ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

[ཟླ་ཚེས། 2022-10-29 17:30:56][རྩོམ་པ་པོ། ཞི་ཅིན་ཕིང་།][རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།][ཀློག་གྲངས། ]

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་

རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

——ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

(2022ལོའི་ཟླ་10ཚེས་16ཉིན།)

ཞི་ཅིན་ཕིང་།

  བློ་མཐུན་རྣམ་པ།

  ད་ལྟ་ངས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན།

  ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད།

  ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་རྟོན་རང་བརྩོན་དང་། བདེན་སྲུང་གསར་གཏོད། ངར་སེམས་ཆེར་སྐྱེད། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་འདི་ཡིན། 

  ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཕྲག་གི་འབད་འཐབ་ལོ་རྒྱུས་བརྒྱུད་ཟིན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་སྒྲུབ་པའི་འདུན་པ་བཅངས་ཡོད་ལ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་སྒྲུབ་པར་གཞོལ་བས། འགན་འཁྲི་ནི་ཟླ་མེད་གནད་ཆེན་ཡིན་པ་དང་། ལས་འགན་ནི་བླ་མེད་གཟི་བརྗིད་ལྡན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་དགོས། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེ་ཚན་སྔར་བས་ངོ་མཚར་ཅན་རྩོམ་དགོས།

  གཅིག །འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། 

  ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐེངས་བདུན་འཚོགས་ཏེ་སོ་སོར་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་སྤེལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་སོགས་གནད་དོན་ཆེན་པོའི་ཐད་དུ་ཆོད་དོན་དང་གྲོས་ཆོད་བཞག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ཤིང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། འབད་བརྩོན་དོན་ལྡན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ཡོད།

  ལོ་ལྔའི་རིང་ལ། ང་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་རྒྱག་པ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། འགྲོས་མྱུར་གོམ་བརྟན་ངང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཙིགས་སུ་བཟུང་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱས་ཡོད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཕྱོགས་མཐའ་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལག་བསྟར་བྱས་ཡོད། ཕྱོགས་ཡོངས་ནས་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་བཏང་ཡོད། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཤིང་། ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་བསྐྲུན་ཚར། ཏང་ཡོངས་ལ་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་སློབ་སྦྱོང་དང་ལག་ལེན་བསྟར་ནས། འཐབ་ལམ་གསར་པའི་ཐོག་ཏུ་སྔར་བས་བློ་བརྟན་འགྱུར་མེད་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་དགའ་སྐྱིད་ལྡན་པའི་མ་འོངས་པ་གཏོད་དགོས་པའི་འབོད་སྐུལ་བཏང་། ལྷག་པར་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལངས་འགོག་པ་རྒྱུན་འཁྱོངས་དང་། འགུལ་རྣམ་གཙང་བཤེར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས།  རིམས་ནད་འགོག་བཅོས་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཅིག་གྱུར་འཆར་འགོད་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཞང་ཀང་གི་གནས་བབ་ལ་ཟིང་ཆ་དང་འགྱུར་ལྡོག་ཆེ་བར་དམིགས་ཏེ། ང་ཚོས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་སྟེ་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ཕན་ནུས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱས། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”ཡི་རྩ་དོན་དོན་འཁྱོལ་བྱས་ཏེ། ཞང་ཀང་གི་གནས་བབ་ཟིང་ལོང་ནས་བཅོས་སྐྱོང་དུ་འགྱུར་བའི་དཀྱོགས་མཚམས་གལ་ཆེན་མངོན་འགྱུར་བྱུང་ཞིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་། དམངས་འཚོ་ལེགས་བཅོས། བརྟན་བརླིང་མཐའ་འཁྱོངས་བཅས་བྱེད་པར་རྒྱབ་སྐྱོར་བྱས། “ཐའེ་ཝན་རང་བཙན་”སྟོབས་ཤུགས་ཀྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐའེ་ཝན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པའི་བསྙད་འཚོལ་ཚབས་ཆེན་ལ་དམིགས་ཏེ། ང་ཚོས་ཁ་ཕྲལ་ལ་ངོ་རྒོལ་དང་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་མཐའ་གཅིག་ཏུ་སྤེལ་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། “ཐའེ་ཝན་རང་བཙན་”ལ་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་མངོན་ཞིང་། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་རང་འགུལ་སྔར་ལས་དམ་འཛིན་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་རྒྱུན་འཁྱོངས་བྱེད་པའི་གནས་སྟངས་སྔར་ལས་སྲ་བརྟན་དུ་བཏང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་མགྱོགས་པོ་བྱུང་བར་དམིགས་པ་དང་། ལྷག་པར་དུ་ཕྱི་རོལ་གྱི་བསྙད་འཚོལ་གཡོ་འཕྲོག་དང་། བཀག་འགོག བཀག་སྡོམ། གནོན་ཤུགས་མཐིལ་སྤྲོད་བཅས་ལ་དམིགས་ནས། ང་ཚོས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་རྒྱལ་ནང་གི་ཆབ་སྲིད་དམིགས་བསལ་གྱིས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་། བཙན་དབང་ལ་མི་སྐྲག་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་མངོན་པ་དང་། འཐབ་རྩོད་ཁྲོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་སྲོག་ཤིང་ཁེ་ཕན་སྲུང་སྐྱོང་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ཡོད། ལོ་ལྔའི་རིང་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། ཕུགས་རྒྱང་རིང་པོར་འབྲེལ་བ་ཡོད་པའི་དོན་ཆེན་དོན་གནད་མང་པོ་འགྲུབ་པར་བྱས་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།  

  བློ་མཐུན་རྣམ་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ད་ལྟའི་བར་ལོ་ངོ་བཅུ་སོང་ཡོད། ལོ་བཅུའི་རིང་ལ། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུས་པ་ཡིན། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་ཡིན། གསུམ་ནི་དབུལ་བྲལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་སྟེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན། འདི་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་ཡིན།

  ལོ་བཅུའི་སྔོན་ལ། ང་ཚོའི་མདུན་དུ་ལྷགས་པའི་གནས་བབ་ནི། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་ཕན་འབྲས་མངོན་གསལ་ཐོབ་པས། ང་ཚོ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་རྨང་གཞི་བརྟན་པོ་བཏིང་བ་དང་། མཐུན་རྐྱེན་ཡག་པོ་བསྐྲུན་ཞིང་། འགན་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད། དུས་མཚུངས་སུ་ཡུན་རིང་གསོག་འཇོག་བྱས་པ་དང་གསར་དུ་ཐོན་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་རབ་དང་རིམ་པ་འཕྲལ་མར་ཐག་གཅོད་བྱ་རྒྱུར་ལུས་ཡོད་དེ། དེ་དག་ནི་ཏང་ནང་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ངོས་ཟིན་རབ་རིབ་དང་བྱ་སྤྱོད་ཤུགས་ཞན་གྱི་གནད་དོན་མི་ཉུང་བ་གནས་ཡོད་པ་དང་། ཏང་གི་འགོ་ཁྲིད་དོན་འཁྱོལ་ཞན་འགྱུར་ཟོབ་འགྱུར་ཉམ་འགྱུར་གསུམ་གྱི་གནད་དོན་མི་ཉུང་བ་གནས་ཡོད། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱི་ཆབ་སྲིད་དད་མོས་ལ་གཡོ་འགུལ་ཐེབས་ཤིང་། ས་གནས་དང་སྡེ་ཁག་འགའ་ཤས་སུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས་ཡང་ཡང་བཀག་ཀྱང་མ་ཁོག་པ། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ཅུང་ཚབས་ཆེན་ཡིན་པ་དང་། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཁ་ཤས་མཐོང་ན་ཧང་སངས་པ་ཞིག་རེད། དཔལ་འབྱོར་གྱི་གྲུབ་ཚུལ་རང་བཞིན་དང་སྒྲིག་སྲོལ་རང་བཞིན་གྱི་འགལ་བ་འབུར་ཐོན་ཡིན་པ་དང་། འཕེལ་རྒྱས་དོ་མཉམ་མིན་པ་དང་། མཐུན་སྦྱོར་མིན་པ། རྒྱུན་མཐུད་མི་ཐུབ་པ་བཅས་ཡིན་ཞིང་། སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་དཀའ་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་གཏིང་རིམ་ཟབ་མོའི་གནད་དོན་ཁག་ཅིག་དང་ཁེ་ཕན་གཏན་ཆགས་བྱུང་བའི་ར་བ་ཉིན་བཞིན་མངོན་གསལ་དོད་པོར་གྱུར། མི་ལ་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལ་གདེང་ཚོད་དེ་ཙམ་མེད་པ་དང་། ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་ཁྲིམས་བསྟར་ནན་པོ་མི་བྱེད་པ་སོགས་ཀྱི་གནད་དོན་གནས་པ་ཚབས་ཆེན་རེད། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས་མཐར་སོན་པ། ལོ་རྒྱུས་ཆད་ལྟའི་རིང་ལུགས་སོགས་ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་ཡང་ཡང་ཐོན་པ་དང་། དྲ་རྒྱའི་གླེང་ཕྱོགས་ཟང་ཟིང་དུ་གྱུར་ནས་མི་རྣམས་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། དམངས་འཚོ་འགན་སྲུང་ཐད་ལྷུ་ཚིགས་ཞན་ས་མི་ཉུང་བ་ཞིག་གནས་ཡོད། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་དམ་དུ་གྱུར་བ་དང་ཁོར་ཡུག་སྦགས་བཙོག་སོགས་ཀྱི་གནད་དོན་འབུར་དུ་ཐོན་པར་གྱུར། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལམ་ལུགས་འཐུས་ཚང་མིན་པ་དང་། ཉེན་ཁ་ཆེན་པོ་སྣ་ཚོགས་ལ་ཁ་གཏད་འཇལ་ནུས་ཆེན་པོ་མེད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཐད་དུ་ཆད་སྐྱོན་དང་ཞན་ཆ་མི་ཉུང་བ་གནས་ཡོད། ཞང་ཀང་དང་ཨའོ་མོན་གྱིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་མིན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགྲན་སློང་དྲག་པོ་ཐེབས་པ་སོགས་རེད། སྐབས་དེར་ཏང་ནང་དང་སྤྱི་ཚོགས་ཐོག་གི་སྐྱེ་བོ་མི་ཉུང་བ་ཞིག་གིས་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཏང་གིས་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཡོང་བར་གནོད་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་དེ་དག་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་། རྦད་ཆོད་གདམ་གསེས། ཡར་རྒྱས་བརྩོན་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕུ་ཐུང་བརྫེས་ནས་འབད་པས་བསྒྲུབས་པ་དང་། ཆར་རླུང་འཚུབ་ཀྱང་འགོག་མེད་བསྐྱོད་ཅིང་། ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་ཡོད། 

  ལོ་བཅུའི་རིང་ལ། ང་ཚོས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་། ཐོད་བརྒལ་རང་བཞིན་གྱི་འཕེལ་སྐྱེད་རབ་དང་རིམ་པ་མངོན་འགྱུར་བྱས། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། རང་རྒྱལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པར་སྐུལ་འདེད་བཏང་ཡོད།

  ——ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཁ་གསལ་བཟོས་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་འདིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་སྤེལ་ལ་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། 

  ——ང་ཚོས་ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ། ཀྲུང་གོའི་གུང་ཁྲན་ཏང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་ཡིན་པ་བཅས་ཁ་གསལ་བཟོས་ཤིང་། མ་ལག་ལྡན་པའི་སྒོ་ནས་ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་། ཏང་ཡོངས་ཀྱིས་“འདུ་ཤེས་བཞི་”ཆེ་རུ་བསྐྱེད་པ་དང་། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་ཏན་ཏིག་བྱས་ཤིང་། ཏང་གིས་ཁྱོན་ཡོངས་སྤྱི་འཛིན་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ། ང་ཚོ་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་ཡོད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་འདི་ཉིད་སྔར་བས་མཐུན་སྒྲིལ་གཅིག་གྱུར་བྱུང་ཡོད།

  ——ང་ཚོས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་འཐབ་ཇུས་བཀོད་སྒྲིག་ཆ་ཚང་བྱས་ཤིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བཏོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་བཏང་སྟེ། འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་སྡེབ་འཛིན་བྱས་པ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་ཁ་གསལ་བཟོས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་གཏན་འཁེལ་བྱས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཡིན་པ་ཁ་གསལ་བཟོས་ཤིང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འདིར་རྩེ་གཅིག་ཏུ་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་བ་དང་། རྒྱུན་ཆད་མེད་པར་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད།

  ——ང་ཚོས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་འབྱོར་འབྲིང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ཕུགས་འདུན་འདི་མངོན་འགྱུར་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་སྔར་བས་མཐོན་པོ་ཞིག་ཏུ་སླེབས་ཡོད། ང་ཚོས་དབུལ་སྐྱོར་གནད་འཕིགས་དང་ཧྲག་དམག་ཡོངས་འཐབ་རྒྱུན་འཁྱོངས་བྱས་པས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་སྟེ། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་ཀྱིས་དབུལ་ཞྭ་ཕུད་པ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་བྲལ་བྱུང་ཡོད། དབུལ་ཕོངས་མི་འབོར་ཁྲི་དགུ་བརྒྱ་དྲུག་ཅུ་ལྷག་ཡུལ་གཞན་དུ་གནས་སྤོས་ཏེ་ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད་པས། གོ་ལ་ཧྲིལ་པོའི་དབུལ་འཕྲིའི་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

  ——ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ་དང་། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལག་བསྟར་བྱས་ཤིང་། ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པའི་ས་ཁོངས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་འཕར་མངོན་འགྱུར་བྱུང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལྔ་བཅུ་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་དང་བཅུ་བཞིའི་བར་འཕར་བ་དང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་གྱིས་འཛམ་གླིང་དཔལ་འབྱོར་བསྡུར་ཚད་ཀྱི་བརྒྱ་ཆའི་བཅོ་བརྒྱད་དང་ཚེག་ལྔ་ཟིན་ཞིང་བརྒྱ་ཆའི་གཞི་གྲངས་བདུན་དང་ཚེག་གཉིས་འཕར་ཏེ། འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་སུམ་ཁྲི་དགུ་སྟོང་བརྒྱད་བརྒྱ་ནས་བརྒྱད་ཁྲི་ཆིག་སྟོང་བར་འཕར། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཏེ། མི་འབོར་དུང་ཕྱུར་བཅུ་བཞི་ལྷག་གི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གཞི་གྲངས་བཅུ་གཅིག་དང་ཚེག་དྲུག་མཐོ་རུ་ཕྱིན་ནས་བརྒྱ་ཆའི་དྲུག་ཅུ་རེ་བཞི་དང་ཚེག་བདུན་ཟིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་དང་ཕྱི་དངུལ་གསོག་འཇོག་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད། འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་དྲ་རྒྱ་དང་མྱུར་བགྲོད་གཞུང་ལམ་དྲ་རྒྱ་ཆེ་ཤོས་བསྐྲུན་ཞིང་། གནམ་གྲུ་ཐང་དང་། གྲུ་ཁ། ཆུ་བེད། ནུས་ཁུངས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ང་ཚོས་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར་ཆིག་ཁྲི་ནས་སྒོར་དུང་ཕྱུར་ཉིས་ཁྲི་བརྒྱད་སྟོང་བར་བསྣན་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་པ་དང་། ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཁག་ཅིག་འགག་སྒྲོལ་བྱུང་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་། མི་ཞུགས་མཁའ་སྐྱོད་དང་། ཟླ་བ་དང་མིག་དམར་བརྟག་འཇལ། མཚོ་གཏིང་ས་གཏིང་བརྟག་འཇལ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། ཉིང་གློག་ལག་རྩལ། ནུས་ཁུངས་གསར་པའི་ལག་རྩལ། གནམ་གྲུ་ཆེན་པོ་བཟོ་སྐྲུན། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་པས། གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད། 

  ——ང་ཚོས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱས་ཤིང་། སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་འགོ་ཚུགས་པ་དང་། སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་བརྒྱབ་ཡོད། ཆུ་ཟབ་སར་འཛུལ་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཆུ་ཀླུང་གཉན་པོ་བརྒལ་ཕོད་པ། འགལ་བ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་འཇལ་ཕོད་པ་བཅས་བྱས་ཤིང་། བསམ་བློ་དང་འདུ་ཤེས་ཀྱི་འཆིང་རྒྱ་བརྟོལ་བ་དང་། ཁེ་ཕན་གཏན་ཆགས་སུ་གྱུར་པའི་ར་བ་གཏོར། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་གཙང་སེལ་བྱས། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཀྱི་གཞི་སྒྲོམ་གཞི་རྩའི་ཆ་ནས་བཙུགས་པ་དང་། ཁྱབ་ཁོངས་མང་པོ་ཞིག་ཏུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཞེངས། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་རེབ་གསར་པ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་གནད་སྨིན་དང་སྔར་བས་གཏན་ཆགས་བྱུང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

  ——ང་ཚོས་སྔར་ལས་ཧུར་ཐག་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། གོ་ལ་ཧྲིལ་པོར་ཁ་ཕྱོགས་ཤིང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་བསྐྲུན་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱ་རྒྱུ་དེ་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད། རང་རྒྱལ་ནི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུ་ལྷག་གི་ཉོ་ཚོང་གྲོགས་པོ་གཙོ་བོར་གྱུར་ནས། དངོས་ཟོག་ཉོ་ཚོང་གི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཕྱི་དངུལ་འགུག་པ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་གྲངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པས། ཁྱབ་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་ཆགས་ཡོད།

  ——ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་སྔར་བས་ཏན་ཏིག་བྱས་ཤིང་། གཞི་རིམ་གྱི་དམངས་གཙོའི་གསོན་ཤུགས་ཇེ་ཆེར་ཕྱིན་པ་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་སྐྱེད་བྱུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པ་བྱུང་ཞིང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་སྔར་བས་ལེགས་པོ་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་གནས་སྟངས་གཞི་རྩའི་ཆ་ནས་གྲུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བའི་འགན་སྲུང་སྔར་ལས་སྲ་བརྟན་དུ་བཏང་བ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྣམ་པ་གསར་པ་བཏོད་ཡོད།

