་པ་ནས་དྲ་ལམ་དང་དངོས་ཞུགས་ཟུང་འབྲེལ་གྱིས་འཚོགས།
      སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རྩལ་མཉམ་འབྲེལ་ཁང་ལས་གཞིའི་འཆར་འགོད་ལ་གདེང་འཇོག་དང་བྱ་དགའ་སྤྲོད་པའི་ལས་ཁུངས་ཀྱི་ཀྲུའུ་རེན་གཞོན་པ་ཀྲོའུ་ཀྲེ་ཞན་དང་། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རྩལ་མཉམ་འབྲེལ་ཁང་ལས་གཞིའི་འཆར་འགོད་ལ་གདེང་འཇོག་དང་བྱ་དགའ་སྤྲོད་པའི་ལས་ཁུངས་ཀྱི་ལས་བྱེད་པ་ཐུའུ་ཧེ་ཡན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་ཨར་ཀོའུ་ཏ་ཅིས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་བཅས་ཚོགས་འདུར་ཞུགས།
     
ཐོག་མར། རྒན་འབྲུག་མོ་བྱམས་ལགས་ནས་ལས་གཞིའི་གྲུབ་འབྲས་ལ་དཔྱད་འཇོག་བྱེད་པའི་མགོ་འཛིན་མཛད་ཅིང་གཏམ་བཤད་སྤེལ་ནས་ཞིབ་དཔྱད་ཆེད་མཁས་མི་སྣ་དང་། ལས་གཞིའི་ཁོངས་མི། ལས་གཞི་ལེགས་འགྲུབ་ཡོང་བའི་གནས་ཚུལ་སོགས་ངོ་སྤྲོད་གནང་བ་མ་ཟད། རྒྱལ་ཁབ་རིམ་པའི་གལ་ཆེའི་ལས་གཞིའི་གྲུབ་འབྲས་ཞིབ་དཔྱད་ཐད་བླང་བྱ་གསལ་བོ་བཏོན། ཨར་ཀོའུ་ཏ་ཅིས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཚབ་བྱས་ནས་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རྩལ་མཉམ་འབྲེལ་ལས་གཞི་འཆར་འགོད་ཁང་དང་ཚོགས་ཞུགས་ཆེད་མཁས་རྣམས་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས་ཏེ། ད་དུང་མུ་མཐུད་དུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིག་ཚན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་ནན་ཏན་ཞུས་པ་མ་ཟད། ལས་གཞི་ཚོགས་པས་ད་དུང་མུ་མཐུད་དུ་འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་དག་སྤྱི་ཚོགས་ཐོག་ཁྱབ་བརྡལ་གཏོང་བ་དང་། འཇོན་ཐང་མི་སྣ་བསྐྱེད་བསྲིང་། སྤྱི་ཚོགས་ཞབས་ཞུ་སོགས་ཕྱོགས་གང་ཐད་ནས་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱས་ཏེ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིག་ཚན་མང་པོའི་འཛུགས་སྐྲུན་བདེ་བླག་འབྱུང་བར་སྐུལ་ལྕགས་གནང་།
     
