བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གསུམ་པ།

[ཟླ་ཚེས། 2023-03-28 09:21:39][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྤྱི་ལོ་2023ལོའི་ཟླ་3ཚེས་25ནས་ཚེས་29བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གསུམ་པ་དེ་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས། 
   དེ་ཡང་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་གྱི་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་༧སྟོན་པ་རྣམ་མཁྱེན་རྒྱལ་བ༧གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་རིང་ནས་ཡིག་བསྒྱུར་གྱི་ལོ་རྒྱུས་ཡོད་ལ་ལོ་ཙཱ་བའི་གྲངས་འབོར་ཆེ་བ། བསྒྱུར་རྩོམ་གྱི་སྤུས་ཚད་ཆེས་མཐོ་བ་སྐད་གསུམ་དང་སྐད་བཞི་ཤན་སྦྱར་གྱི་ཞུ་ཆེན་ལོ་ཙཱ་བའི་གྲོས་ཚོགས་རྒྱ་ཆེན་པོ་བསྡུས་མྱོང་ཡོད་ལ་སྒྲ་བསྒྱུར་གྱི་གཞུང་ལུགས་གཏན་འབེབས་བྱས་མྱོང་ཡང་ཡོད་པ་རེད། བོད་ཀྱི་གནའ་བོའི་སྟག་ཟིག་དང་ཞང་ཞུང་གི་སྒྲ་བསྒྱུར། ལེགས་སྦྱར་དང་པཱ་ལིའི་སྒྲ་བསྒྱུར། ཆེན་པོ་ཐང་གུར་གྱི་རྒྱའི་སྒྲ་བསྒྱུར་སོགས་རིན་ཐང་ལོ་རྒྱུས་ལྡན་པའི་སྒྲ་བསྒྱུར་ལས་། སྣ་མང་ཕུན་སུམ་ཚོགས་པའི་གནའ་བོའི་ཞང་བོད་ཤེས་རིག་གི་དཔལ་ཡོན་དང་རིག་གཞུང་གི་གཞི་རྟེན་གལ་ཆེན་འདི་གྲུབ་པ་རེད། དུས་རབས་འདིར་ཡང་མ་འོངས་བོན་གྱི་ཤེས་རིག་དང་སྐད་ཡིག་གི་འཕེལ་རླབས་ངོས་སུ་འདིར་ཡང་ཡིག་བསྒྱུར་གྱི་གྲོས་གླེང་རྩ་འཛུགས་བྱས་པར་བརྒྱུད། མ་འོངས་ཕུགས་རྒྱང་རིང་མོའི་ལས་གཞི་འཆར་བཀོད་དང་ཆེད་ལས་རྐང་འཛིན་མི་སྣ་གསོ་སྐྱོང་། མཁས་དབང་མཐུན་སྒྲིལ་མཉམ་འཛོམས་ཀྱི་ངང་ནས་བསྟན་པ་ལ་ཤ་ཞེན་ཆེ་ཞིང་མཁྱེན་དཔྱོད་ཡངས་པ་སྐད་གཉིས་སྨྲ་བ་པོ་བླ་སྤྲུལ་དགེ་བཤེས་མཁན་སློབ་དགེ་རྒན་རྣམ་པ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས།
ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ཐོག་ཏུ།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གི་ཚོགས་འདུར་མདོ་འཛིན་གནང་།

 ཐེངས་འདིའི་འགན་འཛིན་པ་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཆོག་ནས་ཚོགས་ཞུགས་མི་སྣ་རྣམ་པར་འཚམས་འདྲི་དང་འབྲེལ་ལས་དོན་སྐོར་ནས་གསུང་བཤད་གནང་།

དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་གྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཚོགས་འདུའི་སྐོར་ལ་གནད་དུ་སྨིན་པའི་གསུང་བཤད་གལ་ཆེན་གནང་།

སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་བསོད་ཁོ་ལགས་ནས་《བོན་སྒོ་བཞི་མཛོད་ལྔའི་ཡང་སྙིང་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་ལེའུ་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་བཞུགས་སོ།》བསྒྱུར་སྟངས་སྐོར་ནས་གསུང་བཤད་གནང་།
དེ་ནས་རིམ་བཞིན་སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོ་རྫ་པ་ཚེ་རིང་འགྱུར་མེད་དང་། དོན་འགྲུབ་ལྷ་རྒྱལ། ཀུན་ཐར་མཚོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་ཚོགས་གཞོན་རྣམ་པ་དང་། དྲུང་ཡིག་ཆེ་ཆུང་། རྒྱུན་ལས་མི་སྣ། དེ་མིན་ཡིག་བསྒྱུར་ཕྱོགས་ལ་འབད་པ་གནང་མཁན་གྱི་མི་སྣ་ལྷན་རྒྱས་མཉམ་འཛོམས་གནང་སྟེ་ཐེངས་འདིའི་བསྒྱུར་བྱའི་ལས་དོན་ལ་དངོས་སུ་ཞུགས། སྔ་ཕྱི་དྲོ་གཉིས་ལ་མདོ་འཛིན་པ་གཉིས་རེ་བསྐོ་བཞག་བྱས་ཏེ་ཚོགས་འདུར་དོ་དམ་གནང་།

