མེ་སྟོན་ཚང་གི་ཞལ་ཐང་ཆེན་མོ་ལེགས་འགྲུབ་བྱུང་བའི་གནད་བསྡུས།

[ཟླ་ཚེས། 2023-04-03 10:18:19][རྩོམ་པ་པོ། ཟིལ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  བསྐལ་ཆེན་སྟོན་པ་རྒྱལ་བ་གཤེན་རབ་ཀྱི།། ཐུགས་བསྟན་གཉེར་དཔོན་བླ་ཆེན་དྲན་པ་དང་།། དབྱེར་མེད་དཔོན་གསས་དུས་མཐའི་རྣལ་འབྱོར་རྗེ།། མེ་སྟོན་ཉི་མ་རྒྱལ་མཚན་ཞབས་ལ་འདུད།། མ་འགག་སྐྱེ་མེད་དབྱིངས་ཆེན་འབྱམས་ཡས་ཀློང་།། མ་གཡོས་སྒྱུ་འཕྲུལ་ཤེས་རབ་བྱམས་མའི་གར།། མ་མཆོག་སྲིད་རྒྱལ་བཀའ་སྲུང་ཀུན་འདུས་དཔལ།། མ་གཅིག་དཔལ་ལྡན་ལྷ་མོས་བདག་སྐྱོངས་ཤིག །

  རྒྱུད་ལས། བླ་མ་སངས་རྒྱས་འདུ་ཤེས་མ་བསྐྱེད་ན།། ཡི་དམ་དམིགས་པ་གསལ་ཡང་འདོད་བློ་ཡིན།། ཞེས་དང་། ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་མངོན་རྟོགས་ལས། དཔོན་གསས་བླ་མ་དེ་ཉིད། སྐུ་རི་རབ་བས་གཉན་ཞིང་བརྗིད་ཆེ་བ། གསུང་རྒྱ་མཚོ་བས་ཟབ་ཅིང་བརྟགས་དཀའ་བ། ཐུགས་ནམ་མཁའ་ལྟར་མི་གཡོ་ཞིང་སྤྲོས་དང་བྲལ་བ། མིག་སྙིང་སྲོག་གསུམ་བས་ཀྱང་གཅེས་པར་སྒོམས། ཞེས་སོགས་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་དགོངས་མཐིལ་ཐུགས་ལ་བཅང་ཞིང་དད་འབྱོར་གཉིས་ལྡན་གྱི་སྦྱིན་བདག་ཆེན་མོ། ཡར་མེ་བློ་གྲོས་ཉི་མ་དང་། ཤོ་ས་མཆོག་གྲགས། པཎ་ཙ་ཟླ་དགའ་ནོར་བུ། སྤྱང་བཀྲ་ཤིས་དཔལ་ལྡན། ཁ་ལ་བློ་གྲོས་རྣམ་གྲགས། སྐྱང་རྒྱས་ཚེ་དབང་སྟོབས་རྒྱལ། ཕོ་ཆུང་ཚེ་དབང་དབང་གྲགས། ཡ་མ་ལྷག་པ། བདེ་ཁང་སྐལ་བཟང་ཉི་མ་བཅས་ཀྱིས་མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གྱི་འགྲོ་སོང་བཏང་ནས། ཁྱུང་པོ་སྟེང་ཆེན་གྱི་དཔེ་དེབ་དང་པོའི་ཤོག་ངོས་བཞི་བརྒྱར་མེ་སྟོན་ཚང་གིས་ཕྱི་རབས་ཀྱི་དད་རྟེན་དུ་བཞེངས་པའི་རྟེན་གསུམ་རྣམས་ངོ་སྤྲོད་རྒྱས་པར་མཛད་པའི་སྐབས་ཐོག་བརྩེགས་སུམ་ལྡན་གྱི་གསེར་བྲིས་ཞལ་ཐང་ཧ་ཅང་མཐོང་དཀོན་པ་སྤུས་ལྡན་༢། སྐད་གྲགས་ལྡན་པའི་ཞལ་ཐང་(༡༠༠༠)སྐོར་ཞེས་གསལ་བ་ལྟར་ཡབ་མྱེས་དམ་པའི་ཕྱག་སྲོལ་རིང་མོའི་རྒྱུན་ཐག་བསྐྱང་པ་དང་། དད་ལྡན་དང་བ་འདྲེན་པའི་དམིགས་རྟེན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་སོགས་རླབས་ཆེན་གྱི་དམིགས་པ་ཟབ་མོས་སྐྱབས་རྗེ་རྩ་བའི་བླ་མ་༧མེ་སྟོན་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཞལ་བཀོད་ལྟར་ལྷ་རིས་པ་གྲགས་ཅན་སྐལ་བཟང་ཉི་མས་༼༢༠༢༢༽ལོ་ནས་དབུ་བཟུང་སྟེ་མཐར་༼༢༠༢༣༽བར་ལོ་ངོ་གཉིས་ཙམ་རིང་«མེ་སྟོན་རྣལ་འབྱོར་ཉི་མ་རྒྱལ་མཚན་གྱི་སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན»ལས། མེ་ཉག་རུས་ལ་དཀར་ནག་གཉིས་སུ་ཆད།། རུས་རིགས་དཀར་ལ་ཡར་རུས་ཞེས་བྱ་བའི།། རྒྱུད་ལས་མེ་ཉག་ལྕེ་ཚ་མཁར་བུ་སོགས།། སྔ་དར་བོན་གཤེན་རིག་འཛིན་ཁ་ཤས་བྱོན།། ཕྱིས་བྱུང་ཡར་འབྲོག་མེ་སྟོན་ཆེན་པོ་དང་།། དབལ་ཕུར་རྒྱུད་པའི་མེ་སྟོན་དགུ་ལ་སོགས།། མེ་ཉག་རུས་ལ་བླ་མ་དུ་མར་བྱོན།། རུས་ནག་མེ་ཉག་གཡུ་རྩེ་རྒྱལ་པོ་སོགས།། ནག་ཕྱོགས་ཆེ་བའི་དཔོན་རྒྱུད་འགའ་ཡང་གྲོལ།། རུས་རིགས་དཀར་ནག་མི་རྒྱུད་གྲངས་ལས་འདས།། ཞེས་གསལ་བ་ལྟར་བསྟན་པ་སྔ་དར་སྐབས་མེ་ཉག་ལྕེ་ཚ་མཁར་བུ་སོགས་དང་། ཕྱི་དར་སྐབས་མེ་སྟོན་ཤེས་རབ་འོད་ཟེར་དང་། དབལ་ཕུར་རྒྱུད་པའི་མེ་སྟོན་དགུ་སོགས་མཁས་ཤིང་གྲུབ་པའི་བོན་གཤེན་རིག་འཛིན་དུ་མ་བྱོན་པ་དང་གདུང་རབས་གཅིག་པ་མེ་ཉག་གི་ཡུལ་ནས་ཁྱུང་དཀར་རྒྱལ་པོའི་ཐ་གྲུར་མཆེད་པའི་སྐྱབས་རྗེ་རྩ་བའི་བླ་མ་༧མེ་སྟོན་རྣམ་ཚང་གི་བླ་རབས་བཅུ་སྟེ།

