སྟག་ཞིག་དགོན་གྱི་སྐབས་བཞི་པའི་སྒྲུབ་ཐོན་མཛད་སྒོའི་གནས་བསྡུས།
[ཟླ་ཚེས། 2023-04-03 11:06:48][རྩོམ་པ་པོ། རྟོག་རླུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དེ་ཡང་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་ཞང་བོད་ཀྱི་ལྗོངས་ཆེན་མོ་འདིར། ལོ་ངོ་ཁྲི་ཕྲག་ལྷག་གི་གོང་རོལ་ནས་ལྷར་བཅས་འགྲོ་བ་ཀུན་གྱི་སྐྱབས་གནས་དམ་པ། རྩོད་ལྡན་ཚེ་ལོ་བརྒྱ་པའི་མགོན་པོ་སྟོན་མཆོག་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་གདུལ་བྱ་ཐུན་མོང་གི་བསོད་ནམས་ཀྱི་སྐལ་པ་རུ། ཞང་ཞུང་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་མཆོག་མངོན་པར་བལྟམས་ཤིང་། རྒྱལ་བའི་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད། བཀའ་སྲོལ་ཝལ་གྱིས་ཕྱེས་ནས་གདུལ་བྱའི་བློ་རབ་འབྲིང་དགུ་ལ་བལྟོས་ཏེ་བོན་ཐེག་པ་རིམ་དགུ་དང་། ཉོན་མོངས་པ་དུག་ལྔ་ལ་བལྟོས་ཏེ་བོན་སྒོ་བཞི་མཛོད་ལྔ། རིག་པ་དང་མ་རིག་པ་གཉིས་ལ་བལྟོས་ཏེ་བོན་དྲང་དོན་དང་ངེས་དོན་གཉིས་སོགས་གང་ལ་གང་འདུལ། དེ་ལ་དེ་སྟོན་གྱི་བོན་སྒོ་བསམ་གྱིས་མི་ཁྱབ་པ་ལེགས་པར་བསྟན་ནས་དཀར་འབྱམས་ཡུག་གཅིག་གིས་ཁྱབ་པར་གྱུར། དེ་ནས་རིམ་པར་གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་དང་། འཛམ་གླིང་མཁས་པའི་རྒྱན་དྲུག རྒྱུད་འཛིན་བྲུ་ཞུ་སྤ་རྨེའུ། མདོ་སྨད་ཞིག་པོ་བཅོ་བརྒྱད། ཤར་རྫའི་འཇའ་ལུས་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་བུ་དུ་མ་ཁད་ཀྱིས་ཕེབས་ནས་བསྟན་པ་རྒྱས་ཤིང་། འགྲོ་བ་བདེ་བའི་མཛད་པ་རྒྱ་ཆེར་བསྐྱངས། ཁྱད་པར་དུ་སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་འཛམ་གླིང་ཐ་གྲུ་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཐོན་པོར་སྒྲེང་བའི་སྐབས་འདིར། འབྲི་ཆུ་གསེར་ལྡན་ཁྲ་མོའི་གཡས་ཟུར། མཛོད་གདོང་བསམ་གཏན་དཔལ་རིའི་མདུན་ཞོལ། ཁམས་འཇོ་མདའ་སྨན་ལྗོངས་ཕྱུག་མོའི་ཡུལ་དུ་གནས་གཞིས་ཆགས་པའི། མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན༧དཔལ་གཤེན་བསྟན་སྟག་ཞིག་མཁས་སྲིད་དར་རྒྱས་གཡུང་དྲུང་གླིང་གི་སྐབས་བཞི་པའི་སྒྲུབ་ཐོན་གྱི་མཛད་སྒོ་ཟབ་རྒྱས་ངང་སྤེལ།
དེ་ཡང་སྐབས་བཞི་པའི་སྒྲུབ་གྲྭ་སྟེ་སྤྱི་ལོ་༢༠༡༩/༢/༢༧ བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་ཟླ་བ་དང་པོ་སྔོན་མའི་ཚེས་ཉི་ཤུ་གསུམ། ལྷག་པ་ལྷ་མཚམས་འགྲུབ་སྦྱོར་ཉིན་བླ་སྤྲུལ་མཁན་གསུམ་དབུ་བཞུགས་ཐོག་གྲྭ་ཚང་དགྱེས་འཛོམས་ངང་ཚོགས་མཆོད་རྒྱས་འབུལ་དང་བཅས། རྒན་རྟ་མགྲིན་ལགས་སྒྲུབ་དཔོན་བསྐོས་ཤིང་། དངོས་ཞུགས་གྲྭ་བཙུན་དྲུག་དང་། ཟུར་ཞུགས་སྦྱོང་གྲྭའི་འཛིན་གྲྭ་བཅས་དབུ་བཙུགས་གནང་བ་དང་། སྐབས་དེའི་རིམ་སྔར་སྲོལ་བཞིན་སྔོན་འགྲོ་བསགས་སྦྱོང་དང་། རྩ་རླུང་མུན་མཚམས། སྒྲིབ་སྦྱོང་ཞེ་དགུ། དབང་ལུང་ཁྲིད་གསུམ། འདོན་བསྐུལ་མཆོད་ཚོགས། ཟུར་ཞུགས་འཛིན་གྲྭར་ཡི་གེ་བསླབ་རྒྱུ་སོགས། རྒན་རྟ་མགྲིན་ལགས་ཀྱིས་གཙོ་འགན་ལེགས་པར་བཞེས་ཤིང་བླ་ན་མེད་པའི་བཀའ་དྲིན་བསྐྱངས།
མཐར་སྤྱི་ལོ་༢༠༢༣/༣/༢༤བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ཀྱི་ལོའི་ཟླ་བ་གཉིས་པའི་ཚེས་གསུམ། པ་སངས་ནམ་གྲུ་འགྲུབ་སྦྱོར་ཉིན་སྐབས་བཞི་པའི་སྒྲུབ་ཐོན་གྱི་མཛད་སྒོ་སྤེལ་ཞིང་། སྤྲུལ་སྐུ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་ཚང་ཡོངས་ཀྱིས་དགའ་སྟོན་གྱི་ཚོགས་འཁོར་བསྐོར། སྐབས་བཞི་པའི་སྒྲུབ་གྲྭ་ཚང་སྤྱི་ནས་མང་ཇ་སྐུ་འགྱེད་རྒྱས་འབུལ་དང་། ལོ་བཞི་ཡི་རིང་གསོལ་ཟས་སོགས་ཀྱི་འགྲོ་གྲོན་ཕུད་ལྷག འདོན་བསྐུལ་བྱུང་བའི་དམངས་སྒོར་ཁྲི་སུམ་ཅུ་(༣༠༠༠༠༠)ལྷག་དགོན་གཞུང་ལ་བསྟན་རྩར་ཕུལ་བ་བཅས་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་སྐབས་བཞི་པའི་སྒྲུབ་ཐོན་མཛད་སྒོ་ལེགས་པར་གྲུབ་པ་དང་། དུས་མཚུངས་སུ་སྐབས་ལྔ་པའི་སྒྲུབ་གྲྭ་ཡང་དབུ་འཛུགས་གནང་བ་བཅས་ཀྱི་གནས་བསྡུས་སུ། ༢༠༢༣/༤/༢ཉིན་སྤེལ།