ཉིན་ལྔའི་རིང་ལོ་སྔོན་མའི་འཆར་གཞི་གྲོས་ཆོད་ལྟར། འགན་འཛིན་རྣམ་གཉིས་ཀྱིས་བཀོད་སྒྲིག་ལྟར་དགེ་བཤེས་བསོད་ཁོ་མཆོག་ནས་བསྒྱུར་བའི། རྣམ་འདྲེན་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་དྲི་མ་མེད་པ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་མདོ་སྡེའི་གྲས་ཀྱི་《བོན་སྒོ་བཞི་མཛོད་ལྔའི་ཡང་སྙིང་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་ལེའུ་ངན་སོང་སྐྱེ་སྒོ་གཅོད་པའི་མདོ་བཞུགས་སོ།》གཙོ་བོར་ཞིབ་བཤེར་བྱས་ཏེ་ཉིན་ལྔའི་རིང་ལ་འབད་པ་གནང་།
གཞན་ཡང་བར་གསེས་སུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྒན་གཞོན་དང་དྲུང་ཡིག་རྒན་གཞོན་ཕེབས་པ་རྣམས་མཉམ་དུ་གྲོས་བསྡུར་གནང་སྟེ། མ་འོངས་པར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཀྱི་ཁ་ཕྱོགས་དང་། དེ་བཞིན་འཚོགས་ལ་ཉེ་བའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་འཆར་གཞི་སོགས་ཀྱི་སྐོར་ལ་གྲོས་བསྡུར་དང་བསམ་འཆར་བསྡུ་ལེན་གནང་།

ཐེངས་བཅུ་གསུམ་པའི་འགན་འཛིན་པ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་དུང་རི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་རྣམ་གཉིས།



དེ་ནས་ཉིན་ལྔ་པའི་ཉིན་གུང་རྗེས་སུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་གྱིས་མདོ་འཛིན་གནང་།

དེ་ནས་ཉིན་ལྔ་བ་སྟེ། ༢༠༣་༣་༢༩ཉིན་མཇུག་བསྡོམས་ཀྱི་ཚོགས་འདུ་འཚོགས་ཏེ་ཐེངས་རྗེས་མའི་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བཞི་བའི་འགན་འཛིན་པ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་དགེ་བཤེས་ཨ་ཀུན་གསལ་ཟླ་བ་དང་། ཉག་རོང་ཀླུ་འབུམ་དགོན་པའི་ཀྲུའུ་རེན་བླ་མ་ཀུན་དགའ་རྒྱལ་མཚན་རྣམ་གཉིས་ཀྱིས་བཀོད་སྒྲིག་འགན་བཞེས་གནང་བ་དང་། ཐེངས་བཅུ་བཞི་པའི་འགན་འཛིན་རྣམ་གཉིས་ནས་ཞང་ཞུང་སྙན་རྒྱུད་ཀྱི་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་རྩ་བ་དང་། སྒྲོན་མ་དྲུག་གི་རྩ་བ། རིགས་དྲུག་རང་སྦྱོང་བཅས་བསྒྱུར་རྒྱུའི་འགན་བཞེས་ཏེ། ཐེངས་བཅུ་བཞི་བའི་སྐབས་སུ་གོང་གསལ་གྱི་གཞུང་གསུམ་དང་། དེ་བཞིན་དགེ་བཤེས་བསོད་ཁོ་ལགས་ནས་བསྒྱུར་ཟིན་པའི་ལྷ་ཡི་བོན་ཡན་ལག་བརྒྱད་པ་བཅས་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་བཞི་བའི་སྐབས་སུ་དག་བཤེར་གནང་རྒྱུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས་གོང་གསལ་གྱི་གཞུང་དེ་དག་གི་བོད་ཡིག་མ་ཕྱི་མཁོ་འདོན་གནང་རྒྱུ་བཅས་ཐག་བཅད་པའོ། །
བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་འགན་འཛིན་ཚན་ཆུང་ནས་བྲིས། 2023/3/29/  ལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།