  དང་པོ། གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་སྐུ་དངོས་སུ་བྱོན་པ་དང་དབྱེར་མ་མཆིས་པ་མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་༼༡༨༤༤༽ཕྱག་འདེབས་པ་པོ་སྙིགས་དུས་ཀྱི་དཀའ་ཐུབ་པ་ཆེན་མོ་གྲུབ་ཆེན་༧མེ་སྟོན་ཉི་མ་རྒྱལ་མཚན་༼༡༨༡༦/༡༨༩༧༽མཆོག་དང་།

  གཉིས་པ། དབལ་འབར་སྟག་སླག་ཅན་གྱི་ལུང་བསྟན་ལས། སྨོན་ལམ་གཡུང་དྲུང་ཐོག་ལ་ཡར་ཁྲིད་དང་།། བསྟན་འགྲོ་ཕན་བདེ་ནུས་པའི་དྲང་སྲོང་འབྱུང་།། ཞེས་དང་། དཔལ་ཚུལ་བསྟན་འབྱུང་ལས། ཐེག་ཆེན་བཀའ་འཁོར་བསྐོར་བ་སྔ་ཕྱི་བར།། སློབ་བརྒྱུད་གྲུབ་ཐོབ་སྐྱེས་བུ་ཐོན་ཆེ་བ།། སྔ་དུས་རྗེ་བཙུན་དམ་པ་དགོངས་མཛོད་དང་།། བར་དུ་སློབ་དཔོན་བསྟན་པ་འོད་ཟེར་དང་།། དེའི་རྗེས་གྲུབ་དབང་སྨོན་ལམ་རྣམ་གསུམ་ལགས།། ཞེས་མཁས་གྲུབ་དུ་མས་བསྟོད་པར་འོས་པ་གྲུབ་རྗེ་སྨོན་ལམ་བསྟན་པའི་རྒྱལ་མཚན་༼༡༨༤༢/༡༩༡༧༽རིན་པོ་ཆེ་དང་།