  ——ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་སློབ་སྟོན་གོ་གནས་བཟུང་ཡོད་པའི་རྩ་བའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱས་ཤིང་། དུས་རབས་གསར་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མིའི་སེམས་གཏིང་ལ་འཇགས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་སྒྲོག་སྤེལ་བྱས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། རིག་གནས་བྱ་གཞག་ཉིན་རེ་བཞིན་དར་རྒྱས་བྱུང་བ་དང་། དྲ་རྒྱའི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ང་ཚོས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བ་དང་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། ཀྲུང་གོའི་མི་དམངས་དང་བླངས་དམག་རྒྱལ་ཕྱིར་བསྐྱོད་ནས་མེ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་བྱས་ནས་ལོ་ངོ་བདུན་ཅུ་འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་རེད། གཞོན་ནུའི་མི་རབས་ལ་སྔར་ལས་ཧུར་བརྩོན་ཡར་སྐྱེད་ལྡན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་མངོན་གསལ་ཕྱིན་པ་དང་བསམ་པའི་ཉམས་འགྱུར་སྔར་ལས་སྤོབས་ཉམས་ཆེར་སྐྱེད་བྱུང་ཡོད། 

  ——ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། བྱིས་པའི་དུས་ན་སྐྱོང་མཁན་ཡོད་པ་དང་། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཞན་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་དུ་རྒྱུན་མཐུད་ངང་ཤུགས་བརྒྱབ་པ་དང་། མི་དམངས་ཀྱི་འཚོ་བ་ཕྱོགས་མཐའ་ཡོངས་ནས་ཇེ་ལེགས་སུ་བཏང་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་བདུན་ཅུ་དོན་བརྒྱད་དང་ཚེག་གཉིས་བར་འཕར་ཡོད། སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ནས་སུམ་ཁྲི་ལྔ་སྟོང་ཆིག་བརྒྱའི་བར་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་པ་ལོ་རེར་ཆ་སྙོམས་མི་ཁྲི་ཆིག་སྟོང་སུམ་བརྒྱ་ཡན་ཟིན། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ཡོད། སློབ་གསོ་ཁྱབ་གདལ་བཏང་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་གྱིས་མི་དུང་ཕྱུར་བཅུ་དང་བྱེ་བ་བཞི་ཁེབས་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་གོ་ལྔ་རུ་བརྟན་པོར་གནས་ཡོད། བུ་བཙའི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱས། སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི་བཞི་སྟོང་ཉིས་བརྒྱ་ལྷག་བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་དུད་ཚང་ཁྲི་ཉིས་སྟོང་བཞི་བརྒྱ་ལྷག་བསྒྱུར་བཀོད་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད། མཉམ་སྦྲེལ་དྲ་རྒྱར་ཞུགས་པའི་མི་གྲངས་དུང་ཕྱུར་བཅུ་དང་བྱེ་བ་གསུམ་ཟིན་ཡོད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་བས་ཆེ་རུ་ཕྱིན་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད། མཉམ་དུ་ཕྱུག་པོར་འགྱུར་བར་ཕན་འབྲས་གསར་པ་ཐོབ་ཡོད།

  ——ང་ཚོས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས། ཕྱོགས་མཐའ་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཡོངས་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་ཆ་ཚང་དུ་གྱུར། སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཏིང་ཟབ་ཏུ་སྤེལ་བ་དང་། ལྗང་མདོག་དང་། རེས་འཁོར། ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་སྟེ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ་དང་། ཆུ་བོ་སྔར་ལས་དྭངས་པ་བཅས་བྱུང་ཡོད། 

  ——ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་དང་། ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། རྩ་དོན་གྱི་གནད་དོན་ཐད་ནས་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པ་དང་། བློ་རྩ་དང་སེམས་ཤུགས་བརྟན་པོའི་སྒོ་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱས་པས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་གསུམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་བས་ཆ་ཚང་དུ་བཏང་ཡོད། མི་རིགས་ཁ་ཕྲལ་སྟོབས་ཤུགས་དང་། ཆོས་ལུགས་ཐལ་སྐྱོད་སྟོབས་ཤུགས། དྲག་སྤྱོད་འཇིགས་སྐུལ་སྟོབས་ཤུགས་བཅས་བཀག་འགོག་ནུས་ལྡན་བྱུང་བ་དང་། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རང་བྱུང་གནོད་འཚེ་ཚབས་ཆེན་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་བ་དང་། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་ཆུ་ཚད་སྔར་བས་མཐོན་པོར་བསྐྱོད་ཡོད།

  ——ང་ཚོས་ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཤིང་། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་སྦྱོང་སྒྲིག་ལ་སྐུལ་འདེད་བཏང་ཞིང་། འཐབ་འཛིང་ནུས་ཤུགས་ཞེས་པའི་རྩ་བའི་ཚད་གཞི་ཉག་གཅིག་འདི་བརྟན་པོར་བཙུགས་ཏེ། མཐའ་གཅིག་ཏུ་དམག་ཡོངས་ཀྱི་ལས་ཀའི་ལྟེ་གནད་དེ་དམག་གྲབས་དང་དམག་འཐབ་ཀྱི་དྲང་ལམ་དུ་དྲངས་པ་དང་། ཕྱོགས་གང་ཅིའི་ཐད་དང་ཁྱབ་ཁོངས་ཁག་གི་དམག་དོན་འཐབ་རྩོད་ལ་གཅིག་འདོམས་ཀྱིས་ཤུགས་བརྒྱབ་པ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ཤུགས་ཆེན་དང་། བློ་གཤོགས་ཆེན་པོས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་སྤེལ་བྱས། མི་དམངས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་། དེང་རབས་དམག་དོན་སྟོབས་ཤུགས་མ་ལག དམག་དོན་སྲིད་ཇུས་ལམ་ལུགས་བཅས་བསྐྱར་སྒྲིག་བྱས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། དངོས་ཞབས་སྒྲིག་ཁོངས་དམག་གྲངས་ཁྲི་སུམ་ཅུ་ཉུང་འཕྲི་བྱ་རྒྱུ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད། མི་དམངས་དམག་དཔུང་ལ་སྒྲིག་སྲོལ་གསར་སྒྱུར་དང་། གྲུབ་ཚུལ་གསར་སྒྱུར། གནས་སྟངས་གསར་སྒྱུར། རྣམ་པ་གསར་སྒྱུར་བཅས་བྱུང་ཡོད། དེང་རབས་ཅན་གྱི་ཆུ་ཚད་དང་དངོས་འཐབ་ནུས་པ་མངོན་གསལ་དོད་པོས་མཐོར་འདེགས་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་གཏོང་བའི་འགྲོ་ལམ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་ཕྱིན་ཡོད།

  ——ང་ཚོས་ཕྱོགས་ཡོངས་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་ལ་སྐུལ་འདེད་གནད་ལ་འཁེལ་བ་བྱས་ཤིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞང་ཀང་ཟིང་ལོང་ནས་བཅོས་སྐྱོང་དང་། བཅོས་སྐྱོང་ནས་དར་རྒྱས་སུ་འགྲོ་བའི་དུས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བས། ཞང་ཀང་དང་ཨའོ་མོན་ཡུན་རིང་བརྟན་བརླིང་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མཐའ་འཁྱོངས་བྱུང་ཡོད། ང་ཚོས་དུས་རབས་གསར་པར་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་པོ་བཏོན་པ་དང་། ངོགས་གཉིས་བར་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཡོད།

  ——ང་ཚོས་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་སྤེལ་བཏང་བ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་དར་སྤེལ་བཏང་། ལྟ་བ་གསལ་སྟོན་གྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། བཙན་བརྙས་ཀྱི་སྤྱོད་ཡན་ཐམས་ཅད་ལ་བློ་བརྟན་འགྱུར་མེད་ཀྱིས་ངོ་རྒོལ་བྱས་ཡོད། ང་ཚོས་ཕྱི་འབྲེལ་གྱི་སྤྱིའི་བཀོད་པ་འཐུས་ཚང་དུ་བཏང་བ་དང་། གོ་ལ་ཧྲིལ་པོ་ཁེབས་པའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་ཧུར་ཐག་གིས་བཙུགས་ཤིང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་བཏང་ཡོད། ང་ཚོས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འཁུར་ལེན་མཚོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། ཕྱོགས་ཡོངས་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས། རྒྱལ་སྤྱིའི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་དང་། ཡིད་སེམས་འགུག་ནུས། བཞེངས་སྐྲུན་བྱེད་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

  ——ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལྕགས་རྡུང་བར་རང་ལུས་ངེས་པར་བཀན་མོ་ཡིན་དགོས་པ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་དོན་འཁྱོལ་བྱེད་པ་ནས་འགོ་རྩོམ་འགག་བརྟོལ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་པ་དང་དོན་འཁྱོལ་བྱས། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་ལས་དོན་ཁག་ཚང་མར་སྤྱི་འདོམས་བྱས་ཏེ། བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་བར་ཕྱོགས་མཐུན་ཤུགས་འདོན་བྱེད་པ་རྒྱུན་འཁྱོངས་སྒོས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་བཏང་བ་དང་། ཏང་ནང་གི་གཅིག་སྡུད་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དང་རྒྱུན་འཁྱོངས་བྱས་པ་དང་། ཆབ་སྲིད་ཚད་གཞི་མངོན་གསལ་དོད་པོས་མཁས་འདེམས་འཇོན་བསྐོ་བྱས། ཆབ་སྲིད་སྐོར་གཟིགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཏང་ནང་གི་ཁྲིམས་སྲོལ་མ་ལག་ཅུང་འཐུས་ཚང་ཆགས་པ་དང་། ཏང་ཡོངས་ཀྱི་ཕུགས་བསམ་དད་སེམས་བརྟན་གཏོང་དང་། རྩ་འཛུགས་མ་ལག་དམ་འཛུགས། སྒྲིག་ཁྲིམས་སྒྲིག་ལམ་དམ་སྡོམ་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་བྱས་པ་དང་། ལྕགས་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་“སྤྱོད་ཚུལ་བཞི་”ཡོ་བསྲང་དང་བཅོས་སྐྱོང་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་ངོ་རྒོལ་བྱས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཤིང་། ཡུན་རིང་བཀག་འགོག་བྱེད་མ་ཐུབ་པའི་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་པ་དང་། ལོ་མང་རིང་སེལ་མ་ཐུབ་པའི་བཅོས་དཀའི་གཅོང་ནད་ཁ་ཤས་བཅོས་སྐྱོང་བྱས། ང་ཚོས་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་རྒོལ་འཐབ་རྩོད་བྱས་ཏེ། “སྐྱེ་བོ་སྟོང་ལ་ཕོག་ཐུག་གཏོང་དགོས་ཀྱང་།། མི་དམངས་དུང་ཕྱུར་བཅུ་བཞིར་འགལ་མི་བྱ།།”ཞེས་པའི་འགན་འཁྲི་འཁུར་ལེན་གྱིས་གཅོང་འཇོམས་ཟིང་བཅོས་བྱས་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ཞིང་། “སྟག་རྡུང་”དང་། “སྦྲང་གསོད།” “ཝ་རྔོན་”བཅས་ཐབས་མང་མཉམ་སྤྱོད་བྱས་ཏེ། རུལ་རྒོལ་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཞིང་། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་བསལ་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་དུ་སྤྱོད་པར་འགན་ལེན་ཏན་ཏིག་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ནས། ཏང་གིས་རང་ངོས་གསར་བརྗེ་བྱེད་པ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་དེ། རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་ཆེ་རུ་མངོན་གསལ་ཕྱིན་ཡོད། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཡངས་ལྷོད་འཇམ་གསུམ་ཡིན་པའི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། ཏང་ནང་གི་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་ཕྱིན་ནས་ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་ཏན་ཏིག་བྱས་ཡོད།

  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱེད་པའི་དུས་མཚུངས་སུ། ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་དགོས་པ་ནི། ང་ཚོའི་ལས་དོན་ལ་ད་དུང་མི་འདང་ས་ཁ་ཤས་ཡོད་པ་དང་། དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་ལ་ཕྲད་ཡོད་དེ། གཙོ་བོ་ནི། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ད་དུང་ཐོགས་ས་འགག་མདོ་མང་པོ་ཡོད་ལ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ད་དུང་ཆེན་པོ་མེད། འབྲུ་རིགས་དང་། ནུས་ཁུངས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བཅས་ཡིད་རྟོན་རུང་བ་དང་བདེ་འཇགས་ཡིན་པ་འགན་ལེན་ཏན་ཏིག་བྱེད་པ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་པའི་ཐད་ནས་ད་དུང་གནད་དོན་ཆེན་པོ་མང་པོ་ཐག་གཅོད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་བྱེད་པར་ད་དུང་དཀའ་ཚེགས་ཆེ་བའི་ལས་དོན་མང་པོ་ཞིག་བསྒྲུབ་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་འགྲན་སློང་མི་ཉུང་བ་གནས་ཡོད། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཅུང་ཆེ། མང་ཚོགས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། བཅོལ་གསོ། རྒན་གསོ། སྡོད་ཁང་སོགས་ཀྱི་ཐད་དཀའ་གནད་མི་ཉུང་བར་ཕྲད་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ལ་འཁུར་ལེན་གྱི་སྙིང་སྟོབས་མེད་པ་དང་། འཐབ་རྩོད་ཀྱི་འཇོན་ཐང་མི་ཆེ། དངོས་སྒྲུབ་ཀྱི་སྙིང་སྟོབས་མི་འདང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་། རུལ་སུངས་འབྱུང་གཞི་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་སོགས་རེད། གནད་དོན་འདི་དག་ཐད་ང་ཚོས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ཐག་གཅོད་བྱེད་བཞིན་ཡོད་ལ། ཕྱིན་ཆད་ངེས་པར་དུ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།

  བློ་མཐུན་རྣམ་པ། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་ནས་ཐོབ་པ་དང་། བསྒྲུབས་ནས་ཐོབ་པ། འབད་འཐབ་བྱས་ནས་ཐོབ་པ་བཅས་རེད། འདི་རུ་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། ཀྲུང་གོའི་གུང་ཁྲན་ཏང་ཡོན་ཡོངས་རྫོགས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་རྒྱལ་གཅེས་མི་དྲག ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་འགྲོ་ལམ་བརྒྱུད་མྱོང་བའི་ཀྲུང་གོའི་གུང་ཁྲན་ཏང་ནི་གསར་བརྗེའི་རང་བཞིན་གྱི་སྐྲུན་བཟོའི་ཁྲོད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད་པ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་ནི་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་གཞི་རྐང་དུ་གྱུར་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་གྱུར་ཡོད། ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་བས་སྟོབས་ལྡན་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེར་སྐྱེད། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་སྔར་བས་ཇེ་བརྟན་དུ་གྱུར་ཏེ། ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་སྙིང་སྟོབས་སྔར་བས་ཆེན་པོ་འཕེལ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་ལ་ཡིད་ཆེས་བརྒྱ་འགྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེ་ཚན་གསར་པ་བརྩམས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་སྔར་བས་བརྟན་པོ་དང་ལམ་ལུགས་ཀྱི་འགན་ལེན་སྔར་བས་འཐུས་ཚང་ལྡན་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་ཡོད། ཚན་རིག་སྤྱི་ཚོགས་རིང་ལུགས་ལ་དུས་རབས་ཉེར་གཅིག་པའི་ཀྲུང་གོ་རུ་གསོན་ཤུགས་གསར་པ་རབ་ཏུ་རྒྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་གདམ་ག་གསར་པ་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མིའི་རིགས་ལ་ཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་མང་ཞིང་ལེགས་པ་འདོན་སྤྲོད་བྱས་པ་དང་། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་གི་ཆེད་དུ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་བཞག་ཡོད།

  གཉིས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་དགོས།

  མར་ཁེ་སིའི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བའི་སློབ་སྟོན་བསམ་བློ་ཡིན། ལག་ལེན་གྱིས་ང་ཚོར་ར་སྤྲོད་བྱས་དོན། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་ག་རེ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་ག་རེ་ཡིན་ཞེ་ན། མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་ཡོད་པ་འདི་ནི་ང་ཚོའི་ཏང་གིས་དད་མོས་དང་དད་སེམས་བརྟན་པོར་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་ཐུབ་པའི་རྩ་བ་གནས་ས་ཡིན།

  མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་བདེན་དོན་དོན་གཉེར་དང་། བདེན་དོན་གསལ་སྟོན། བདེན་དོན་ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་གསར་པ་བྱུང་བ་དང་ལག་ལེན་གྱིས་བླང་བྱ་གསར་པ་བཏོན་པས། ང་ཚོས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་འདེབས་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ང་ཚོའི་ཏང་ནི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་པར་དཔའ་བ་དང་། མཐོང་རྒྱ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། དེ་དག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་གཅིག་བསྡུས་ཀྱིས་མཚོན་ཡོད། ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་“གཏན་ལ་ཕབ་པ་བཅུ་”དང་། “རྒྱུན་འཁྱོངས་བཅུ་བཞི།” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས་”བཅས་ཀྱིས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།

  ཀྲུང་གོའི་གུང་ཁྲན་ཏང་མིས། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཤིང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ན། ད་གཟོད་དུས་རབས་དང་ལག་ལེན་གྱིས་བཏོན་པའི་གནད་དོན་ཆེན་པོ་ལ་ལན་ཡང་དག་པ་འདེབས་ཐུབ་པ་དང་། ད་གཟོད་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པ་མཐའ་འཁྱོངས་བྱེད་ཐུབ་པ་ངོས་འཛིན་ཟབ་མོ་བྱས་ཡོད།

  མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ན་ངེས་པར་དུ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་དགོས། ང་ཚོས་མར་ཁེ་སིའི་རིང་ལུགས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ན། དེའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སྤྱད་དེ་ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་དགོས་པ་ལས། དེའི་བྱེ་བྲག་གི་བསྡོམས་ཚིག་དང་ཐ་སྙད་དང་ལུང་ཚིག་ཙམ་བློ་ནས་སྐྱོར་སྦྱང་དང་བསྐྱར་ཟློས་བྱེད་པ་མ་ཡིན་ལ། མར་ཁེ་སིའི་རིང་ལུགས་དེ་ནམ་ཡང་འགྱུར་བ་མེད་པའི་ལུང་ཚིག་སྐམ་པོ་ཙམ་དུ་དེ་བས་ཀྱང་བརྩི་མི་རུང་། ང་ཚོས་ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་གང་བྱེད་ཐམས་ཅད་དོན་དངོས་ལ་གཞིགས་ཤིང་དུས་རབས་གསར་པར་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱ་རྒྱུར་དམིགས་ཏེ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་རྒྱུན་ཆད་མེད་པར་ལན་འདེབས་དགོས་པ་དང་། ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་བླང་བྱར་མཐུན་པའི་ལན་ཡང་དག་པ་འདེབས་དགོས་ལ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ཞིང་ཚན་རིག་དང་ཡང་མཐུན་པའི་ངོས་ཟིན་ཐོབ་པ་དང་། དུས་བསྟུན་མདུན་སྐྱོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཆགས་པར་བྱས་ཏེ། ཀྲུང་གོའི་ལག་ལེན་ལ་མཛུབ་སྟོན་སྔར་ལས་ལེགས་པ་བྱེད་དགོས།

  མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ན་ངེས་པར་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས། རང་རྒྱལ་ཁབ་དང་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཞིང་ས་གཤིན་པོར་རྩ་བ་ཚུགས་ན། མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་ལྗོན་ཤིང་ལ་གཞི་ནས་རྩ་བ་ཟབ་མོ་དང་ལོ་འདབ་སྟུག་པོ་རྒྱས་ཐུབ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཆེ་གཏིང་ཟབ་ཡིན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཀྲུང་ཧྭའི་ཤེས་དཔལ་གྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན། དེའི་ནང་དུ་འདུས་པའི་ས་སྟེང་ཐམས་ཅད་སྤྱི་སྐལ་ཡིན་ཞེས་པ་དང་། དམངས་ནི་རྒྱལ་ཁབ་ཀྱི་གཞི་མ་ཡིན། སྤྱོད་བཟང་སྲིད་སྐྱོང་། རྙིང་དོར་གསར་འཛུགས། འཇོན་པོ་ཁོ་ན་བསྐོ་གཞག སྣོད་བཅུད་གཅིག་འདུས། གཡེལ་མེད་རང་བརྩོན། སྤྱོད་པ་བཟང་པོས་ཆོས་ཀུན་ཐེག ཡིད་རྟོན་དང་དོད་མཛའ་མཐུན་དོན་གཉེར། གཉེན་ལ་བྱམས་ཤིང་ཁྱིམ་མཚེས་ལ་མཐུན་པ་སོགས་ནི། ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ནང་རིམ་གྱིས་བསགས་པའི་འཇིག་རྟེན་ལྟ་བ་དང་། གནམ་འོག་སྐྱོང་བའི་ལྟ་བ། སྤྱི་ཚོགས་ལྟ་བ། ཀུན་སྤྱོད་ལྟ་བ་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཡིན་ཞིང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་བཞེད་དགོངས་དང་གཅིག་མཐུན་རང་བཞིན་ཚད་མཐོན་པོ་ལྡན། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། གནའ་བཟང་དེང་སྤྱོད་དང་རྙིང་འབུད་གསར་འདོན་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་དགོངས་པའི་སྙིང་བཅུད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་དང་གཅིག་འདྲེས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་ཉིན་རྒྱུན་སྤྱོད་པས་མི་ཚོར་བའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་མཉམ་འདྲེས་བྱས་ཏེ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མངོན་གསལ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་རྒྱུན་ཆད་མེད་པར་ལྡན་པར་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོར་རྩ་བ་བརྟན་པོར་ཚུགས་སུ་འཇུག་དགོས།

  ལག་ལེན་ལ་རྫོགས་མཐའ་མེད་པས་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཡང་རྫོགས་མཐའ་མེད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེ་ཚན་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོའི་གུང་ཁྲན་ཏང་མིའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ན། ཐོག་མར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་དགོས་པ་དང་། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

  ——ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སིའི་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན། ཏང་གི་རིགས་པའི་གཞུང་ལུགས་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཡིན་པ་དང་། མི་དམངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལག་ལེན་ནི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འཛད་མཐའ་མེད་པའི་འབྱུང་ཁུངས་ཡིན། མི་དམངས་དང་ཁ་བྲལ་བའི་རིགས་པའི་གཞུང་ལུགས་ཡོད་ཚད་ནི་ཤུགས་ཟད་ནུས་མེད་ཡིན་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་མ་ཡིན་པའི་རིགས་པའི་གཞུང་ལུགས་ཡོད་ཚད་ལ་གསོན་ཤུགས་མེད། ང་ཚོ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་ཀྱི་རེ་འདུན་ཁོང་དུ་ཆུད་པ། མི་དམངས་ཀྱི་གསར་སྐྲུན་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། མི་དམངས་དགའ་པོ་བྱེད་པ་དང་། མི་དམངས་མོས་མཐུན་ཡོད་པ། མི་དམངས་རང་ལ་མངའ་བ་བཅས་ཀྱི་རིགས་པའི་གཞུང་ལུགས་ཆགས་པར་བྱས་ནས། དེ་ཉིད་མི་དམངས་ལ་འཇིག་རྟེན་ངོས་འཛིན་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པར་མཛུབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས།  

  ——ངེས་པར་དུ་རང་རྟོན་རང་ཚུགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་སྡུག་བསྔལ་ཆེན་པོའི་གནས་ནས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འབར་བའི་མདུན་ལྗོངས་ཀྱི་ཕྱོགས་སུ་བསྐྱོད་པ་ལ། དཔེ་བལྟ་སའི་སློབ་དེབ་གཏན་ནས་ཡོད་མ་མྱོང་ལ་སྤྱད་ཆོག་ཆོག་གི་དངོས་ལན་དེ་བས་ཀྱང་མེད། ཏང་གི་ལོ་བརྒྱའི་འབད་འཐབ་ལ་རྒྱལ་ཁ་ཐོབ་པའི་འགྲོ་ལམ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་བཙན་རང་བདག་གིས་འཚོལ་ཞིབ་བྱས་ནས་གསར་དུ་བཏོད་པ་ཞིག་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་ཀྲུང་གོའི་ལེ་ཚན་ནི་ཀྲུང་གོའི་གུང་ཁྲན་ཏང་མིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བྱས་ཏེ་བྲིས་པ་ཞིག་ཡིན་ལ། དེའི་ནང་དུ་ཁྱབ་པའི་གཞི་རྩའི་གནད་གཅིག་ནི་ཀྲུང་གོའི་གནད་དོན་ལ་ངེས་པར་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་གཞིར་བཟུང་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས་པ་དེ་རེད། ང་ཚོས་མར་ཁེ་སིའི་རིང་ལུགས་ལ་བཅངས་པའི་དད་མོས་བརྟན་པོ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ། སྔར་ལས་ཧུར་ཐག་གི་ལོ་རྒྱུས་འཁུར་ལེན་དང་གསར་སྐྲུན་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་པ་ལས། འགྱུར་ལྡོག་ལ་བསྟུན་མི་ཤེས་པ་དང་། བཀག་སྡོམ་རེངས་གྱུར་བྱེད་མི་རུང་ལ། འདྲ་སྤོ་འདྲ་བཤུས་དང་ཕྱི་གླིང་གི་ཤེས་རིག་བསླབས་ཀྱང་སྤྱོད་མི་ཤེས་པ་བྱེད་མི་རུང་།

  ——ངེས་པར་དུ་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་སྒྲུབ་བཞིན་པ་ནི་སྔོན་ཆད་བསྒྲུབས་མྱོང་མེད་པའི་བྱ་གཞག་རླབས་པོ་ཆེ་ཡིན། བདེན་སྲུང་བྱས་ན་ད་གཟོད་ཁ་ཕྱོགས་མི་ནོར་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་བཟོ་ལ། གསར་གཏོད་བྱས་ན་ད་གཟོད་དུས་རབས་ལ་སྟངས་འཛིན་དང་དུས་རབས་ལ་ཁྲིད་སྟོན་བྱེད་ཐུབ། ང་ཚོས་ཚན་རིག་དང་མཐུན་པའི་རྣམ་འགྱུར་བཟུང་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་། བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་དོན་གཉེར་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲང་བ་དང་། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་ལྷག་བསམ་རྣམ་དག་གིས་གསར་བྱུང་བྱ་དངོས་ཡོད་ཚད་ལ་ལྟ་སྟངས་བཟུང་སྟེ། ངོས་འཛིན་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྔོན་རབས་པས་བཤད་མ་མྱོང་བའི་སྐད་ཆ་གསར་པ་བཤད་ཕོད་པ་དང་། སྔོན་རབས་པས་བསྒྲུབས་མ་མྱོང་བའི་བྱ་བ་སྒྲུབ་ཕོད་པ་བྱས་ཏེ། རིགས་པའི་གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་སྟོན་བྱེད་དགོས།

  ——ངེས་པར་དུ་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་ཞིང་། གནད་དོན་ལ་ལན་འདེབས་པ་དང་དེ་ཐག་གཅོད་བྱེད་པར་མཛུབ་སྟོན་བྱ་རྒྱུ་ནི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན། ད་ལྟ་ང་ཚོའི་མདུན་དུ་ལྷགས་པའི་གནད་དོན་རྙོག་འཛིང་ཆེ་ཚད་དང་གནད་དོན་ཐག་གཅོད་བྱེད་པའི་དཀའ་ཚེགས་ཆེ་ཚད་མངོན་གསལ་གྱིས་ཆེ་རུ་ཕྱིན་འདུག་པས། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་གནད་དོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ། ལག་ལེན་ཁྲོད་ཕྲད་པའི་གནད་དོན་གསར་པ་དང་། སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ཁྲོད་གནས་པའི་གཏིང་རིམ་གྱི་གནད་དོན། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ཁྲོད་ཀྱི་གནད་དོན་ཆེན་པོ། ཏང་འཛུགས་སྐྲུན་ལ་ཕྲད་པའི་གནད་དོན་འབུར་ཐོན་ཅན་བཅས་ལ་དམིགས་ནས། གནད་དོན་ཐག་གཅོད་ངོ་མ་བྱེད་པའི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། ཐབས་ཤེས་གསར་པ་བཅས་རྒྱུན་ཆད་མེད་པར་འདོན་དགོས།

  ——ངེས་པར་དུ་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། བྱ་དངོས་ཡོད་ཚད་ནི་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན། ཡོངས་ཁྱབ་ཏུ་གཅིག་ལ་གཅིག་འབྲེལ་དང་། ཕྱོགས་ཡོངས་དང་མ་ལག་ཚང་བ། གོང་འཕེལ་དང་འགྱུར་ལྡོག་འབྱུང་བཞིན་ཡོད་པ་བཅས་ཀྱི་ལྟ་ཚུལ་སྤྱད་ནས་བྱ་དངོས་ལ་ལྟ་ཞིབ་བྱས་ན། ད་གཟོད་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་ཐུབ། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ལ། རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་གྱི་དུས་རིམ་བརྒྱུད་བཞིན་ཡོད་པས། སྒྱུར་བཅོས་དང་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་བྱེད་སྐབས་རྒྱུན་དུ་སྐྲ་ཉག་མ་གཅིག་འཐེན་ན་ལུས་ཧྲིལ་པོ་འགུལ་བཞིན་ཡོད། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་ལ་ལྟ་མཁས་པ་དང་། ཕྱི་ཚུལ་ལ་བརྟེན་ནས་ངོ་བོར་ལྟ་མཁས་པ་བྱེད་པ་དང་། སྤྱི་ཡོངས་དང་ཆ་ཤས། གནས་སྐབས་དང་ཕུགས་ཡུན། སྤྱི་ཁོག་དང་ཕྲ་མཐོང་། འགལ་བ་གཙོ་བོ་དང་འགལ་བ་ཕལ་པ། དམིགས་བསལ་དང་སྤྱིར་བཏང་བཅས་ཀྱི་འབྲེལ་བ་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ། འཐབ་ཇུས་ཀྱི་བསམ་གཞིག་དང་། ལོ་རྒྱུས་ཀྱི་བསམ་གཞིག རྩོད་སྒྲུབ་ཀྱི་བསམ་གཞིག མ་ལག་གི་བསམ་གཞིག གསར་གཏོད་ཀྱི་བསམ་གཞིག ཁྲིམས་སྐྱོང་གི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྔོན་ཚོད་རང་བཞིན་གྱི་བསམ་བློ་གཏོང་བ་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་གཏོང་བ་བཅས་ལ་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་འདོན་སྤྲོད་བྱེད་དགོས།

  ——ངེས་པར་དུ་ཡིད་ལ་གནམ་འོག་འཆང་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་དོན་གཉེར་བྱེད་པའི་ཏང་ཞིག་ཡིན་ལ། མིའི་རིགས་ཡར་ཐོན་ཡོང་བ་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བ་དོན་གཉེར་བྱེད་པའི་ཏང་ཞིག་ཀྱང་ཡིན། ང་ཚོས་འཛམ་གླིང་གི་མིག་རྒྱ་ཆེ་རུ་བསྐྱེད་ཅིང་། མིའི་རིགས་ཡར་རྒྱས་གོང་འཕེལ་འགྲོ་བའི་རླབས་རྒྱུན་མཐའ་གསལ་མཐིལ་རྟོགས་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་བསློགས་ཏེ་མིའི་རིགས་ལ་ཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་བྱས་རྗེས་འཇོག་དགོས། རྒྱ་མཚོས་ཆུ་ཕྲན་ཐམས་ཅད་བསྡུ་བའི་བློ་རྒྱ་ཆེན་པོར་བརྟེན་ནས་མིའི་རིགས་ཀྱི་ཤེས་དཔལ་དར་བའི་གྲུབ་འབྲས་ཕུལ་བྱུང་མཐའ་དག་དཔེ་ལྟ་བྱེད་ཅིང་བསྡུ་ལེན་བྱས་ཏེ། སྔར་ལས་དགའ་སྐྱིད་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

  གསུམ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན།

  ད་ལྟ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

  ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་དང་ཐོད་བརྒལ་བྱུང་བ་བརྒྱུད་དེ། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལམ་ལྷོངས་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།

  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་རང་གི་གནས་ཚུལ་གཞི་རྩར་བྱས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན། 

  ——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་སྤྱི་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་ན། དེའི་གཞི་ཁྱོན་ནི་ད་ལྟའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་བསྡོམས་འབོར་ལས་བརྒལ་ཡོད་ཅིང་། དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས། འཕེལ་རྒྱས་འགྲོ་ལམ་དང་སྐུལ་འདེད་གཏོང་སྟངས་ལའང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་ལྡོག་མེད་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་གཞི་འགོད་པ། དོན་དག་སྒྲུབ་པ་བཅས་བྱེད་པ་ལས་འདོད་ཆེན་ཆེ་དགའ་མི་བྱེད་ལ་རྙིང་ཞེན་མཁྲེགས་འཛིན་ཡང་མི་བྱེད་པར། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་། གོམ་པ་རིམ་བགྲོད། རྒྱུན་མཐུད་སྐུལ་སྤེལ་བཅས་རྒྱུན་འཁྱོངས་བྱེད་དགོས། 

  ——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཡུན་རིང་གི་ལོ་རྒྱུས་བརྒྱུད་རིམ་ཞིག་ཀྱང་ཡིན། ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་ས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྲུང་སྐྱོང་དང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཐའ་གཉིས་སུ་གྱེས་པ་རྦད་དེ་སྔོན་འགོག་བྱེད་དགོས།

  ——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན། དངོས་པོ་འབྱོར་ཕྱུག་ལྡན་པ་དང་བསམ་བློ་ཕུན་སུམ་ཚོགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ཡིན། དངོས་པོ་དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ། བསམ་བློ་བཀྲེན་པ་ཡང་སྤྱི་ཚོགས་རིང་ལུགས་མིན། ང་ཚོས་རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་བརྟན་འཛུགས་བྱེད་པ་དང་། རྒྱུན་ཆད་མེད་པར་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བའི་དངོས་པོའི་ཆ་རྐྱེན་ཕུན་སུམ་ཚོགས་པར་གཏོང་དགོས་ལ། དེ་དང་དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་རྒྱག་པ། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པ། དངོས་པོ་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

  ——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཡིན། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་ཞིང་། རང་བྱུང་ཁམས་ལས་ཚོད་མེད་ལེན་རྐྱང་བྱས་པ་དང་ཐ་ན་རང་བྱུང་ཁམས་ལ་གཏོར་བརླག་བཏང་ན་རང་བྱུང་ཁམས་ཆེན་པོས་འཁོན་ལན་སློག་ངེས་རེད། ང་ཚོས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོན་ཆུང་བྱ་རྒྱུ་དམིགས་བསལ་གྱིས་སྔོན་ལ་འཇོག་པ། སྲུང་སྐྱོབ་བྱ་རྒྱུ་དམིགས་བསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་ངང་སོར་ཆུད་ཡོང་རྒྱུ་གཙོ་བོར་འཛིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་རང་བྱུང་ཁམས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་དར་བའི་འཕེལ་རྒྱས་གཏོང་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཡུན་གཏན་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས།

  ——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་ཡིན། རང་རྒྱལ་ནི་རྒྱལ་ཁབ་ཁ་ཤས་བཞིན་དམག་འཁྲུག་རྒྱག་པ་དང་། མི་སེར་སྤེལ་བ། འཕྲོག་བཅོམ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་རྙིང་དུ་མི་འགྲོ་སྟེ། གཞན་གནོད་རང་ཕན་དང་ཁྲག་དྲི་བྲོ་བའི་ནག་ཉེས་ཀྱིས་ཁེངས་པའི་ལམ་རྙིང་དེས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྡུག་བསྔལ་ཚད་མེད་བཟོས་ཡོད། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་དང་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། ཞི་བདེ། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་རང་ཉིད་འཕེལ་རྒྱས་འགྲོ་བ་དོན་གཉེར་བྱེད་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་སྔར་ལས་ཡག་པོ་བྱ་རྒྱུ་ཡིན།

  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཡིན། 

  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་པ་གོམ་སྟབས་གཉིས་སུ་ཕྱེ་ནས་འགྲོ་རྒྱུ་ཡིན་པ་སྟེ། 2020ལོ་ནས་2035ལོའི་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་སྐྲུན་ཚར་བར་བྱ་རྒྱུ་ཡིན།

  2035ལོར་སླེབས་དུས། རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་ནི། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཆེས་ཆེར་འཕེལ་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐས་རིམ་ཆེན་པོ་གསར་པ་ཞིག་ཏུ་སླེབས་ནས། དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་མངོན་འགྱུར་བྱས་ནས་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་ཚར་བར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་ཏེ། དཔེ་གསར་གྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་སྔར་ལས་ཆ་ཚང་དུ་གཏོང་བ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་སྐྲུན་ཚར་བར་བྱེད་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན། རིག་གནས་རྒྱལ་ཁབ་སྟོབས་ལྡན། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན། བདེ་ཐང་ཀྲུང་གོ་བཅས་སྐྲུན་ཚར་བར་བྱེད་པ་དང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མངོན་གསལ་ཆེ་རུ་གཏོང་དགོས། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་དགའ་སྐྱིད་ལྡན་པ་དང་། སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་ཀྱི་བསྡུར་ཚད་མངོན་གསལ་མཐོ་རུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བ།  མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་མངོན་སུམ་གྱི་འཕེལ་སྐྱེད་ཡོང་བ་བཅས་བྱེད་དགོས། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ཏུ་ཆགས་པ་དང་། ཐཱན་འབུད་ཚད་ཡང་རྩེར་སོན་རྗེས་བརྟན་ཐོག་མར་ཆག་ཡོང་བ། སྐྱེ་ཁམས་ཁོར་ཡུག་གཞི་རྩའི་ཆ་ནས་ལེགས་འགྱུར་ཡོང་ཞིང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་དགོས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་དགོས་པ་བཅས་ཡིན།  

  དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག ང་ཚོས་མུ་མཐུད་ནས་འབད་བརྩོན་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། རང་རྒྱལ་འདི་ཉིད་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་མདུན་གྲལ་དུ་སླེབས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

  མ་འོངས་པའི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་གནད་འགག་གི་དུས་སྐབས་ཡིན། འདིའི་རིང་གི་དམིགས་འབེན་ལས་འགན་གཙོ་བོ་ནི། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཐོད་བརྒལ་གསར་པ་བྱེད་དགོས་པ་དང་། ཚན་རྩལ་རང་ཚུགས་རང་དར་བྱེད་པའི་ནུས་པ་མངོན་གསལ་གྱིས་ཆེ་རུ་འགྲོ་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པར་འཕེལ་སྐྱེད་གལ་ཆེན་འབྱུང་དགོས། སྒྱུར་བཅོས་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོ་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཞི་རྩའི་ཆ་ནས་ཆགས་པ་བཅས་བྱེད་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གོང་བུར་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་དང་། ངལ་རྩོལ་གྱི་ཐོབ་ཆ་མཐོ་རུ་གཏོང་བ་དེ་ངལ་རྩོལ་ཐོན་སྐྱེད་འགྲོས་ཚད་མགྱོགས་སུ་གཏོང་བ་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་མཐོ་རུ་གཏོང་བ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་པར་བྱེད་དགོས། རྒྱལ་ཁབ་བདེ་འཇགས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་རྒྱལ་སྤྱིའི་ཐོག་གི་གོ་གནས་དང་ཤུགས་རྐྱེན་སྔར་ལས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་དགོས་པ་བཅས་ཡིན།

  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་དཀའ་ཚེགས་ཆེ་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན། དེ་ནི་ལས་འགན་ལྕི་ལ་སྒྲུབ་ཡུན་རིང་ནའང་། མདུན་ལམ་ནི་འོད་སྟོང་འབར་བ་ཞིག་ཡིན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གང་མགྱོགས་འབྱུང་བཞིན་ཡོད་པ་དང་། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་འབྱུང་བཞིན་ཡོད་ལ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་བྱུང་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་གསར་པར་ཕྲད་ཡོད། དུས་མཚུངས་སུ། དུས་རབས་རིམས་ནད་ཀྱི་ཤུགས་རྐྱེན་གཏིང་ཟབ་པ་དང་། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་འཐོན་བཞིན་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཞན་ལ། ས་ཁུལ་ཁ་ཤས་སུ་གདོང་ཐུག་དང་དུས་ཟིང་བྱུང་དང་འབྱུང་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་གྱུར་ནས་འཛམ་གླིང་འདི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། རང་རྒྱལ་གྱི་སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་མདུན་དུ་གཡོལ་ཐབས་དང་འདོར་ཐབས་མེད་པའི་འགལ་བ་ཟབ་མོ་མི་ཉུང་བ་ཞིག་ལྷགས་ཤིང་། ཏང་འཛུགས་སྐྲུན་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་ངན་རེངས་རང་བཞིན་དང་། མང་ཐོན་རང་བཞིན་གྱི་གནད་དོན་མི་ཉུང་བ་ཞིག་ཡོད་ལ། ཕྱི་ནས་བཙན་གནོན་བཀག་སྡོམ་བྱེད་པ་དུས་དང་རྣམ་པ་ཀུན་ཏུ་ཛ་དྲག་ཆེ་རུ་འགྲོ་ཉེན་ཡོད། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་པ་ནག་པོ་”དང་“བསེ་རུ་སྐྱ་བོའི་”དོན་རྐྱེན་སྣ་ཚོགས་དུས་དང་རྣམ་པ་ཀུན་ཏུ་ཐོན་ཉེན་ཡོད། ང་ཚོས་ངེས་པར་དུ་ཉམས་ཉེན་དྲན་པའི་འདུ་ཤེས་ཆེ་རུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས། བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་ནས་རགས་རྒྱག་པ་བཅས་བྱས་ཏེ། རླུང་འཚུབ་རླབས་འཕྱོ་དང་ཐ་ན་འཇིགས་རུང་དྲག་རླབས་ཀྱི་ཉམས་སད་ཆེན་པོ་མྱོང་བའི་གྲ་སྒྲིག་བྱེད་དགོས། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་ཁག་དམ་འཛིན་བྱེད་དགོས་ཏེ།

  ——ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ནས། ཏང་ཐོག་མཐའ་བར་གསུམ་དུ་ཆར་རླུང་དྲག་པོ་ལྡང་སྐབས་མི་དམངས་ཡོངས་ཀྱི་ཆེས་ཡིད་རྟོན་རུང་བའི་གཞི་རྐང་དུ་འགྱུར་བར་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཡང་དག་པ་འགན་ལེན་ཏན་ཏིག་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེན་པོ་འཕེལ་བའི་འགན་ལེན་ཏན་ཏིག་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་ངལ་མཉམ་སེལ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

  ——ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས། འགྲོ་ལམ་མི་བསྒྱུར་བ་དང་ཕུགས་བསམ་མི་འདོར་བ་རྒྱུན་འཁྱོངས་བཅས་བྱས་ཏེ་བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་སྐྱོད་པར་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་པ་རྒྱུན་འཁྱོངས་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས།

  ——མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས།

  ——སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྒྱུར་བཅོས་གསར་གཏོད་ཟབ་སྤེལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། གཏིང་རིམ་ཟབ་མོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་གང་ཐུབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་རྒྱུན་ཆད་མེད་པར་མངོན་པར་མཚོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས།

  ——འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་བསྐྱེད་དེ། ལོག་བཤད་ལ་ཡིད་མི་ཆེས་པ་དང་། ངན་རེངས་ལ་དཔའ་མི་ཞུམ་པ། གནོན་ཤུགས་ལ་བློ་མི་འཇིགས་པ་བཅས་དང་། དཀའ་ངལ་ལ་མི་འཛེམ་པར་གདོང་བསུས་ཏེ་མདུན་དུ་སྐྱོད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གཏོད་པ་བཅས་བྱེད་དགོས།

  བློ་མཐུན་རྣམ་པ། དེ་རིང་། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་པར་ཐག་ཉེ་བ་དང་། ཡིད་ཆེས་དང་ནུས་པ་སྔར་ལས་ཆེན་པོས་ཁེངས་ཡོད། དུས་མཚུངས་སུ་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེན་པོ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱེད་པའི་གྲ་སྒྲིག་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། རང་འགུལ་གྱིས་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། རང་འགུལ་གྱིས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།

  བཞི། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

  སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གིས་སྲིད་དབང་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཨང་དང་པོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་མི་ཐུབ་པས། ངེས་པར་དུ་ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་དགོས།

  ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་ཟུང་འབྲེལ་དམ་ཚགས་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློ་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། རྒྱལ་སྤྱིའི་རེས་འཁོར་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་པོར་འཛུགས་པ། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་འགྲོས་ཚད་མགྱོགས་སུ་གཏོང་གང་ཐུབ་བྱེད་པ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ལྡེམ་ཤུགས་དང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱེད་པ་བཅས་ཀྱིས་དཔལ་འབྱོར་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

  (གཅིག) ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་དྲག་བཟང་ཆེ་གསུམ་དུ་གཉེར་བར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ནས། འཛམ་གླིང་གི་ཁེ་ལས་རྩེ་གྲ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ་དང་། བདག་རྐྱེན་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ཟབ་སྤེལ་བྱས་ནས། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱེད་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་། ཚོང་རར་ཞུགས་འཐུས། དྲང་སྙོམས་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཕྱོགས་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་དགོས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་དངུལ་འཇོག་གིས་འདོན་སྤྲོད་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་ཐོན་པའི་འགག་རྩའི་ནུས་པ་ཆེ་རུ་གཏོང་དགོས། དེང་རབས་ཀྱི་སྔོན་རྩིས་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། དཔྱ་ཁྲལ་ལམ་ལུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་སྒྱུར་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། དེང་རབས་ཀྱི་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་པ། དེང་རབས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། དངུལ་རྩ་བརྟན་བརླིང་གི་འགན་སྲུང་མ་ལག་ལ་ཤུགས་རྒྱག་པ། ཁྲིམས་ལྟར་དངུལ་རྩའི་བྱེད་སྒོ་སྣ་ཚོགས་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་འཇུག་པ་བཅས་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བསྲུང་དགོས། མ་རྩའི་ཚོང་རའི་བྱེད་ལས་ཆ་ཚང་དུ་གཏོང་བ་དང་། ཐད་ཀར་མ་དངུལ་བསྡུ་བའི་བསྡུར་ཚད་ཇེ་མཐོར་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་སྲུང་སྐྱོབ་དང་སྲིད་འཛིན་རང་བཞིན་གྱི་སྒེར་སྡེམ་བརྟོལ་ནས། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས།

  (གཉིས།) དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔེ་གསར་གྱི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ལྡན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན། གྲངས་ཀའི་ཀྲུང་གོ་བཅས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཐོན་ལས་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་ལས་གྲྭ་ལག་བསྟར་བྱེད་པ་དང་། ཆེད་ལས་སྤུས་ལེགས་ཁྱད་ལྡན་གསར་གྲས་བཅས་ཀྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། བཟོ་སྐྲུན་ལས་རིགས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་རྒྱས་གཏོང་དགོས། དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྔོན་ཁྲིད་གོ་གནས་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་འཕེལ་རྒྱས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཆད་སྐྱོན་གང་མགྱོགས་བསབ་ནས། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་འདོན་སྤྲོད་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མཉམ་འདྲེས་དང་ཁྱུ་ཚོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། མིས་བཟོས་རིག་ནུས། སྐྱེ་དངོས་ལག་རྩལ། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། ལྗང་མདོག་གནོད་མེད་སོགས་འཕར་སྣོན་ཡོང་བའི་སྒུལ་ཤུགས་གསར་པ་ཁག་ཅིག་འཛུགས་དགོས། སྤུས་ལེགས་ནུས་ཆེའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་འཛུགས་པ་དང་། དེང་རབས་ཞབས་ཞུའི་ལས་རིགས་དེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཞིང་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཟོག་འབྲེལ་དྲ་རྒྱ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ནུས་ཆེ་ཐོགས་མེད་ཀྱི་འགྲོ་རྒྱུག་མ་ལག་འཛུགས་སྐྲུན་བྱས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་གཅོག་དགོས། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་ཀའི་ཐོན་ལས་ཁྱུ་ཚོགས་འཛུགས་དགོས། རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་དང་། གྲུབ་ཚུལ། བྱེད་ལས། མ་ལག་ཕྱོགས་བསྡུས་བཅས་ལེགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས།

  (གསུམ།) ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན། ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་དེ་སྔར་བཞིན་གྲོང་གསེབ་ཏུ་ཡོད། ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་འཁོར་རྒྱུག་ཐོགས་མེད་ཡོང་བ་བྱེད་དགོས། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་འཛུགས་པ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་མཐའ་ཡོངས་ནས་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་འདྲ་མཚུངས་དོན་འཁྱོལ་བྱེད་པ། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་དམར་ཐིག་དམ་པོར་བསྲུང་བ། གཏན་ཆགས་ཀྱི་གཞི་རྩའི་རྨོ་ཞིང་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་རྨོ་ཞིང་དུ་སྐྲུན་ཚར་བར་བྱེད་པ། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ལས་ལ་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་དང་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་བའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་འགན་ལེན་ཏན་ཏིག་བྱེད་དགོས། ཟས་རིགས་ཆེན་པོའི་ལྟ་བ་འཆང་བ་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་ནས་སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་བྲལ་ས་ཁུལ་དང་དབུལ་བྲལ་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་བཀོད་པ་གཅིག་གྱུར་འཆར་འགོད་བྱས་ནས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་ཅན་འཕེལ་རྒྱས་གཏོང་བ། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་གཞི་ཁྱོན་རན་པོའི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ནས་ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་ལྷག་པ་ཐོབ་པར་བྱེད་དགོས། གྲོང་ཁྱེར་དུ་ཡོང་ནས་གཞིས་བཅས་པའི་ཞིང་པའི་ཁྲིམས་མཐུན་གྱི་ས་ཞིང་ཁེ་དབང་འགན་སྲུང་བྱས་ནས། བཅའ་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པར་བསྔགས་སྐུལ་བྱེད་དགོས། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་དགོས།

  (བཞི།) ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་གནད་ཆེའི་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གནད་ཆེན་གྱི་བཀོད་པ་ལེགས་སུ་བཏང་ནས། དགེ་མཚན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་མ་ལག་འཛུགས་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་པོ་ཡོང་བར་སྐུལ་སྤེལ་གཏོང་བ། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་སྐུལ་འདེད་གང་མགྱོགས་གཏོང་བར་བསྔགས་སྐུལ་བཅས་བྱེད་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཐའ་དར་དམངས་ཕྱུག་དང་། མཐའ་མཚམས་བརྟན་བརླིང་དང་མཐའ་མཚམས་སྲ་བརྟན་ཡོང་བ་བྱེད་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞུང་ཨན་ཁུལ་གསར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་ཆ་ཚང་བར་འཛུགས་པ་དང་། རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་འཕེལ་རྒྱས་རྣམ་པ་ལེགས་སྒྱུར་བྱེད་དགོས།  མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་མགྱོགས་སུ་བསྒྱུར་དགོས། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་གཞི་རྟེན་དུ་བྱས་ཏེ་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གཏོད་པ་དང་། རྫོང་མཁར་གཞི་རྟེན་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚད་བརྒལ་གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོའི་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཀྱིས་བསྒྱུར་བ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། གནས་འཕྲོད་ཅན་དང་། ལྡེམ་ཤུགས་ཅན། རིག་ནུས་ཅན་བཅས་ཀྱི་གྲོང་ཁྱེར་བསྐྲུན་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། རྒྱ་མཚོའི་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་འཛུགས་སྐྲུན་བྱེད་དགོས།

  (ལྔ།) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཚད་བརྒལ་གཞི་ཁྱོན་ཆེན་པོའི་ཚོང་རའི་དགེ་མཚན་རྒྱབ་རྟེན་དུ་བྱས་ཤིང་། རྒྱལ་ནང་གི་རེས་འཁོར་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་བདག་རྐྱེན་འགུག་ཐབས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་རིགས་གཉིས་ཀྱི་མཉམ་འགུལ་གྱི་ཕན་ནུས་ཆེ་རུ་བཏང་ནས། ཉོ་ཚོང་དང་དངུལ་འཇོག་དང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། སྒྲིག་ལམ་དང་། སྲོལ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་ཆེ་རུ་གཏོང་དགོས། དངོས་ཟོག་ཉོ་ཚོང་ལེགས་སྒྱུར་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་གཏོད་བྱེད་པ། གྲངས་ཀའི་ཉོ་ཚོང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཉོ་ཚོང་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ལུགས་མཐུན་གྱིས་ཉུང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པའི་དངུལ་འཇོག་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཏེ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་དང་། ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་སྒོ་འབྱེད་སྔོན་ཁྲིད་གོ་གནས་སྲ་བརྟན་དུ་གཏོང་བ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་བྱང་ཤར་ས་ཁུལ་གྱི་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། ནུབ་རྒྱུད་ཀྱི་སྐམ་མཚོའི་རྒྱུ་ལམ་གསར་པ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་གང་མགྱོགས་འཛུགས་སྐྲུན་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་རིམ་སྤར་འཐབ་ཇུས་ལག་བསྟར་བྱེད་པ་དང་། གོ་ལ་ཧྲིལ་པོར་ཁ་ཕྱོགས་ཤིང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱ་སྐྱེད་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་དང་མཉམ་ལས་ནང་ཟབ་མོར་ཞུགས་པ་དང་། སྣ་མང་བརྟན་བརླིང་གི་རྒྱལ་སྤྱིའི་དཔལ་འབྱོར་གྱི་རྣམ་པ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྲུང་སྐྱོང་བྱེད་དགོས།

  ལྔ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

  སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། 

  ང་ཚོས་སློབ་གསོ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་དར་བྱེད་པ། ཤེས་ལྡན་མི་སྣས་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་མགྱོགས་སུ་འཛུགས་སྐྲུན་བྱེད་པ་དང་། ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། གསར་གཏོད་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་སྐྱེད་སྲིང་བྱེད་པ་དང་། ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་གང་ཐུབ་བྱེད་དགོས།

  (གཅིག) མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ལེགས་པོར་གཉེར་དགོས། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་མི་ཇི་ལྟར་གསོ་སྐྱོང་བྱ་རྒྱུ། གང་གི་དོན་དུ་མི་གསོ་སྐྱོང་བྱ་རྒྱུ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཡིན། མི་གསོ་སྐྱོང་བྱེད་པའི་རྩ་བ་ནི་ཀུན་སྤྱོད་བཟང་པོ་འཛུགས་རྒྱུ་དེ་ཡིན། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱོད་བཟང་དར་སྤེལ་དང་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་ཅིང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། མི་དམངས་ལྟེ་བར་བཟུང་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་སུ་འཛུགས་སྐྲུན་བྱེད་པ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། ས་ཁོངས་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་སྒྱུར་བྱེད་པ། སློབ་ན་མ་སོན་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་ཅན་དུ་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་པ། མཐོ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། སློབ་མཚམས་ཧྲིལ་པོར་ཁྱབ་པའི་སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་མཐུན་སྦྱོར་ངང་གསར་གཏོད་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས། ལས་རིགས་སློབ་གྲྭ་དང་མཐོ་འབྲིང་དཀྱུས་མ་མཉམ་འདྲེས་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས། ཚན་ཞིབ་དང་སློབ་ཁྲིད་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ལས་རིགས་སློབ་གསོའི་རིགས་དབྱེའི་ངེས་གནས་ལེགས་སྒྱུར་བྱེད་དགོས། རྨང་གཞིའི་རིག་ཚན་དང་། གསར་དར་རིག་ཚན། སྣོལ་འདྲེས་རིག་ཚན་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེ་གྲ་ཡིན་པའི་སློབ་ཆེན་དང་དགེ་མཚན་ཅན་གྱི་རིག་ཚན་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་དང་། སློབ་དེབ་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭ་དོ་དམ་དང་སློབ་གསོའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་གསུམ་གྱི་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་དགོས། སློབ་གསོ་གྲངས་ཀ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་དགོས།