དེའི་འཕྲོར། ཆེད་མཁས་མི་སྣ་དག་གདན་འདྲེན་ཞུ་མཁན་ཡོན་ཧྲི་ཁྲིན་ཧྥ་ཧུའུ་ལགས་ཀྱིས་ཚོགས་འདུར་འགོ་འཛིན་མཛད། ལས་གཞི་ཞིབ་འཇུག་ཚོགས་པའི་དབུ་བཞུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་ཐོགས་མེད་མཆོག་གིས་ལས་གཞི་ཞིབ་འཇུག་གི་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང་། ཞིབ་འཇུག་གྲུབ་འབྲས་སོགས་རེ་རེ་བཞིན་ངོ་སྤྲོད་བྱས། ཞིབ་འཇུག་ལས་གཞིའི་བྱེ་བྲག་གྲུབ་འབྲས་རྣམས་རྒྱུ་ཆ་ཕྱོགས་བསྒྲིགས་དང་། བརྩམས་ཆོས་དེབ་བཞི། དཔྱད་རྩོམ་བཅོ་བརྒྱད་དུ་བསྡུས་ཏེ། ཆེས་མཐའི་ཞིབ་འཇུག་གྲུབ་འབྲས་གངས་ཅན་བོད་ཀྱི་ཕ་ཆོས་སྤྱི་བཤད་ཅེས་པ་ལེགས་འགྲུབ་བྱུང་ཡོད་ཅིང་། དེའི་ཁྲོད་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུའི་དེབ་བཞི་ལ་ཚན་པ་ཉེར་གཅིག་དང་ཁྱོན་བསྡོམས་ཡིག་གྲངས་ཁྲི་དྲུག་ཅུ་ལྷག་མཆིས་ཤིང་། སོ་སོར་བོན་གྱི་ཆོས་ལུགས་བྱུང་བའི་དུས་ཚོད་དང་བར་སྟོང་གི་གནས་ཡུལ། བོན་ཆོས་བྱུང་བའི་ལོ་རྒྱུས། རིགས་རྣམ། ཆོས་དོན་གཞུང་ལུགས་ཀྱི་མ་ལག། བོན་ཆོས་དང་མཐའ་འཁོར་ཆོས་ལུགས་རིག་གནས་ཀྱི་འབྲེལ་བ། བོན་ཆོས་དང་འབྲེལ་ཡོད་སྤྱི་ཚོགས་འཚོ་བའི་རིག་གནས་འབྲེལ་བ་སོགས་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལྡན།
       ཆེད་མཁས་པའི་ཚན་ཆུང་གིས་དྲི་བ་བཏོན་པ་དང་ཞིབ་འཇུག་ལས་གཞིའི་ཚན་ཆུང་གི་འཐུས་མིས་བགྲོ་གླེང་།    ཆེད་མཁས་པའི་ཚན་ཆུང་གི་དཔྱད་མོལ་སོགས་བརྒྱུད་དེ། གསལ་འབྱེད་ཆེད་མཁས་པ་རྣམས་ཀྱིས་ལས་གཞིའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། གཅིག་གྱུར་གྱིས་ཞིབ་འཇུག་གྲུབ་འབྲས་ཀྱི་གྲངས་འབོར་མང་ལ་སྤུས་ཚད་མཐོ་བས། རིག་གཞུང་གི་རིན་ཐང་གལ་ཆེན་དང་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པར་འདོད། ཞིབ་དཔྱད་ཆེད་མཁས་པ་རྣམས་ཀྱིས་ཞིབ་འཇུག་ལས་གཞིའི་ཚན་ཆུང་ལ་འབྲེལ་ཡོད་རིག་གནས་བདེ་འཇགས་སོགས་ནང་དོན་གྱི་རྒྱས་བཤད་དེ་འབྲེལ་ཡོད་བློ་འདྲིའི་གྲོས་གཞི་བྱས་ནས། གོང་རིམ་སྡེ་ཁག་ལ་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་དགོས་པའི་བསམ་ཚུལ་བཏོན། དཔྱད་བསྡུར་བརྡས་ཐག་བཅད་པ་བརྒྱུད།    གསལ་འབྱེད་ལ་མོས་མཐུན་བྱུང་བ་མ་ཟད།  ཕུལ་བྱུང་རིམ་པའི་ལས་གཞིར་བདམས་ཐོན་བྱུང་།
   
    རྒྱལ་ཁབ་རིམ་པའི་གལ་ཆེའི་ལས་གཞི་འདིའི་ཆབ་འོག་ཏུ་ཚུད་པའི་བྱེ་བྲག་འགན་འཛིན་མི་སྣ་ཁག་ཅིག་སྟེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ། ལན་གྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་བཅས་ཀྱང་ཞིབ་དཔྱད་ཚོགས་འདུར་ཞུགས།
         རྒྱུས་ལོན་པ་ལྟར་ན། དགེ་རྒན་ཆེན་མོ་ཤར་བ་ཐོགས་མེད་མཆོག་དབུ་བཞུགས་ཆེད་མཁས་ཡིན་པའི་རྒྱལ་ཁབ་རིམ་པའི་གལ་ཆེའི་ལས་གཞི་གངས་ཅན་བོད་ཀྱི་ཕ་ཆོས་སྤྱི་བཤད་ཅེས་པ་འདི་སྤྱི་ལོ་2017ལོའི་སྤྱི་ཟླ་11པའི་ཚེས་15ཉིན་ཆོག་མཆན་བཀོད་པ་ནས་བཟུང་། ཞིབ་འཇུག་ཚོགས་མི་རྣམས་ཀྱིས་ནན་ཏན་སྒོས་ཞིབ་འཇུག་གི་འཆར་འགོད་ལྟར་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་རེས་མཉམ་གནས་ལ་སྣེ་ཁྲིད་བཟང་པོ་བྱེད་པ་དམིགས་ཡུལ་དུ་འཛིན་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད་རིག་གཞུང་གི་རམ་འདེགས་བྱེད་པ་ཞིབ་འཇུག་དམིགས་ཡུལ་དུ་བཟུང་ནས། མཐོང་སྣེ་མང་པོ་དང་རིམ་པ་མང་པོ། རིག་ཚན་མང་པོའི་ཕན་ཚུན་བསྣོལ་རེས་ཀྱི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་བོན་ཆོས་ཀྱི་རྩ་བའི་ཁྱད་ཆོས་གསལ་སྟོན་གནང་། གཞན་ཡང་། མཚོ་བོད་མཐོ་སྒང་དང་མཐའ་འཁོར་མི་རིགས་བར་གྱི་འགྲོ་འོང་དང་། བསམ་ཚུལ་བརྗེ་རེས། འབྲེལ་འདྲིས་སོགས་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་འབྱེད་བྱས་པ་བརྒྱུད། མཚོ་བོད་མཐོ་སྒང་དང་མཐའ་མཚམས་ས་ཁུལ་བར་གྱི་ཆོས་ལུགས་རིག་གནས་ཀྱི་འབྲེལ་བ་ཁ་ཇེ་གསལ་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ཇེ་བརྟན་དུ་གཏོང་བར་ཆོས་ལུགས་རིག་གནས་འབྲེལ་བའི་ཐད་ཀྱི་རིག་གཞུང་ཞིབ་འཇུག་གི་ཚན་ཁ་གསར་བ་ཞིག་བསྣན་ཡོད་དོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།