  གསུམ་པ། དབལ་འབར་སྟག་སླག་གི་ལུང་བསྟན་ལྟར་ཡབ་ཕུན་ཚོགས་དར་རྒྱས་ཀྱི་ཡང་སྤྲུལ་མེ་སྟོན་གཡུང་དྲུང་ཉི་མ་དབང་གི་རྒྱལ་མཚན་༼༡༨༥༥/༡༨༦༤༽མཆོག་དང་།

  བཞི་པ། བྱ་བཏང་གི་སྤྱོད་པ་ཁོ་ན་མཛད་ཅིང་སྟོད་གངས་ཏི་སེ་དང་སྨད་ཁ་བ་དཀར་པོ་ཡན་གྱི་སྒྲུབ་གནས་ཀུན་ཀ་དང་རྩ་རིར་ཐེངས་གསུམ་ཕེབས་པ་མ་ཟད། ལྷག་ཏུ་ཐུགས་སྤྲུལ་བོན་རི་ཆེན་མོར་ཞབས་སྐོར་བརྒྱ་ཕྲག་བཅུ་གསུམ་དང་། བརྐྱང་ཕྱག་ལྔ་བཅུ། འཕྲད་སྒྲིག་བཅུ་སོགས་ཀྱི་དགེ་སྦྱོར་པ་ཆེན་མོ་མེ་སྟོན་སྦྱིན་པ་རྒྱལ་མཚན་༼༡༨༦༤/༡༩༠༩༽མཆོག་དང་།

  ལྔ་པ། སྨན་རིའི་མཁན་ཆེན་ཕུན་ཚོགས་བློ་གྲོས་དང་ཉག་གཏེར་གསང་སྔགས་གླིང་པ་སོགས་གདན་ས་འདིར་སྤྱན་དྲངས་ཏེ་སྨོན་ལམ་རིན་པོ་ཆེའི་ཐུགས་བསྐྱེད་ལྟར་རྒྱལ་བའི་བཀའ་རིན་པོ་ཆེའི་ལྗགས་ལུང་ཐེངས་དང་པོ་སོགས་བོན་འཁོར་རླབས་ཆེན་བསྐོར་བའི་མངའ་བདག་མེ་སྟོན་ཀུན་དགའ་རྒྱལ་མཚན་༼༡༨༨༩/༡༩༣༤༽མཆོག་དང་།

  དྲུག་པ། གྲུབ་ཐོབ་བཟོད་པ་རྒྱལ་མཚན་གྱི་ཞལ་ནས། ཁྱུང་ཡུལ་སྟོད་སྨད་བར་གསུམ་དུ་གཞན་དོན་མཛད་མཁན་བླ་མ་དུ་མ་ཡོད་རུང་ཚུལ་ཁྲིམས་རྒྱལ་མཚན་གོང་དུ་ཕུད། དེ་མཚམས་ཟླ་ཤུལ་བླ་མ་བསྟན་གྲགས་ནི་ཚེ་འདས་ལ་ཕན་ཐོག་ཆེ་འདུག ཅེས་བསྔགས་པའི་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་༼༡༨༩༦/༡༩༥༩༽མཆོག་དང་།

  བདུན་པ། ཚུལ་ཁྲིམས་རྒྱལ་མཚན་སྐུ་མདུན་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ཁྲིད་མན་ངག་ལུང་དང་བཅས་པ་བུམ་པ་གང་བྱོས་ལྟར་མཛད་ཅིང་རིག་གནས་ཀུན་ལ་ཆེད་དུ་མ་བསླབས་ཀྱང་ཐོགས་མེད་དུ་མཁྱེན་པའི་མེ་སྟོན་ཚུལ་ཁྲིམས་ཉི་མ་༼༡༩༣༥/༡༩༧༥༽མཆོག་དང་།