  (གཉིས།) ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་དགོས། གསར་གཏོད་ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་ཀར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཆ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་གཏོང་བ། གསར་གཏོད་ཐོན་ཁུངས་བགོ་སྒྲིག་བྱེད་ཐབས་ལེགས་སྒྱུར་བྱེད་པ། རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ངེས་གནས་དང་བཀོད་པ་ལེགས་སྒྱུར་བྱེད་པ། རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་ཆགས་པར་བྱེད་པ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་འཐབ་ཇུས་ཀྱི་བློ་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། ཚན་རྩལ་གདེང་འཇོག་སྒྱུར་བཅོས་ཟབ་སྤེལ་བྱེད་པ། སྣ་མང་ཅན་གྱི་ཚན་རྩལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ། ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་རྒྱག་པ་བཅས་བྱས་ནས། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པར་བྱེད་དགོས། གསར་གཏོད་ཀྱི་རིག་གནས་སྐྱེད་སྲིང་བྱེད་པ་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་སྲོལ་བཟང་པོ་གསོ་སྤེལ་བཅས་བྱས་ནས། གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་དགོས། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་རྒྱ་སྐྱེད་པ་དང་། རྒྱལ་སྤྱི་ཅན་གྱི་ཚན་ཞིབ་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོར་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་ཆགས་པར་བྱེད་དགོས།

  (གསུམ།) གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གང་མགྱོགས་ལག་བསྟར་བྱེད་དགོས། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གནད་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་གང་མགྱོགས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་ཕྱོགས་སུ་བཟུང་སྟེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐོག་མའི་གསར་གཏོད་རང་བཞིན་དང་ཁྲིད་སྟོན་རང་བཞིན་ལྡན་པའི་ཚན་རྩལ་འགག་སྒྲོལ་བྱེད་པ་དང་། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། སྔོན་ཚོད་རང་བཞིན་བཅས་ལྡན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གནད་ཆེན་ཁག་ཅིག་གང་མགྱོགས་ལག་ལེན་བསྟར་ནས། རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པ་དང་། ཐོག་མའི་གསར་གཏོད་དམིགས་སུ་འཛིན་པ། རང་མོས་ཀྱིས་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བཅས་བྱེད་དགོས། ཚན་རྩལ་ཐད་མ་དངུལ་འཇོག་པའི་ཕན་ནུས་ཆེ་རུ་གཏོང་བ་དང་། ནོར་སྲིད་ཀྱིས་ཚན་རྩལ་ལ་གྲོན་དངུལ་བགོ་བཤའ་དང་བཀོལ་སྤྱོད་བྱེད་པའི་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་རྒྱག་པ་དང་། དམིགས་འབེན་ཁྲིད་ཕྱོགས་ལ་ཤུགས་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གོ་གནས་ཆེ་རུ་གཏོང་བ་དང་། ཚན་རྩལ་ཅན་གྱི་རྐང་འཛིན་ཁེ་ལས་ཀྱི་ཁྲིད་སྟོན་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཚར་ལོངས་ཡོང་བར་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་པ། གསར་གཏོད་མུ་ཕྲེང་དང་། ཐོན་ལས་མུ་ཕྲེང་། མ་དངུལ་མུ་ཕྲེང་། ཤེས་ལྡན་མི་སྣའི་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

  (བཞི།) ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཡིན། འཇོན་ཐང་ཅན་ལས་བྱས་རྗེས་འབྱུང་། འཇོན་ཐང་ཅན་ལས་བྱ་གཞག་དར། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་བས་དགེ་མཚན་ལྡན་པ་དང་། སྔར་བས་སྒོ་འབྱེད། སྔར་བས་ཕན་ནུས་ལྡན་པ་བཅས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱས་ནས། རྒྱ་ཆེའི་ཤེས་ལྡན་མི་སྣས་ཏང་ལ་དགའ་ཞེན་བྱེད་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། ལས་བཀུར་སྐྱེས་འབུལ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཤེས་ལྡན་མི་སྣའི་འཐབ་ཇུས་བཀོད་པ་འཐུས་ཚང་དུ་བཏང་སྟེ། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་ཁྱོན་ཆེ་བ་དང་། གྲུབ་ཚུལ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་གི་ཤེས་ལྡན་མི་སྣ་གལ་ཆེན་གྱི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གང་མགྱོགས་འཛུགས་སྐྲུན་བྱས་ཏེ། ཤེས་ལྡན་མི་སྣའི་ས་ཁོངས་བཀོད་པ་ལུགས་མཐུན་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་བསྡུར་མངོན་དགེ་མཚན་ཆགས་གང་ཐུབ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། མཁས་དབང་དང་། འཐབ་ཇུས་ཚན་རིག་པ། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་རྩེ་གྲ་དང་གསར་གཏོད་ཚོགས་པ། གཞོན་ནུ་ཚན་རྩལ་ཤེས་ལྡན་མི་སྣ། ཕུལ་བྱུང་བཟོ་བཀོད་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་སྔར་ལས་མང་བ་འབད་པས་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་རྒྱག་པ་དང་། རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་ལེགས་པར་བཀོལ་སྤྱོད་དང་སྤྱོད་གོ་ཆོད་པར་བྱེད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས། ཁ་ཞེ་གཉིས་མེད་ཀྱིས་ཤེས་ལྡན་མི་སྣར་དགའ་ཞེན་དང་། བློ་སེམས་རྩེ་གཅིག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་། སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣ་འགུག་པ། བློ་སེམས་ཞིབ་མོས་ཤེས་ལྡན་མི་སྣ་བཀོལ་སྤྱོད། སྐོམ་པ་ཆུ་འདོད་ལྟར་ཤེས་ལྡན་མི་སྣར་གཅེས་འཛིན། སྲོལ་གཅིག་རྐྱང་གི་རྒྱ་ལས་གྲོལ་བ་བཅས་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་དུ་གཅིག་བསྡུས་བྱེད་དགོས།

  དྲུག །བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་བྱེད་དགོས། 

  རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་ཅིང་། བཟོ་ཞིང་མནའ་འབྲེལ་རྨང་གཞིར་གྱུར་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། ཕན་གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས་ཤིང་། ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་པར་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ། མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་གསར་སྐྲུན་གསོན་ཤུགས་སྐུལ་སློང་བཅས་བྱེད་དགོས།

  ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཆ་ཚང་དུ་གཏོང་བ་དང་། མི་དམངས་གོ་རིམ་ལྡན་པར་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་བསྐྱེད་པ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱ་རྒྱུ་འགན་ལེན་བྱེད་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་འདོན་སྤེལ་བྱེད་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

  (གཅིག) མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ལ་ཤུགས་རྒྱག་དགོས། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གལ་ཆེའི་ཆབ་སྲིད་ལམ་ལུགས་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་དང་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཚང་མ་དམངས་གཙོས་བདམས་ཐོན་བྱུང་ནས། མི་དམངས་ལ་འགན་འཁུར་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཁྲིམས་འཛུགས་ཀྱི་དབང་ཆ་དང་། ལྟ་སྐུལ་གྱི་དབང་ཆ། ཐག་གཅོད་ཀྱི་དབང་ཆ། བསྐོ་འཐེན་གྱི་དབང་ཆ་བཅས་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱིས་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་ཆ་ཚང་དུ་བཏང་ནས་རྒྱལ་ཁབ་ཁྲིམས་སྐྱོང་གི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོང་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀ་སྒྲུབ་ནུས་འཛུགས་སྐྲུན་བྱ་རྒྱུར་ཤུགས་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་གཏུག་དམ་ཟབ་ཏུ་གཏོང་དགོས། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱ་རྒྱུའི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་འཛུགས་སྐྲུན་ཡག་པོ་བྱེད་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་དང་འཛུགས་སྐྲུན་ཟབ་སྤེལ་བྱས་ནས་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

  (གཉིས།) ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་དགོས། གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན། གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་བཏང་ནས། སྲིད་ཏང་གི་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོགས་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོགས་རྩ་འཛུགས་ཀྱི་གྲོས་མོལ་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཅན་གྱི་གྲོས་མོལ་ལས་སྟེགས་སྣ་ཚོགས་ཆ་ཚང་དུ་བཏང་སྟེ། གྲོས་མོལ་དམངས་གཙོ་ཁྱབ་རྒྱ་ཆེ་ལ་རིམ་པ་མང་བ་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་སྤེལ་བྱ་རྒྱུ་ཕན་ཚུན་སྣ་སྦྲེལ་དང་། བློ་འདོན་སྲིད་འདྲི་དང་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུས་ལ་ཕྱོགས་གཉིས་ཐད་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་སོགས་ཀྱི་བྱེད་ལས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་སྐུལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཕྱོགས་བསྡུས་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ཨུ་ཡོན་གྱིས་རིགས་ཁོངས་ཀྱི་མང་ཚོགས་དང་འབྲེལ་གཏུག་ཞུ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

  (གསུམ།) གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། གཞི་རིམ་གྱི་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཐད་ཀར་དམངས་གཙོའི་ལམ་ལུགས་མ་ལག་དང་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་མང་ཚོགས་ཀྱིས་རང་ངོས་དོ་དམ་དང་། རང་ངོས་ཞབས་ཞུ། རང་ངོས་སློབ་གསོ། རང་ངོས་ལྟ་སྐུལ་བཅས་བྱེད་པའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་སྒྲུབ་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཚོགས་སྤྱི་རིགས་ཁག་གོ་རིམ་ལྡན་པའི་སྒོ་ནས་གཞི་རིམ་བཅོས་སྐྱོང་ནང་ཐེ་ཞུགས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། མི་དམངས་ཀྱིས་གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་ཁྲིམས་ལྟར་དོ་དམ་བྱེད་པར་འགན་སྲུང་བྱེད་དགོས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པ་དང་། ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གཞི་རྩའི་རྣམ་པ་ཡིན་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་དམངས་གཙོའི་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། 

  (བཞི།) ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་ནི་མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཐབས་མཆོག་བླ་ན་མེད་པ་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དམིགས་ནས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བྱ་བ་སྒྲུབ་པར་སྐུལ་སློང་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏོད། གཟི་ཁྲེལ་མཉམ་མྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣར་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཙོའི་ཏང་ཤོག་གིས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་ནུས་སྔར་ལས་ལེགས་པར་སྒྲུབ་པར་རྒྱབ་སྐྱོར་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་ཐིག་བྱེད་ཅིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པའི་ཐོག་བསྐྱོད་པ་དང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ།  ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་ཕྱིའི་ཤེས་ཡོན་ཅན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཤུགས་རྒྱག་པ་དང་། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ལས་ཀ་ཡག་པོར་སྒྲུབ་པ། མཉམ་དུ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་མཉམ་དུ་མི་རིགས་བསྐྱར་དར་ཡོང་བར་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

  བདུན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 

  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་ཞིང་། ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་ཡང་འབྲེལ་བ་ཡོད། ངེས་པར་དུ་ཁྲིམས་སྐྱོང་གི་གཞི་རྐང་སྲ་བརྟན་གཏོང་བ་དང་། སྔོན་ཚོད་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་ཏུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

  ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་དང་སྐུལ་འདེད་གཏོང་བར་དམིགས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ། ཁྲིམས་ལྟར་སྲིད་དབང་འཛིན་པ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

  (གཅིག) རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱེད་པ་གཡོ་འགུལ་མི་གཏོང་བ་དང་། རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་གི་སྒྲིག་གཞི་རྒྱུན་འཁྱོངས་བྱེད་པ་གཡོ་འགུལ་མི་གཏོང་བ་བྱེད་དགོས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་འགན་ལེན་བྱེད་པའི་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་ནས། རྒྱལ་སྲིད་སྐྱོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་པ་དང་། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་འབྲེལ་ཁྲིམས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་བཟང་སྐྱོང་འགན་སྲུང་བྱེད་དགོས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛུགས་བཅོས་འདོར་འགྲེལ་སྒྲིག་བཅས་ཕྱོགས་ལྔ་གཅིག་གྱུར་འཆར་འགོད་བྱས་ནས་ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། དུས་ནུས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཐོ་འགོད་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེར་ཤུགས་རྒྱག་དགོས། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཇུས་གཅོད་གནད་ཆེན་ལས་རིམ་ལམ་ལུགས་དོན་འཁྱོལ་བྱེད་དགོས།

  (གཉིས།) ཁྲིམས་ལྟར་སྲིད་དབང་འཛིན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་གཙོ་བོ་དང་ལས་གྲྭ་གཙོ་བོ་ཡིན། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། སྲིད་གཞུང་གི་འགན་འཁྲིའི་མ་ལག་དང་རྩ་འཛུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། སྒྲིག་གཞི་དང་། འགན་ནུས། དབང་མཚམས། ལས་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་གྱི་ལས་ཆོད་དང་སྤྱི་པའི་ཡིད་རྟོན་འཐོབ་ནུས་མཐོ་རུ་གཏོང་དགོས། བྱ་ལས་སྡེ་ཚན་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་གཟབ་ནན་ཚད་ལྡན་དྲང་གཞག་ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཁྲིམས་བསྟར་གྱི་ལས་རིམ་འཐུས་ཚང་དུ་གཏོང་བ། སྲིད་འཛིན་གྱི་གཅོད་འཇལ་ཚད་གཞི་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྲིད་འཛིན་ཁྲིམས་བསྟར་གྱི་ལྟ་སྐུལ་ལམ་སྲོལ་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། གཞི་རིམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

  (གསུམ།) ཁྲིམས་འཛིན་དྲང་གཞག་ནན་པོ་བྱེད་དགོས། ཁྲིམས་འཛིན་དྲང་གཞག་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱེད་པའི་མཇུག་མཐའི་འགོག་སྲུང་འཛིང་རགས་ཡིན། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཆ་འགྲིག་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནད་འཁེལ་བྱེད་པ་དང་། དྲང་གཞག་ཆོད་ཆེ་དབང་གྲགས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་པོར་འཛུགས་སྐྲུན་བྱས་ཏེ། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ནང་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་དགོས། ཁྲིམས་འཛིན་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྤྱི་བདེ་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་དང་། ཕན་ཚུན་གཞོགས་འདེགས། ཕན་ཚུན་ཚོད་འཛིན་བཅས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཁྲིམས་འཛིན་བྱེད་སྒོར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་དགོས། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་རྒྱག་དགོས། སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

  (བཞི།) ཁྲིམས་སྐྱོང་སྤྱི་ཚོགས་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས། ཁྲིམས་སྐྱོང་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་བྱེད་པ། མི་དམངས་ཡོངས་རྫོགས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ལྷག་བསམ་དཀར་བའི་རྗེས་འཇུག་པ་དང་། རང་རྟོགས་ལྡན་པའི་བརྩི་སྲུང་བ། བློ་རྩ་བརྟན་པའི་སྲུང་སྐྱོབ་པ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དེང་རབས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་བརྩི་ཁྲིམས་སློབ་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཆེན་པོར་ཆགས་པར་འབད་བརྩོན་བྱེད་དགོས།

  བརྒྱད། རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་བསྐྲུན་དགོས། 

  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས་ཤིང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་སྟོན་བཅས་བྱ་རྒྱུར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཅན་དུ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་ཅན་དང་། མི་རིགས་དང་ཚན་རིག་དང་མང་ཚོགས་བཅས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐུལ་སློང་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས།

  ང་ཚོས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་སློབ་སྟོན་གོ་གནས་ཡིན་པའི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་དང་། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་རྒྱུན་འཁྱོངས། གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བཅས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་། གསར་བརྗེའི་རིག་གནས་དར་སྤེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

  (གཅིག) གོང་བུར་འགྲིལ་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་རྒྱལ་ཁབ་ལ་བསམ་བློ་སྩོལ་བ་དང་མི་རིགས་ལ་སེམས་ཤུགས་སྐྱེད་པའི་ལས་དོན་ཞིག་ཡིན། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་སྟངས་འཛིན་དམ་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་དུས་རབས་གསར་པར་སྐྱོད་པའི་གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་ཆ་ཚང་དུ་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག གཏམ་བཤད་མ་ལག་བཅས་མགྱོགས་པོར་འཛུགས་སྐྲུན་བྱེད་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། ཀུན་འདུས་སྨྱན་སྦྱོར་གྱི་སྒྲོག་སྤེལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་རྒྱུག་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་དགོས། དྲ་རྒྱ་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ་དང་། དྲ་རྒྱའི་སྐྱེ་ཁམས་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས།

  (གཉིས།) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་མི་སེམས་གོང་བུར་འགྲིལ་བ་དང་དམངས་སྟོབས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འབྱུང་ཁུངས་སུ་གྱུར་པའི་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་ཟབ་སྤེལ་བྱས་ཏེ། མི་རིགས་བསྐྱར་དར་གྱི་འགན་ཆེན་འཁུར་ལེན་བྱེད་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། མི་དམངས་ལ་ལོ་རྒྱུས་རྟོགས་ནས་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ཁྲིད་སྟོན་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་བླ་སྲོག་གསོ་ཞིང་མི་སྐྱོང་བ་དང་། བསམ་བློ་དང་ཆབ་སྲིད་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་དང་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱོད་བཟང་རྒྱལ་སྐྱོང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཁྲིམས་སྐྱོང་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་སྤེལ། རྒྱུན་ལྡན་འཚོ་བ་བཅས་ཀྱི་ནང་དུ་ཁྱབ་པར་བྱེད་དགོས།

  (གསུམ།) སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་དར་ཚད་མཐོ་རུ་གཏོང་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལས་གྲྭ་ལག་བསྟར་དང་། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་ན་མ་སོན་པའི་སྐྱེ་བོའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེ་ལེགས་བཅོས་བྱེད་དགོས་ལ། ཆེན་པོའི་ཀུན་སྤྱོད་ཤེས་པ་དང་སྤྱི་པའི་ཀུན་སྤྱོད་སྲུང་བ་དང་སྒེར་གྱི་སྤྱོད་ལམ་ནན་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་དགོས། ཤེས་དཔལ་གསོ་སྐྱོང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་འཛུགས་བཅས་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་གྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། བློས་གཏོང་བའི་སྙིང་སྟོབས། གསར་སྐྲུན་གྱི་སྙིང་སྟོབས། གྲོན་ཆུང་བསྲི་ཚགས་ཀྱི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས། དུས་རབས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་གདལ་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས། དང་བླངས་ཞབས་ཞུའི་ལམ་ལུགས་དང་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་རིག་གནས་དར་སྤེལ་གཏོང་བ་དང་། ཡིད་རྟོན་འཛུགས་སྐྲུན་གྱི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱིས་མཛད་རྗེས་ཅན་ལ་བསྩལ་བའི་གཟི་བརྗིད་མཚན་སྙན་དང་གཟེངས་བསྟོད་ཀྱིས་བསམ་བློར་ཁྲིད་སྟོན་བྱེད་པའི་ནུས་པ་དང་། དཔེ་བཟང་ཅན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་མིག་ལྟོས་ཡར་འགྲན་དང་། དཔའ་བོར་གོང་བཀུར། གདོང་མཆོང་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

  (བཞི།) རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་འདོན་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་རིག་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རིག་གནས་དཔལ་འབྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་རིག་གནས་གྲངས་ཀ་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། རིག་གནས་དམངས་ཕན་ལས་གྲྭ་གསར་གཏོད་དང་ལག་བསྟར་བཅས་བྱེད་དགོས། དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་དང་ཚོང་རའི་མ་ལག་ཆ་ཚང་དུ་གཏོང་བ་དང་། རིག་གནས་ཐོན་ལས་ལས་གཞི་གནད་ཆེན་གྱི་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱེད་དགོས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བཅས་བྱེད་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ལོ་ཆུང་གཞོན་ནུའི་ལུས་རྩལ་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་གྱི་ལུས་རྩལ་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས།

  (ལྔ།) ཀྲུང་ཧྭའི་ཤེས་དཔལ་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་དགོས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་སྙིང་བཅུད་ཞུན་བརྡར་དང་ངོམས་སྟོན། ཀྲུང་གོའི་གཏམ་བཤད་དང་ཀྲུང་གོའི་དོན་བརྗོད་མ་ལག་མགྱོགས་པོར་འཛུགས་སྐྲུན། ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་ཡག་པོ་བཅས་བྱས་ནས་བློས་འཁེལ་ལ་གཅེས་སུ་འོས་ཤིང་གུས་པར་འོས་པའི་ཀྲུང་གོའི་སྣང་བརྙན་མངོན་པར་བྱེད་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་སྒྲོག་སྤེལ་ཕན་ནུས་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གོ་གནས་ལ་འཚམ་མཐུན་ཡིན་པའི་རྒྱལ་སྤྱིའི་གཏམ་བཤད་དབང་ཆ་ཆགས་པར་བྱེད་དགོས། ཤེས་དཔལ་སྤེལ་རེས་སློབ་རེས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་འཛམ་གླིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།

  དགུ། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། 

  རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན། རྒྱལ་སྲིད་སྐྱོང་བར་ལུགས་ཡོད་དེ། །དམངས་ལ་ཕན་པ་གཞི་མ་ཡིན། །དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན། ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་འབད་འཐབ་བྱས་ནས་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱ་རྒྱུར་བསྔགས་སྐུལ་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

  ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་པོར་བཟུང་ནས་གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་ཀྱི་ཁྲོད་དང་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོད་སྣང་སྦྱིན་པའི་བྱེད་ཐབས་སྔར་ལས་མང་པོ་སྤྱད་ནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ལ་ཤུགས་བརྒྱབ་ནས་ཐག་གཅོད་ཡག་པོ་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

   (གཅིག) བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བགོ་བཤའི་ལམ་ལུགས་ནི་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ཡིན། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བགོ་བཤའ་དང་། ཡང་བསྐྱར་བགོ་བཤའ། བགོ་བཤའ་ཐེངས་གསུམ་པ་བཅས་ཀྱི་མཐུན་སྦྱོར་ཆ་འགྲིག་གི་ལམ་ལུགས་མ་ལག་འཛུགས་དགོས། རྒྱལ་དམངས་ཡོང་འབབ་བགོ་བཤའི་ཁྲོད་ཀྱི་སྡོད་དམངས་ཀྱི་ཡོང་འབབ་ཀྱི་བསྡུར་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་དགོས། མང་ལས་མང་ཐོབ་རྒྱུན་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ། གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་སྤེལ། ཡོང་འབབ་དམའ་མོ་ཅན་གྱི་ཡོང་འབབ་འཕར་སྣོན་གཏོང་བ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། བདག་རྐྱེན་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐབས་ལམ་སྣ་མང་ནས་ཡོང་འབབ་དམའ་འབྲིང་གི་མང་ཚོགས་ཀྱི་བདག་རྐྱེན་ཡོང་འབབ་མང་དུ་གཏོང་བར་འཚོལ་ཞིབ་བྱེད་པ་དང་། ཐབས་ལམ་མང་པོ་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒེར་གྱི་ཐོབ་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་གཏོང་བ། ཁྲིམས་མཐུན་ཡོང་འབབ་སྲུང་སྐྱོབ་དང་། ཡོང་འབབ་མཐོ་དྲགས་པ་སྙོམས་སྒྲིག ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ་བཅས་བྱེད་དགོས། འདོད་མོས་ཡོད་པ་དང་ནུས་པ་ལྡན་པའི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། 

  (གཉིས།) ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་དགོས། ལས་ཞུགས་ནི་ཆེས་གཞི་རྩར་གྱུར་པའི་དམངས་འཚོ་ཡིན། ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་རྒྱག་པ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ་དང་། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། དཀའ་ངལ་ཡོད་པའི་མི་ཚོགས་ལ་ལས་ཞུགས་མཐའ་སྐྱོང་གི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་སྲིད་ཇུས་མ་ལག་གཅིག་གྱུར་འཆར་འགོད་བྱས་ནས། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་འཁོར་སྐྱོད་ཡོང་བར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་སྲིད་ཇུས་ཀྱི་སྐྱོན་ཆ་སེལ་བ་དང་། ལས་ཞུགས་འདྲ་མཉམ་ལ་ཤུགས་རྐྱེན་ཐེབས་པའི་ལུགས་དང་མི་མཐུན་པའི་ཚོད་འཛིན་དང་ལས་ཞུགས་མཐོང་ཆུང་བྱེད་རིགས་མེད་པར་བཟོས་ཏེ། མི་ཚང་མར་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་རང་ཉིད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པའི་གོ་སྐབས་ལྡན་པར་བྱེད་དགོས། ཚེ་གང་རིང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ལས་ལམ་གསར་འབྱེད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་དུ་གཏོང་དགོས། ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་དང་། ངལ་རྩོལ་འབྲེལ་བ་གྲོས་མོལ་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་། ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལམ་ལུགས་འཐུས་ཚང་བཅས་སུ་གཏོང་བ་དང་། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།

  (གསུམ།) སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་ནི་མི་དམངས་འཚོ་བའི་བདེ་འཇགས་དྲ་རྒྱ་དང་སྤྱི་ཚོགས་འཁོར་སྐྱོད་བརྟན་བརླིང་གཏོང་ཆས་ཡིན། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། དྲང་སྙོམས་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་མང་བ་དང་རྟེན་གཞི་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་གཏོང་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་གཏོང་དགོས། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངུལ་བསྡུ་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ནད་གཞི་ཆེ་གྲས་ཀྱི་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡུལ་གཞན་དུ་སྨན་བཅོས་བྱས་རིན་རྩིས་རྒྱག་པ་དོན་འཁྱོལ། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་པ། ཚོང་ལས་སྨན་བཅོས་འགན་བཅོལ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་གང་མགྱོགས་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གནས་ཐང་སྲུང་འཕར་དང་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་ཆ་ཚང་དུ་གཏོང་དགོས། རིགས་དང་རིམ་པ་བགར་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ཆ་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་བྱམས་སྐྱོང་གི་ཞབས་འདེགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པའི་གནས་ངེས་རྒྱུན་འཁྱོངས་བྱས་ཏེ། བྱེད་པོ་མང་པོས་འདོན་སྤྲོད་བྱེད་པ་དང་། ཐབས་ལམ་མང་པོས་འགན་སྲུང་བྱེད་པ། བོགས་ཉོ་མཉམ་འཛིན་བྱེད་པ་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་པོར་འཛུགས་དགོས།

  (བཞི།) བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་ལུས་ཁམས་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་སྟེ། མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལེགས་སུ་གཏོང་བ་དང་། བུ་བཙར་རྒྱབ་སྐྱོར་སྲིད་ཇུས་མ་ལག་བཙུགས་ཏེ། བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ། རྒན་རྒོན་རྟེན་མེད་ཁེར་ལུས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ། རྒན་རྒོན་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་མངོན་འགྱུར་བཅས་བྱེད་དགོས། གསོ་སྨན་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ཤིང་། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་སྨན་བཅས་མཐུན་སྦྱོར་ངང་གོང་སྤེལ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་སྐྱེད་དང་ས་ཁོངས་དོ་མཉམ་གྱི་བཀོད་པ་ཆགས་པར་སྐུལ་འདེད་གཏོང་དགོས་ཤིང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཅོང་ནད་ཚབས་ཆེན་ཐད་ཀྱི་བདེ་ཐང་དོ་དམ་ལ་ཤུགས་རྒྱག་པ་དང་། གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་གཞུང་གཉེར་སྨན་ཁང་སྒྱུར་བཅོས་ཟབ་སྤེལ་དང་། དམངས་གཉེར་སྨན་ཁང་གི་འཕེལ་རྒྱས་ཚད་ལྡན་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་དཔུང་སྡེ་སྟོབས་ཆེར་བཏང་ནས་ལས་ཀའི་གཙོ་གནད་དེ་གྲོང་གསེབ་དང་སྡེ་ཁུལ་དུ་འཇོག་དགོས། སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་དགོས། ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་དང་། སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་ཀྱི་ལམ་སྲོལ་གསར་གཏོད་བྱེད་དགོས་ཤིང་། སྤྱི་པའི་འཕྲོད་བསྟེན་མ་ལག་ཆ་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་སྔ་ཙམ་ནས་ཤེས་རྟོགས་ཐུབ་པའི་ནུས་པ་ཆེ་རུ་གཏོང་བ། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྲོག་སྐྱོབ་མ་ལག་དང་འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགོས་ནད་ཚབས་ཆེན་མཆེད་པར་བཀག་འགོག་ནུས་ལྡན་བྱེད་དགོས། བདེ་ཐང་ཀྲུང་གོའི་བྱེད་སྒོ་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་དང་། ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། 

  བཅུ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་དགོས། 

  རང་བྱུང་ཁམས་ཆེན་པོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འབྱུང་བའི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་ཤེས། རང་བྱུང་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་སྐྱེད་ཅིང་ལག་ལེན་བསྟར་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་གཏོང་རྒྱུ་ཇུས་འགོད་བྱེད་དགོས།

  ང་ཚོས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  (གཅིག) འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་ཚུལ་ཇེ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་ལྷུ་ཚིགས་ཡིན་པས། ཐོན་ལས་གྲུབ་ཚུལ་དང་། ནུས་ཁུངས་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ་སོགས་ལེགས་སྒྲིག་ལེགས་སྒྱུར་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་དགོས། ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་དགོས་ཤིང་། ཐོན་ཁུངས་སྣ་ཚོགས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྙིགས་རོ་རེས་འཁོར་བེད་སྤྱོད་མ་ལག་གང་མགྱོགས་འཛུགས་དགོས། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། དངུལ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ཁུངས་ཁོར་ཡུག་གི་བདག་རྐྱེན་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ། ནུས་ཁུངས་གྲོན་ཆུང་དང་ཐཱན་གཅོག་གི་སྔོན་ཐོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་མགྱོགས་སུ་གཏོང་བ། ལྗང་མདོག་འཛད་སྤྱོད་དར་སྤེལ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

  (གཉིས།) ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གནད་འཕིགས་སྦགས་བཙོག་བཅོས་སྐྱོང་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མཐུད་དང་གཏིང་ཟབ་ཀྱི་སྒོ་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས། སྦགས་བཙོག་དངོས་པོ་མཐུན་སྦྱོར་ངང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་བཅོས་སྐྱོང་བྱ་རྒྱུ་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། གལ་ཆེའི་གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་ཅན་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། ས་རྒྱུའི་སྦགས་བཙོག་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་དགོས། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས། ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གཏིང་ཟབ་ཏུ་སྤེལ་དགོས། 

  (གསུམ།) སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག རང་བྱུང་སྲུང་སྐྱོབ་ཁུལ་སོགས་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་མ་ལག་འགངས་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་གནད་ཆེན་ལག་བསྟར་གང་མགྱོགས་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གནད་ཆེན་ལག་བསྟར་བྱེད་དགོས། གཞི་རྒྱ་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་བྱེད་སྒོ་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་དགོས། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྩྭ་ཐང་དང་། ནགས་ཚལ། རྒྱུག་ཆུ། མཚེའུ། འདམ་ར་བཅས་ཀྱི་རྒྱ་བསྡམས་ཏེ་སོར་ཆུད་ཡོང་བར་བྱེད་དགོས་ཤིང་། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པ་ལག་བསྟར་ཡག་པོ་བྱེད་པ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་ཆ་ཚང་དུ་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གུན་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་རྒྱག་པ་དང་། ཕྱི་ཡོང་དངོས་རིགས་ཀྱི་གནོད་འཚེ་འགོག་བཅོས་བྱེད་དགོས།

  (བཞི།) ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་བསྐོས་ཐང་ལ་གཞི་ཚུགས་ཤིང་སྔོན་འཛུགས་རྗེས་གཏོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་བྱེད་སྒོ་ལག་བསྟར་བྱེད་དགོས། ནུས་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་དྲག་ཚད་སྙོམ་སྒྲིག་འཐུས་ཚང་དུ་གཏོང་བ་དང་། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་གཙོ་གནད་དུ་ཚོད་འཛིན་བྱས་ཏེ། ཐཱན་འབུད་གཏོང་གི་སྤྱི་འབོར་དང་དྲག་ཚད་“ཚོད་འཛིན་གཉིས་”ཀྱི་ལམ་ལུགས་སུ་རིམ་གྱིས་སྒྱུར་དགོས། ནུས་ཁུངས་སྦགས་མེད་དང་། ཐཱན་ཉུང་། ཆོད་ཆེ་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། བཟོ་ལས་དང་། ཨར་ལས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་སྦགས་མེད་ཐཱན་ཉུང་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ་དང་། རྡོ་སོལ་སྦགས་མེད་ཆོད་ཆེའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྣུམ་རླངས་ཐོན་ཁུངས་རྩད་གཅོད་གསར་སྤེལ་དང་གསོག་སྣོན་ཐོན་འཕར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གཅིག་གྱུར་འཆར་འགོད། བདེ་འཇགས་རིམ་ལྡན་གྱི་སྒོ་ནས་ཉིང་གློག་འཕེལ་རྒྱས་ཧུར་ཐག་གཏོང་བ། ནུས་ཁུངས་ཐོན་སྐྱེད་འདོན་སྤྲོད་གསོག་ཉར་ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཁུངས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། ཐཱན་འབུད་གཏོང་གི་བསྡོམས་རྩིས་རྩིས་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐཱན་འབུད་དབང་གི་ཚོང་རའི་ཉོ་ཚོང་ལམ་ལུགས་ཆ་ཚང་དུ་གཏོང་དགོས། སྐྱེ་ཁམས་མ་ལག་གི་ཐཱན་སྡུད་ནུས་པ་ཆེ་རུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས།

  བཅུ་གཅིག །རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྲུང་བྱེད་དགོས། 

  རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་ཡོང་བའི་གཞི་རྩ་ཡིན་པ་དང་། སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་སྟོབས་ལྡན་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཐམས་ཅད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

  ང་ཚོས་མི་དམངས་ཀྱི་བདེ་འཇགས་དམིགས་འབེན་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ། དམག་དོན་ཚན་རྩལ་རིག་གནས་སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་སྲུང་དུ་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་རྒྱབ་རྟེན་དུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱི་རོལ་གྱི་བདེ་འཇགས་དང་ནང་ཁུལ་གྱི་བདེ་འཇགས་དང་། རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས་དང་རྒྱལ་དམངས་ཀྱི་བདེ་འཇགས། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། རང་ཉིད་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་བཞེངས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་པ་བཅས་ཀྱིས་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱེད་དགོས།

  (གཅིག) རྒྱལ་ཁབ་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆོད་ཆེ་དབང་གྲགས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་རྒྱག་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་མ་ལག་དང་ཆེད་དམིགས་མཐུན་སྦྱོར་བཀོད་འདོམས་མ་ལག་གལ་ཆེན་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་དང་། རྨང་གཞིའི་སྒྲིག་བཀོད་གནད་ཆེན། དངུལ་རྩ། དྲ་རྒྱ། གཞི་གྲངས། སྐྱེ་དངོས། ཐོན་ཁུངས། ཉིང་རྡུལ། མཁའ་དབྱིངས། རྒྱ་མཚོ་སོགས་ཀྱི་བདེ་འཇགས་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་ཇུས་ལ་ངོ་རྒོལ། “དཔུང་རིང་ཇུས་གཏོགས་”ལ་ངོ་རྒོལ་བཅས་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་སྟོབས་ཤུགས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། ཁོངས་ཡོངས་མཉམ་འགུལ་དང་ལངས་གཟུགས་ཆོད་ཆེ་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་མ་ལག་འཛུགས་དགོས།

  (གཉིས།) རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ་འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གལ་ཆེན་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། རྒྱལ་ཕྱིའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ནུས་པ་ཆེ་རུ་གཏོང་བ་དང་། མ་ལག་རང་བཞིན་གྱི་བདེ་འཇགས་ཉེན་ཁར་འགོག་ཟོན་ནན་པོ་བྱེད་དགོས་ཤིང་། དགྲར་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་། གཏོར་བཤིག་གཏོང་བ། རྩ་སློག་གཏོང་བ། ཁ་ཕྲལ་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དང་བྱང་ཚད་མཐོ་རུ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།

  (གསུམ།) སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞི་འཛུགས་དགོས་ཤིང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་པར་སྒྱུར་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་རྒྱག་དགོས། གནོད་འགོག་གེགས་སེལ་རྒུད་སྐྱོབ་བཅས་དང་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཆེན་པོ་ཐག་གཅོད་དང་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ས་ཁོངས་འཕྲལ་སྡོམ་གྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་གྱི་ཉེན་ཟོན་སྔོན་བརྡ་དང་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་དགོས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