  བརྒྱད་པ། བསྟན་རྒྱས་གླིང་གི་དབུ་མཛད་ཆེན་མོ་གཡུང་དྲུང་ཚུལ་ཁྲིམས་ཏེ་བཅུ་ཕྲག་རིག་པའི་གནས་ཀུན་ལ་བྱང་ཆུབ་པ་ཁོང་དང་། གྲུབ་དབང་བཟོད་པ་རིན་པོ་ཆེ་སོགས་མཁས་གྲུབ་དུ་མའི་མདུན་ནས་བླ་ན་མེད་པའི་ཐུགས་བཅུད་ཀུན་བསྡུས་ཀྱི་དགོངས་སྤྱོད་རྨད་པོའི་ཆེ་བ་ཅན་གཞུང་རིག་གནས་ཀུན་ལ་རབ་འབྱམས་པ་མེ་སྟོན་གཡུང་དྲུང་རྒྱལ་མཚན་༼༡༩༢༧/༡༩༨༤༽མཆོག་དང་།

  དགུ་པ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་། སྒོས་སུ་ཁྱུང་པོ་དཀར་ནག་སེར་གསུམ། ཡང་སྒོས་མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་པའི་བསྟན་པའི་མེ་རོ་གྱེན་གསོ་བ་ཆེན་མོ་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་༼༡༩༤༨/༢༠༡༢༽མཆོག་དང་།

  བཅུ་པ། མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་བཤད་སྒྲུབ་འདུས་སྡེའི་བསྟན་པའི་སྲོག་ཤིང་སྟེ་གདན་ས་འདིར་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་རིན་པོ་ཆེའི་ལྗགས་ལུང་ཐེངས་གཉིས་པའི་བཀའ་དྲིན་བསྩལད་བ་པོ་གཡུང་དྲུང་བོན་གྱི་གྲྭ་ས་གོང་མ་གཙང་སྨན་རི་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་མེ་སྟོན་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་༼༡༩༧༣༽མཆོག་བཅས།