  (བཞི།) སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཆོད་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་གཞི་རིམ་དུ་དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གནས་བབ་གསར་པའི་འོག་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། མང་ཚོགས་ཀྱི་འདོད་དོན་བརྗོད་པ་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་ཐབས་ལམ་ཐོགས་མེད་བཟོ་བ་དང་ཚད་ལྡན་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་བ། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་འདུམ་གཅོད་དང་མགོ་འབུས་པ་ཙམ་དུ་ཐག་གཅོད་བཅས་བྱེད་དགོས། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་བདེ་སྐྱོང་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་དགོས། དམངས་འགོག་དམངས་བཅོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་དང་། བདེན་པའི་རྒྱབ་ལངས་ཀྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས་ཤིང་། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས།

  བཅུ་གཉིས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས། 

  དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱ་རྒྱུ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་བྱེད་པ་རྒྱུན་འཁྱོངས། འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་གང་མགྱོགས་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་བསྒྲུབ་དགོས། 

  ཕྱོགས་ཡོངས་ནས་མི་དམངས་དམག་དཔུང་གི་ཏང་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ་མེ་མདས་ནམ་ཡང་ཏང་གི་བཀོད་འདོམས་ལ་ཉན་པའི་འགན་ལེན་ཏན་ཏིག་བྱེད་དགོས། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཟབ་སྤྲས་བྱས་ཏེ། “དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པ་”ཞེས་པའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་དགོས། དམག་དོན་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཤུགས་རྒྱག་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་ཤིང་། འཐབ་འཛིང་གི་སྙིང་སྟོབས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་དམག་དཔུང་གི་ཏང་གི་རྩ་འཛུགས་མ་ལག་སྟོབས་ཆེར་གཏོང་བ་དང་། ཆབ་སྲིད་སྦྱོང་སྒྲིག་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། སྤྱོད་ཚུལ་ལེགས་བཅོས་དང་། སྒྲིག་ལམ་དག་ཐེར། རུལ་སུངས་ལ་རྒོལ་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།

  དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་མི་དམངས་དམག་དཔུང་གི་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏོང་དགོས། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དམག་འཁྲུག་གི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་བྱས་ཏེ་ཁོང་དུ་ཆུད་དགོས་ཤིང་། དམག་དོན་འཐབ་ཇུས་མཛུབ་སྟོན་གསར་གཏོད་བྱེད་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་གཏོང་དགོས། འཐབ་ཇུས་ཀྱི་ཟིལ་ཤུགས་ཆེ་བའི་སྟོབས་ཤུགས་མ་ལག་སྐྲུན་པ་དང་། ཁོངས་གསར་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ། མི་མེད་རིག་ནུས་ཀྱི་དམག་འཐབ་སྟོབས་ཤུགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དྲ་རྒྱའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་བཀོལ་སྤྱོད་ལ་གཅིག་གྱུར་འཆར་འགོད་བཅས་བྱེད་དགོས། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་ལེགས་སུ་བཏང་སྟེ། མྱུལ་ཞིབ་ཉེན་ཟོན་སྔོན་བརྡ་དང་། མཉམ་འབྲེལ་རྡུང་རྡེག གཡུལ་སའི་འདེགས་སྐྱོར། ཕྱོགས་བསྡུས་འགན་སྲུང་བཅས་ཀྱི་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། མཉམ་འབྲེལ་སྦྱོང་བརྡར་དང་། འགྲན་རྒོལ་སྦྱོང་བརྡར། ཚན་རྩལ་དམག་སྦྱོང་བཅས་ཟབ་སྤེལ་བྱེད་དགོས། དམག་དོན་སྟོབས་ཤུགས་རྒྱུན་རྣམ་ཅན་དང་སྣ་མང་ཅན་དུ་སྤྱོད་པར་ཤུགས་རྒྱག་པ་དང་། བློ་བརྟན་འགྱུར་མེད་དང་བབ་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ། བདེ་འཇགས་ཀྱི་རྣམ་པ་གཏོད་པ། ཉམས་ཉེན་དང་གདོང་ཐུག་བཀག་སྡོམ་ཚོད་འཛིན། ས་ཁུལ་ཆ་ཤས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་ལོན་པ་བཅས་བྱེད་དགོས།  

  ཕྱོགས་ཡོངས་ནས་དམག་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དམག་དོན་སྟོབས་ཤུགས་ཀྱི་གྲུབ་ཚུལ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། དམག་དོན་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་ལྡན་པར་ལེགས་སྒྱུར་བཅས་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ལས་འགན་གནད་ཆེན་འཐབ་འཛུགས་གྲབས་གསུམ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར། ཚན་རྩལ་དེ་འཐབ་ནུས་སུ་གང་མགྱོགས་སྒྱུར་བ་བཅས་བྱེད་དགོས། དམག་དཔུང་གི་སློབ་གླིང་དང་སློབ་གྲྭ་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས་ཤིང་། དམག་དོན་ཤེས་ལྡན་མི་སྣ་དཔེ་གསར་གསོ་སྐྱོང་མ་ལག་སྟོབས་ཆེར་འཛུགས་པ་དང་། དམག་དོན་མི་ཤུགས་ཐོན་ཁུངས་དོ་དམ་གསར་གཏོད་བྱེད་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་ལམ་སྲོལ་འཛུགས་སྐྲུན་དང་འཐབ་ཇུས་འཆར་འགོད་ལ་ཤུགས་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། འཐབ་ཇུས་དོ་དམ་ལེགས་བཅོས་བྱས་ཏེ་དམག་དོན་མ་ལག་འཁོར་སྐྱོད་ཀྱི་ཕན་ནུས་དང་རྒྱལ་སྲུང་ཐོན་ཁུངས་བཀོལ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།

  གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་ཀྱི་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱི་འཐབ་ཇུས་འཆར་འགོད་གཅིག་འདོམས་དང་། སྲིད་ཇུས་དང་ལམ་ལུགས་སྦྲེལ་མཐུད། ཐོན་ཁུངས་བདག་རྐྱེན་མཉམ་སྤྱོད་བཅས་བྱེད་པར་ཤུགས་རྒྱག་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་མ་ལག་དང་བཀོད་པ་ལེགས་སུ་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེང་རབས་ཀྱི་མཐའ་སྲུང་མཚོ་སྲུང་མཁའ་སྲུང་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དམག་མི་དང་དམག་མིའི་ཁྱིམ་མིར་མཚན་སྙན་སྤྲད་ནས་སྐུལ་ལྕག་གཏོང་བ་དང་ཁེ་དབང་འགན་སྲུང་བྱེད་པར་ཤུགས་རྒྱག་པ་དང་། དམག་ཞབས་འཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་ལས་ཀ་ལེགས་པོར་བསྒྲུབ་དགོས། དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། 

  མི་དམངས་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློ་གཏད་ཆོག་པའི་དཔའ་བོའི་དམག་དཔུང་ཡིན་ཞིང་། རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པའི་གདེང་ཚོད་དང་ནུས་པ་ལྡན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་པའི་གདེང་ཚོད་དང་ནུས་པ་ལྡན་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་མཛད་རྗེས་སྔར་ལས་ཆེ་བ་འཇོག་པའི་གདེང་ཚོད་དང་ནུས་པ་ལྡན།

  བཅུ་གསུམ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། 

  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཡིན་པ་དང་། ཞང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།

  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་ཆ་ཚང་ཞིང་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཁྲིམས་ལྟར་ཞང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ་”ཡི་རྩ་དོན་དོན་འཁྱོལ། དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་དོན་འཁྱོལ་བཅས་བྱེད་དགོས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། སྲིད་འཛིན་གྱིས་གཙོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་འགོ་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་དང་། ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པའི་ནུས་པ་དང་བདག་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛིན་ལམ་ལུགས་དང་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། ཞང་ཀང་དང་ཨའོ་མོན་གྱི་མ་རྩའི་རིང་ལུགས་ཀྱི་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་དུས་ཡུན་རིང་པོར་མི་འགྱུར་བ་མཐའ་འཁྱོངས་བཅས་བྱས་ཏེ། ཞང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས།

  ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་གོང་སྤེལ་དང་། དམངས་འཚོ་ལེགས་སྒྱུར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཏིང་རིམ་གྱི་འགལ་བ་སེལ་བ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། ཞང་ཀང་དང་ཨའོ་མོན་གྱི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱས་ཏེ། རྒྱལ་སྤྱིའི་དངུལ་རྩ་དང་། ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་དང་མཁའ་འགྲུལ། གསར་གཏོད་ཚན་རྩལ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཞང་ཀང་དང་ཨའོ་མོན་གྱི་གོ་གནས་སྲ་བརྟན་དང་ཇེ་མཐོར་གཏོང་དགོས་ཤིང་། ཞང་ཀང་དང་ཨའོ་མོན་གཉིས་ཀྱིས་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་བར་སྔར་ལས་སྒོ་འབྱེད་དང་སྔར་ལས་དམ་ཟབ་ཀྱི་སྒོ་ནས་འགྲོ་འོང་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལྷག་པའི་སྒོ་ནས་འདྲེས་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ནུས་པ་སྔར་ལས་ལྷག་པ་འདོན་དགོས།

  རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་གོང་འཕེལ་དང་རྒྱ་སྐྱེད་གཏོང་བ་དང་། སྤུན་ཟླ་ཞང་ཀང་པ་དང་སྤུན་ཟླ་ཨའོ་མོན་པའི་རྒྱལ་གཅེས་ཀྱི་སྙིང་སྟོབས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་སྔར་ལས་རྒྱ་ཆེན་པོ་ཆགས་པར་བྱེད་དགོས། ཀྲུང་དབྱང་སྲིད་གཞུང་ལ་ངོ་རྒོལ་དང་ཞང་ཀང་དུ་ཟིང་ཆ་སློང་བ། ཨའོ་མོན་དུ་ཟིང་ཆ་སློང་བ་བཅས་ཀྱི་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས།

  ཐའེ་ཝན་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི། ཏང་གི་དམ་བཅའ་ཉམས་མེད་ཀྱི་ལོ་རྒྱུས་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དགོས་ངེས་ཀྱི་བླང་བྱའང་ཡིན། དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་རྒྱུན་འཁྱོངས་དང་། ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་བྱ་གཞག་རླབས་པོ་ཆེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། 

  “ཞི་བའི་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ནི་ངོགས་གཉིས་གཅིག་གྱུར་ཡོང་བའི་བྱེད་སྟངས་ཡག་ཤོས་ཡིན་པས། ངོགས་གཉིས་ཀྱི་སྤུན་ཟླ་དང་ཀྲུང་ཧྭ་མི་རིགས་ལ་ཕན་ཐོགས་ཆེ་ཤོས་ཡིན། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ངོས་འཛིན་གཅིག་མཐུན་”རྒྱུན་འཁྱོངས་བྱེད་པ་དང་། དེའི་རྨང་གཞིའི་ཐོག་ཏུ་ཐའེ་ཝན་གྱི་ཏང་ཤོག་ཁག་དང་། རིགས་ཁོངས་ཁག རིམ་གྲས་ཁག་བཅས་ཀྱི་མི་སྣའི་བར་ངོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་གཅིག་གྱུར་སྐོར་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། མཉམ་དུ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་སྐུལ་འདེད་དང་། མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན། ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པར་མཐུན་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གླིང་ཕྲན་ནང་ཁུལ་གྱི་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་། མི་རིགས་ཀྱི་བདེན་དོན་ཆེན་པོ་བརྟན་སྲུང་། “རང་བཙན་”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་སྤེལ་གཡོ་མེད་བཅས་བྱ་རྒྱུ་ཡིན། རླབས་ཆེན་མེས་རྒྱལ་ནི་ནམ་ཡང་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ཡོད་ཚད་ཀྱི་སྟོབས་དང་ལྡན་པའི་རྒྱབ་རྟེན་ཡིན།

  ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་གཅིག་འབྲེལ་དང་ཁྲག་རྒྱུན་གཅིག་འདྲེས་ཀྱི་ཁྱིམ་ཚང་གཅིག་གི་མི་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་ཝན་པར་བརྩི་འཇོག་དང་། གཅེས་སྐྱོང་། ཕན་འདོགས་པ་བཅས་བྱེད་པ་ཡིན་ལ། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་སྤེལ་གཏོང་བར་མུ་མཐུད་འབད་བརྩོན་བྱེད་པ་དང་། ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྤུན་ཟླ་ཐའེ་ཝན་པའི་ཕན་བདེ་ཆེ་རུ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ངོགས་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས།

  ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན། ཐའེ་ཝན་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་དོན་དག་ཡིན་པས། ཀྲུང་གོ་བས་ཐག་གཅོད་དགོས། ང་ཚོས་ལྷག་བསམ་རྣམ་དག་དང་ནུས་ཤུགས་གང་ཡོད་བཏོན་ནས་ཞི་བའི་གཅིག་གྱུར་ཡོང་བའི་མདུན་ལྗོངས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མོད། འོན་ཀྱང་དྲག་ཤུགས་མི་སྤྱོད་པའི་ཁས་ལེན་གཏན་ནས་མི་བྱེད་པར་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་པའི་གདམ་ག་སོར་འཇོག་བྱ་རྒྱུ་ཡིན། འདི་ནི་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པ་དང་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་པ་ཆེས་ཉུང་ཤས་ཤིག་དང་དེ་དག་གི་ཁ་ཕྲལ་བྱ་སྤྱོད་ལ་ཁ་གཏད་པ་ལས། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པ་རྣམས་ལ་ཁ་གཏད་པ་གཏན་ནས་མིན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་སྐྱོད་བཞིན་མཆིས། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བ་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ། མངོན་འགྱུར་བྱེད་ཐུབ་ངེས་ཀྱང་ཡིན།

  བཅུ་བཞི། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

  མིག་སྔར། འཛམ་གླིང་གི་འགྱུར་བ་དང་། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་བ་བཅས་སྔར་བྱུང་མ་མྱོང་བའི་རྣམ་པས་འཕེལ་འགྱུར་འགྲོ་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་འགོག་ཐབས་མེད་པས། མི་སེམས་གཏད་ཕྱོགས་དང་དུས་ཀྱི་འཕེལ་ཕྱོགས་ཀྱིས་མིའི་རིགས་ཀྱི་མདུན་ལམ་མཇུག་མཐར་འོད་ཟེར་སྟོང་ལྡན་ཡིན་ངེས་པ་ཐག་གཅོད་བྱས་ཡོད། ཕྱོགས་གཞན་ཞིག་ནས་ཆེ་བས་ཆུང་བར་གཉའ་གནོན་དང་། གཡོ་ལེན་བཙན་འཕྲོག བསྡོམས་སྟོང་འགྲན་འཛུགས་སོགས་བཙན་དབང་དང་། དྲག་ཐབས། བཙན་བརྙས་སོགས་སྤྱོད་ཡན་གྱི་གནོད་འཚེ་ཚབས་ཆེ་བ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཇེ་ཆེར་སོང་བས། མིའི་རིགས་ཀྱི་སྤྱི་ཚོགས་སྔར་བྱུང་མ་མྱོང་བའི་འགྲན་སློང་ལ་ཕྲད་ཡོད། འཛམ་གླིང་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོ་རུ་སླེབས་ཡོད་པས། གར་འགྲོ་འདིར་འགྲོ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གདམ་ག་ཇི་ལྟར་བྱེད་པར་རག་ལས་ཡོད།

  ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད།

  ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དོན་དག་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་གཞིར་བཟུང་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་ཁབ་གང་ཡིན་ཡང་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་མཐའ་གཅིག་ཏུ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་མོས་ངང་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་སྤྱི་ཚོགས་ལམ་ལུགས་ལ་བརྩི་འཇོག་བྱ་རྒྱུ་ཡིན། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། འཇམ་འཐབ་ཀྱི་བསམ་གཞིག་ལ་ངོ་རྒོལ་དང་།  རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། ཚད་གཞི་ཉིས་བརྩེགས་འཛིན་པར་ངོ་རྒོལ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཆེར་སྐྱེད་བྱུང་བ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་ཚད་རིམ་གང་འདྲ་ཞིག་ཏུ་སླེབས་རུང་ཀྲུང་གོས་དུས་གཏན་དུ་བཙན་དབང་སྤྱོད་མི་སྲིད་ལ་དུས་གཏན་དུ་མངའ་ཁོངས་རྒྱ་སྐྱེད་གཏོང་མི་སྲིད།

  ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་། སྒོ་འབྱེད། མཉམ་ལས་བཅས་ཀྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། རྒྱལ་ཁབ་ཁག་དང་ཁེ་ཕན་བསྣོལ་འདྲེས་ཡོང་གནས་རྒྱ་ཆེར་གཏོང་བར་ཤུགས་རྒྱག་པ་བཅས་བྱ་རྒྱུ་ཡིན། རྒྱལ་ཁབ་ཆེ་ཁག་མཐུན་སྦྱོར་དང་སྐུལ་རེས་བཟང་པོ་ཡོང་བར་སྐུལ་འདེད་བྱས་ཏེ། ཞི་བདེ་མཉམ་གནས་དང་། སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ། དོ་མཉམ་ངང་འཕེལ་རྒྱས་ཡོང་བ་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་གནས་སྟངས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཉེ་བ་དྲང་བ་ཕན་པ་བཟོད་པ་བཞི་ལྡན་དང་། ཁྱིམ་མཚེས་དང་འགྲོགས་བདེ་གཤིབ་བདེ་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་ཡིད་ཆེས་དང་ཁེ་ཕན་གཅིག་འདྲེས་ཟབ་སྤེལ་བྱ་རྒྱུ་ཡིན། རྣམ་དག་བདེན་པ་མཛའ་སེམས་ལྷག་བསམ་བཞི་ལྡན་གྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་བཅངས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་རང་བཙན་རང་བདག་དང་། ཡོངས་སུ་འདྲ་མཉམ། ཕན་ཚུན་བརྩི་འཇོག ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་པའི་རྩ་དོན་གྱི་རྨང་གཞིའི་ཐོག རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ལ་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་དང་། མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དམག་དཔུང་། ས་གནས། དམངས་ཁྲོད་སོགས་ཕྱོགས་གང་ཅིའི་ཐད་ནས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན།

  ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། བློ་རྩ་བརྟན་པོས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་འདོན་སྤྲོད་བྱེད་པ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་ཐོགས་པར་བྱ་རྒྱུ་ཡིན། ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་བར་དང་། ས་ཁོངས་བར། ཕྱོགས་མང་བར་བཅས་ཀྱི་མཉམ་ལས་ལ་སྐུལ་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་མཉམ་དུ་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་སྐྱེད་སྲིང་བྱ་རྒྱུ་ཡིན། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། “འགོག་ར་རྩིག་པ་”དང་“འབྲེལ་གཅོད་ཕྲེང་གཏུབ་”ལ་ངོ་རྒོལ། ཕྱོགས་རྐྱང་བཀག་སྡོམ་དང་གནོན་ཤུགས་མཐིལ་སྤྲོད་ལ་ངོ་རྒོལ་བཅས་བྱ་རྒྱུ་ཡིན། ཀྲུང་གོར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་ཐོན་ཁུངས་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷོ་བྱང་བར་གྱི་ཧེ་བག་ཆུང་དུ་གཏོང་བར་ཤུགས་འདོན་པ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མགྱོགས་པོར་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་རོགས་རམ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་འདོད་བློ་ཡོད།