  ཁྱུང་དབུས་གཡུང་དྲུང་བོན་གྱི་དགོན་སྡེ་ཆེན་མོ་༧མེ་སྟོན་གདན་ས་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དགོན་པའི་རྩ་བླ་རིམ་བྱོན་གྱི་«མེ་སྟོན་ཚང་གི་ཞལ་ཐང་ཆེན་མོ»ཞེས་པ་གྱེན་དུ་སྤྱི་ཁྲེ་བརྒྱད་དང་སྐར་མ་བརྒྱད་ཅུ། འཕྲད་ལ་སྤྱི་ཁྲེ་ལྔ་དང་སྐར་མ་ལྔ་བཅུ་ང་གསུམ་ཅན་འདི་ཉིད་ཆེད་དུ་དག་བཞེངས་མཛད་པ་སྟེ། ལྷ་རིས་གྲགས་ཅན་སྐལ་བཟང་ཉི་མ་ནི་༼༡༩༨༨༽ལོར་ཁྱུང་པོ་སྟེང་ཆེན་ཁར་སྐྱེས་ཤིང་། ༢༠༠༣ལོ་ནས་ལྷ་རིས་པ་གྲགས་ཅན་ལྡོང་ཚ་ནོར་བུ་གཡུལ་རྒྱལ་དགེ་རྒན་དུ་བསྟེན་ཏེ་༢༠༠༧ལོར་སློབ་འབྲིང་གི་ལག་འཁྱེར་བཞེས། དེའི་རྗེས་སྟེང་ཆེན་རྫོང་གིས་གཉེར་བའི་རི་མོའི་འཛིན་གྲྭར་ཞུགས་ནས་༢༠༡༠ལོར་མཐོ་འབྲིང་སློབ་མའི་ཕྱག་འཁྱེར་བཞེས། དེ་ནས༢༠༡༡ལོར་སླར་ཡང«ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང»དུ་ལྷ་རིས་མཁས་དབང་ལྡོང་ཚ་ནོར་བུ་གཡུལ་རྒྱལ་མཆོག་ལ་མི་ལོ་བཅུ་ཕྲག་ལྷག་ཙམ་ལ་ཚུལ་བཞིན་བསྟེན་པ་མ་ཟད། རི་མོའི་མཁས་དབང་ཁྲི་བཙུན་རབ་བརྟན་དགེ་རྒན་དུ་བསྟེན་པ་ལས་ཐོབ་པའི་སྒྱུ་རྩལ་འགྲན་བསྡུར་སྐབས་ཐོབ་པའི་གཟེངས་བསྟོད་གཤམ་གསལ་ལྟར། ༢༠༡༥ ལོར་ཆབ་མདོ་ས་ཁུར་མཛེས་རྩལ་མཁས་ཅན་གྱི་ལག་འཁྱེར་ཐོབ། ༢༠༡༦/༤/༢༥ཉིན་སྟེང་ཆེན་རྫོང་མི་ཤུགས་ཐོན་ཁུངས་ཐང་གའི་སྦྱོང་བརྡར་འཛིན་གྲྭའི་ཕྱག་འཁྱེར་བཞེས། ༢༠༡༨ལོའི་ཟླ་བ༧པ་ནས། ༢༠༡༨/༧/༢༨བར་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཚོགས་མི་དང་རིག་གནས་ཡུལ་བསྐོར་ཐོན་ལས་ཀྱི་ཁེ་ལས་དོ་དམ་མི་སྣས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་གི་ལས་འགན་ཡོངས་སུ་གྲུབ་པས་ལག་འཁྱེར་བཞེས། དེའི་རྗེས་༢༠༡༨/༩/༡༡ཉིན་སྐབས་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲན་བསྡུར་སྐབས་དབལ་གསས་ལས་རིམ་གྱི་ཞལ་ཐང་གིས་ཕུལ་བྱུང་གི་བྱ་དགའ་ཐོབ། ༢༠༡༩/༦/༢༧ཉིན་ཀྲུང་གོ་དབུ་བརྙེས་ནས་ལོ་ངོ་༧༠མཛད་སྒོ་དང་། བོད་ཞི་བས་བཅིང་གྲོལ་བཏང་ནས་ལོ་༦༠འཁོར་བའི་མཛད་སྒོའི་ཐོག་ཕུལ་བྱུང་གི་གཟེངས་བསྟོད་ཐོབ། ༢༠༡༩/༡༠/༣༠ཉིན་དབུས་ལྷ་ལྡན་ཉི་མའི་ཞིང་དུ་རྒྱལ་སྤྱི་བོད་རིག་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་གྱི་འགྲན་བསྡུར་བྱེད་སྒོའི་ཐོག་“བོད་ལྗོངས་རིམ་པ་དང་པོའི་”ལག་འཁྱེར་ཐོབ། ༢༠༢༠/༡༡/༡ནས། ༢༠༢༠/༡༢/༡བར་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་རིག་གནས་ཅུད་དང་། «ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་»གཉིས་ཀྱིས་སྤེལ་བའི་སྟེང་ཆེན་རྫོང་གི་སྐབས་དང་པོའི་བོད་ཀྱིས་ཐང་ག་ཁྱབ་གདལ་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་དམིགས་བསལ་གྱི་ལག་འཁྱེར་ཐོབ། ༢༠༢༢ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྐབས་དང་པོའི་བཟོ་རྩལ་མཁས་པའི་བྱ་དགའ་བཅས་ཐོབ་པའི་ལྷ་རིས་པ་ཁོང་ཆེད་མངགས་མཛད་དེ་༢༠༢༢ལོར་གོང་གསལ་གྱི་སྦྱིན་བདག་རྣམ་པའི་རེ་སྐུལ་བཞིན་གནའ་དེང་གི་སྒྱུ་རྩལ་སྣ་མང་ལས་ལེགས་ཆ་ཀུན་བཏུས་ཏེ་ཐུན་མིན་ཁྱད་ཆོས་ཀྱི་རྩལ་དུ་མ་བཏོན་ཏེ་དེ་སྔོན་ཁྱུང་པོ་ཁོག་ཏུ་འདི་འདྲ་བཞེངས་མ་མྱོང་པ་ལྟ་བུར་དམིགས་གསལ་གྱིས་ཆེད་བཞེངས་མཛད་ནས་མཐར ༢༠༢༣ལོའི་སྤྱི་ཟླ༣པའི་ཚེས༢༠ནང་མཇུག་ལེགས་པར་གྲུབ་བོ།། སྤྱི་ལོ་༢༠༢༣/༤/༡དང་། བོད་ཆུ་ཡོས་ལོའི་ཧོར་ཟླ་༢ཚེས་༡༡སྟེ་སྔ་དྲོ་དུས་ཚོད་༩:༣༠་ཐོག་བླ་མ་དགེ་བའི་བཤེས་གཉེན་རྣམས་རྔ་གཤང་རོལ་མོའི་ཚོགས་དང་བཅས། ཚེ་བསོད་དབང་རླུང་དགུང་དང་མཉམ་པའི་ཁྱུང་པོ་སྟེང་ཆེན་གྱི་མི་བུ་རིན་ཆེན་དག་གིས་བང་མགྱོགས་རླུང་ལ་འགྲན་པའི་འགྲོས་ལྡན་གྱི་རྟ་མཆོག་འཕྲུལ་འཁོར་དང་བཅས་ཤིང་། ལྷ་སྡེ་མི་དམངས་ཚོས་དད་པ་དག་སྣང་ཚད་མེད་པའི་སྒོ་ནས་ཁ་དགེ་བཀྲ་ཤིས་ཀྱི་གསོལ་སྨོན་དང་ཁ་ཐག་དཀར་པོས་རང་སེམས་གཙང་མ་མཚོན་པར་བྱས་ཏེ་«མེ་སྟོན་ཚང་གི་ཞལ་ཐང་ཆེན་མོ་»ཕེབས་བསུ་གཟབ་རྒྱས་བྱས། དེ་ནས་གསས་ཁང་ལྷུན་གྲུབ་རབ་གསལ་ཁང་གི་མདུན་དུ་སྐུ་ཐང་ཞལ་ཕྱེས་ཏེ་གཡུང་དྲུང་བོན་གྱི་ཡི་དམ་ཕྱི་ནང་གསུམ་གྱི་ཕྱག་རྒྱ་སྙིང་པོ་ཚིག་བཤད་ཀྱི་བྱིན་གྱིས་རླབས་ཏེ་རབ་ཏུ་གནས་པའི་བཀྲ་ཤིས་སྨོན་ལམ་རྒྱ་ཆེར་གནང་། དེ་ནས་ཕྱི་ནང་གསང་བའི་མཎྜལ་གྱི་མཆོད་སྤྲིན་སྣ་ཚོགས་ཕུལ་ནས་དད་ལྡན་པར་མཇལ་ཁ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་ཏེ་མཇུག་ལེགས་པར་བསྒྲུབས་ནས་གྲུབ་པ་དགེའོ།།

  མཆོག་གསུམ་ཀུན་འདུས་རྩ་བླ་རིམ་བྱོན་དང་།། དད་གསུམ་དག་པའི་རྒྱུ་སྦྱོར་ཡོན་གྱི་བདག། གནའ་དེང་ཀུན་མཁས་ལྷ་རིས་རབ་འབྱམས་གསུམ།། ལྷན་འཛོམས་སྟོབས་ལས་རིན་བྲལ་རྟེན་འདི་གྲུབ།། བྱས་པའི་རྒྱལ་པོ་དགེ་སྦྱོར་རྣམ་དག་ལས།། རྣམ་དཀར་གང་བྱུང་དངོས་འབྲེལ་གཙོར་བྱས་པའི།། མ་གྱུར་མཐའ་ཀླས་སྲོག་དབང་འཛིན་ནོ་ཅོག། སྤངས་རྟོགས་ཕུན་ཚོགས་འགྲུབ་པའི་རྒྱུ་རུ་བསྔོ།། དུས་རབས་གསར་རྙིང་བར་གྱི་གྲུ་མཚམས་འདིར།། གཡུང་དྲུང་བོན་ལ་སྤྱོད་ཅིང་ཉམས་ལེན་ལ།། རབ་ཏུ་སྐལ་ལྡན་རྣམ་པའི་དགེ་མཐུ་ཡིས།། དུག་གསུམ་སྒྲིབ་བྱང་སྐུ་གསུམ་མྱུར་ཐོབ་ཤོག།

  ཅེས་པ་འདི་ནི་ཁྱུང་པོ་སྟེང་ཆེན་གྱི་དེབ་དང་པོར་འཁོད་པའི་མེ་སྟོན་ཚང་གི་ལོ་རྒྱུས་སོགས་ལ་གཞི་བཟུང་ནས་མེ་སྟོན་གདན་སར་༢༠༢༣/༤/༡ཉིན་ཟིལ་པས་སྦྱར་བ་དགེའོ།། ཐ་ཚན་མུ་ཙུག་སྨར་རོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།