  ཀྲུང་གོ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན། ཕྱོགས་རྐྱང་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་བྱེད་པ་དང་། དམིགས་བཙུགས་རྒྱལ་ཁབ་ལ་ཁ་གཏད་པའི་དཔུང་ཤོག་ཅན་དང་གཞན་འབུད་ཅན་གྱི་ཤོག་ཁག་ཆུང་ཆུང་འཛུགས་པར་ངོ་རྒོལ་བྱ་རྒྱུ་ཡིན། འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་པར་སྐུལ་འདེད་གཏོང་བ་དང་། འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་མཉམ་ལས་ལམ་སྲོལ་གྱི་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ཀྱི་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བརྗོད་དབང་ཆ་ཇེ་ཆེར་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་བདེ་འཇགས་སྒྲིག་སྲོལ་གཏན་འབེབས་ནང་ཧུར་ཐག་ཞུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་ཤུགས་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་ཐག་སྒོས་ཞུགས་ནས་འཛམ་གླིང་གི་ཞི་བདེ་དང་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།

  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་ཡིན། དངོས་པོ་ཐམས་ཅད་མཉམ་དུ་སྐྱེ་ཡང་ཕན་ཚུན་གནོད་མི་སྐྱེལ། ཆོས་ཉིད་ཐམས་ཅད་མཉམ་དུ་འཁོར་ཡང་ཕན་ཚུན་ནང་མི་འགལ། རྒྱལ་ཁབ་ཁག་འགྲོ་ས་གནམ་འོག་གི་རྒྱ་ཆེན་ལམ་ཡིན་པས། ཞི་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་ཡོང་ན། ད་གཟོད་དར་རྒྱས་རྒྱུན་རིང་དང་། བདེ་འཇགས་འགན་སྲུང་བྱེད་ཐུབ། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དོན་འཁྱོལ་གང་ཐུབ་བྱེད་འདོད་ཡོད། ཀྲུང་གོས་གླེང་མོལ་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡུན་རིང་ཞི་བདེ་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། ཡོངས་ཁྱབ་ཏུ་བདེ་འཇགས་ཡིན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་དར་རྒྱས་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། སྤེལ་རེས་སློབ་རེས་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ཁོང་ཡངས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བྱས་ཏེ། དག་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

  ང་ཚོས་ལྷག་བསམ་རྣམ་དག་གིས་འབོད་སྐུལ་བྱ་རྒྱུ་ནི། འཛམ་གླིང་རྒྱལ་ཁབ་ཁག་གིས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་། ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་བར་གྱི་སེལ་སྐྱོན་ལས་བརྒལ་བ་དང་། ཤེས་དཔལ་དཔེ་བལྟ་བྱེད་རེས་ལ་བརྟེན་ནས་ཤེས་དཔལ་བར་གྱི་གདོང་ཐུག་ལས་བརྒལ་བ། ཤེས་དཔལ་མཉམ་གནས་ལ་བརྟེན་ནས་ཤེས་དཔལ་བར་གྱི་མཆོག་དམན་ལས་བརྒལ་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་དགོས།

  ང་ཚོ་གནས་ས་ནི་འགྲན་སློང་གིས་ཁེངས་པའི་དུས་རབས་ཤིག་ཡིན་ལ། རེ་བས་ཁེངས་པའི་དུས་རབས་ཤིག་ཀྱང་ཡིན། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ལ་སྔར་ལས་དགའ་སྐྱིད་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད། 

  བཅོ་ལྔ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱངས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། 

  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ང་ཚོའི་ཏང་ནི་འཛམ་གླིང་ཐོག་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཡུན་རིང་སྲིད་སྐྱོང་གི་གོ་གནས་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་མཐའ་འཁྱོངས་བྱེད་དགོས། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་བརྒྱུད། ང་ཚོས་ཏང་ནང་གི་གནད་དོན་མངོན་གསལ་ཅན་མང་པོ་ཞིག་ཐག་གཅོད་བྱས་ཟིན། ཡིན་ན་ཡང་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱིའི་ཁོར་ཡུག་གི་ཉམས་སད་བཅས་དུས་ཡུན་རིང་པོར་གནས་པ་དང་། བསམ་པ་ལྷོད་གཡེང་གི་ཉེན་ཁ་དང་། འཇོན་ཐང་གིས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བཅས་དུས་ཡུན་རིང་པོར་གནས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནི་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པས། ལྷོད་གཡེང་ངལ་གསོ་དང་། ངལ་དུབ་འཐབ་སུན་གྱི་བསམ་ཚུལ་གཏན་ནས་ཡོད་མི་རུང་ལ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པ་བཅས་ནི་ཏང་ཡོངས་ཀྱིས་ངེས་པར་དུ་སེམས་ལ་བརྗེད་མེད་དུ་འཛིན་དགོས།

  ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ང་ཚོའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས།

  (གཅིག) ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་དགོས། ཏང་གི་འགོ་ཁྲིད་ནི་ཆ་ཚང་ཅན་དང་། མ་ལག་ཅན། སྤྱི་ཡོངས་ཅན་བཅས་ཡིན་པས། ངེས་པར་དུ་ཆ་ཚང་བ་དང་། མ་ལག་ལྡན་པ། སྤྱི་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་དགོས། ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་གཅོད་དོན་གྲོས་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པར་སྲིད་སྐྱོང་དང་། དམངས་གཙོས་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་བ། འགོ་ཁྲིད་བྱེད་སྟངས་གསར་གཏོད་དང་ལེགས་བཅོས་བྱས་ཏེ། ཏང་གིས་ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་འཆར་འགོད། སྲིད་ཇུས་གཏན་འབེབས། སྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་ཡག་པོར་སྤྱད་དེ་ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་གཙང་མ་བཟོ་དགོས། 

  (གཉིས།) རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་ནི་ཏང་གི་བསམ་བློ་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན་ཡིན། ཕྱོགས་ཡོངས་ནས་ཏང་གི་བསམ་བློ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདུན་པ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོའི་འཆར་གཞི་ལག་བསྟར་སྒྲིག་འཛུགས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྦྱོང་ཅན་གྱི་སྲིད་ཏང་འཛུགས་སྐྲུན་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་རྒྱག་པ་དང་། ཏང་ཡོངས་ཀྱིས་ཏང་གི་དམིགས་ཡུལ་ཡིད་ལ་བརྟན་པོར་བཅང་དགོས་པའི་སྣེ་ཁྲིད་བྱེད་པ་དང་། འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི་སྤྱི་ཁྱབ་གློག་སྒོ་ཡི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། རང་རྟོགས་སྒོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་དད་མོས་བྱེད་མཁན་བརྟན་པོ་ཞིག་དང་ལག་བསྟར་བྱེད་མཁན་རྣམ་དག་ཅིག་བྱེད་དགོས། སློབ་སྦྱོང་བསམ་གཞིག་བེད་སྤྱོད་གསུམ་གཅིག་འབྲེལ་བྱེད་པ་དང་། ཤེས་ཡོན་དད་སེམས་བྱ་སྤྱོད་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུར་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་རྒྱུན་ཆད་མེད་པར་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྗེས་མཐུད་བྱེད་པར་ཁྲིད་སྟོན་བྱེད་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ་ཏང་ཡོངས་སུ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས།

  (གསུམ།) ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས། ལམ་ལུགས་ལྟར་ཏང་སྐྱོང་བ་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་སྲོག་ཤིང་དུ་བཟུང་ནས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་གྱི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ནས་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་། གནད་དོན་ཤེས་རྟོགས་དང་ནོར་འཛོལ་དག་བཅོས་བཅས་བྱེད་པའི་ལམ་སྲོལ་ཆགས་པར་བྱེད་དགོས། ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་དང་ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ཆོད་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་ཆ་ཚང་དུ་གཏོང་བ་དང་། དབང་ཆར་ལྟ་སྐུལ་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། ལྟ་སྐུལ་རིགས་མི་འདྲ་བ་ཁག་གཅིག་འདྲེས་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ། དབང་ཆ་ཉི་འོད་འོག་ཏུ་བཀོལ་སྤྱོད་བྱེད་དུ་འཇུག་དགོས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། “འགོ་ཁྲིད་དང་པོ་”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ཆབ་སྲིད་སྐོར་གཟིགས་སྤུ་གྲིའི་ནུས་པ་འདོན་སྤེལ་བྱས་ཏེ་སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་ཏེ། འགན་འདྲིའི་མཚོན་ཆ་རྣོན་པོ་ཡག་པོར་སྤྱོད་དགོས།

  (བཞི།) མི་རིགས་བསྐྱར་དར་གྱི་འགན་ལྗིད་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འགོ་ཁྲིད་ནུས་པ་ལྡན་པ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་ཡོད་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ལམ་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མཛངས་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་བཙུགས་ཏེ། བློ་དཀར་སྤྱོད་གཙང་འཁུར་ལེན་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ལས་བྱེད་པ་འདེམས་སྒྲུག་བྱེད་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་གནད་དུ་བཟུང་ནས་དམ་སྲུང་བྱེད་དགོས། ལག་ལེན་སྦྱོང་བརྡར་དང་ཆེད་ལས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་གལ་ཆེན་ཁྲོད་ལས་བྱེད་པ་སྦྱོང་བརྡར་བྱེད་པར་དོ་སྣང་བྱས་ཏེ། ལས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་སྔོན་འགོག་དང་སེལ་བའི་འཇོན་ཐང་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆགས་པར་ཤུགས་རྒྱག་པ་དང་། ཉེན་ཁ་བཀག་འགོག་དང་། འགྲན་སློང་གདོང་གཏོད། བཙན་གནོན་འགོག་རྒོལ་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས། སྣེ་ཁྲིད་དེ་འགན་འཁྲི་ལྷུར་ལེན་བྱེད་པ་དང་། ནམ་རྒྱུན་དུས་སུ་མཐོང་ཐུབ་པ་དང་། འགག་རྩའི་དུས་སུ་གདོང་མཆོང་ཕོད་པ། ཉེན་ཁའི་སྐབས་སུ་གང་ལ་མི་འཛེམ་པ་བཅས་བྱེད་དགོས། ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་སྐྱེད་པ་དང་ལག་བསྟར་བྱེད་དུ་འཇུག་པ། ལས་བྱེད་པ་སྤར་འབེབས་ཉིས་རུང་དང་བསྐོ་འཐེན་ཉིས་ཆོག་ཡོང་བར་སྐུལ་འདེད་བཏང་སྟེ། འཇོན་པོ་ཡར་འཐེན་དང་། ཕུལ་བྱུང་གཟེངས་བསྟོད། ཐ་མལ་མར་འབེབ། ནུས་མེད་ཕྱིར་འབུད་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། རྒྱུན་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་འདི་ཡག་པོར་འཛིན་པ་དང་། ན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ། གཞི་རིམ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ཕྱིན་ནས་སྦྱོང་བརྡར་བྱེད་པ་དང་འཚར་ལོངས་ཡོང་རྒྱུ་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་དུ་འཛིན་དགོས། བུད་མེད་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་བུད་མེད་ལས་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཏང་ཕྱིའི་ལས་བྱེད་པའི་ལས་དོན་གཅིག་གྱུར་འཆར་འགོད་ངང་ཡག་པོར་བསྒྲུབ་དགོས། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་དགོས། གཞུང་ཞབས་པའི་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་བཅོས་བྱས་ནས་སྒྲིག་གཞིའི་སྒྲིག་ཁོངས་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་བྱེད་དགོས། དོ་དམ་ནན་པོ་དང་ལྟ་སྐྱོང་བྱམས་པོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པར་ཕྱོགས་མཐའ་ཡོངས་ནས་དོ་དམ་དང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “དབྱེ་བ་འབྱེད་དགོས་པ་གསུམ་”དོན་འཁྱོལ་བྱས་ཏེ། ལས་བྱེད་པར་འཁུར་ལེན་ཕོད་པ་དང་ལས་དོན་ལྷུར་ལེན་བྱེད་པར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས། གཞི་རིམ་ལས་བྱེད་པ་དང་ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་བྱེད་དགོས།

  (ལྔ།) ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཆེ་རུ་གཏོང་དགོས། ཚགས་དམ་པའི་རྩ་འཛུགས་མ་ལག་ནི་ཏང་གི་དགེ་མཚན་གནས་ས་དང་སྟོབས་ཤུགས་གནས་ས་ཡིན། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་གིས་སྤྲད་པའི་འགན་འཁྲི་ཁག་བསྒྲུབས་ཏེ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་རྒྱ་ཆེའི་མང་ཚོགས་རྩ་འཛུགས་གོང་བུ་གཅིག་ཏུ་ཡག་པོར་བསྒྲིལ་དགོས། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་ལས་དོན་ལ་ཤུགས་རྒྱག་པ་དང་། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་རྒྱུན་མཐུད་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཏང་གི་འགོ་ཁྲིད་ནུས་ལྡན་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། བྱ་ལས་སྡེ་ཚན་གྱི་ཏང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཀུང་སི་བཅོས་སྐྱོང་འཐུས་ཚང་གཏོང་བའི་ཁྲོད་གཞུང་ཁོངས་ཁེ་ལས་དང་དངུལ་རྩའི་ཁེ་ལས་ཀྱིས་ཏང་གི་འགོ་ཁྲིད་ལ་ཤུགས་རྒྱག་པར་སྐུལ་འདེད་བཏང་སྟེ། དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་ལས་དོན་ལ་ཤུགས་རྒྱག་པ། ལས་རིགས་མཐུན་ཚོགས་དང་། སློབ་ཚོགས། ཚོང་ཚོགས་བཅས་ཀྱི་ཏང་འཛུགས་སྐྲུན་ལས་དོན་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་བྱེད་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞོན་ནུ་དང་ཐོན་ལས་བཟོ་པ། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་དོ་སྣང་ཆེན་པོ་བྱེད་པ་དང་། ཏང་ཡོན་སྤྱི་དང་ལྷག་པར་དུ་ཕྱོགས་འགྲུལ་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱ་རྒྱུར་ཤུགས་རྒྱག་པ་དང་ལེགས་བཅོས་བྱེད་དགོས། ཏང་ནང་གི་དམངས་གཙོའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པ། ཏང་ཡོན་ལ་སྐུལ་ལྕག་བཏང་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པར་བྱེད་དགོས། ཚད་གཞི་མ་ལོན་པའི་ཏང་ཡོན་གཟབ་ནན་དང་བརྟན་བརླིང་སྒོས་ཐག་གཅོད་བྱས་ཏེ། ཏང་ཡོན་དཔུང་སྡེའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་དགོས།

  (དྲུག) ནན་པོའི་དགོངས་གཞི་ལ་བརྟེན་ནས་སྤྱོད་སྲོང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་སྲོལ་གྱི་གནད་དོན་ནི་སྲིད་སྐྱོང་ཏང་གི་འཆི་གསོན་ཆགས་འཇིག་ལ་ཐུག་ཡོད། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སེམས་རྣལ་དུ་ཕབ་སྟེ་དངོས་དོན་སྒྲུབ་པ་དང་། ཐབས་ཤེས་གོ་ཆོད་འཚོལ་བ། ཕན་འབྲས་ཟོལ་མེད་གཉེར་བ་བཅས་བྱེད་དགོས། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། “འགག་རྩའི་ཉུང་ཤས་”དམ་འཛིན་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་པ། “སྤྱོད་ཚུལ་བཞི་”ཡོ་བསྲང་དང་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་བཟུང་ནས་ཡོ་བསྲང་དང་བཅོས་སྐྱོང་བཅས་བྱས་ཏེ། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་དགོས། སྤྱོད་ཚུལ་འཛུགས་སྐྲུན་གྱི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་རིམ་རང་བཞིན་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། ཡོངས་ཁྱབ་ཏུ་འབྱུང་ཞིང་ཡང་ཡང་འབྱུང་བའི་གནད་དོན་དམ་འཛིན་གྱིས་དག་ཐེར་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། རང་ཁོངས་ནན་སྡོམ་བཅས་བྱེད་པར་ལྟ་སྐུལ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཇི་ཙམ་བྱུང་ན་དེ་ཙམ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་ཐོག་ནས་རྨང་བརྟན་ཟུངས་སྐྱེད་བྱེད་པ་དང་། ཏང་གཤིས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ། རུལ་རྒོལ་འགྱུར་འགོག་གི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། འབྱོར་བས་ཡིད་མི་འཁྲུལ་བ་དང་། དབུལ་བས་བློ་མི་འགྱུར་བ། དྲག་པོས་མགོ་མི་ནོན་པའི་གཞུང་སེམས་རྣམ་དག་གསོ་སྤེལ་བྱེད་དགོས། 

  (བདུན།) བློ་ཐག་རྦད་ཆོད་ཀྱིས་རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། རུལ་སུངས་ནི་ཏང་གི་སྐྱེ་སྟོབས་དང་འཐབ་འཛིང་བྱེད་ནུས་ལ་གནོད་འཚེ་གཏོང་བའི་དུག་སྐྲན་ཆེ་ཤོས་ཡིན་པ་དང་། རུལ་རྒོལ་བྱ་རྒྱུ་ནི་རང་ངོས་གསར་བརྗེ་ཆེས་མཐར་ཕྱིན་པ་ཡིན། རུལ་སུངས་གནད་དོན་ཐོན་ས་དང་ཆ་རྐྱེན་ཡོད་ཚེ། རུལ་རྒོལ་བྱེད་པའི་འཐབ་རྩོད་སྐད་ཅིག་ཙམ་ཡང་མི་ལྷོད་པར། ངེས་པར་དུ་ནམ་ཡང་གདོང་མཆོང་དམག་དུང་འབུད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་མཚུངས་ཤུགས་འདོན་དང་། ཕྱོགས་མཚུངས་ཤུགས་འདོན། ཕྱོགས་བསྡུས་ཤུགས་འདོན་བཅས་བྱེད་དགོས། བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་རུལ་རྒོལ་ངན་གཅོད་བྱས་ཏེ། འཕར་གྲངས་འགོག་སྡོམ་སྔར་བས་ཤུགས་ལྡན་དང་བསགས་འབོར་གཙང་སེལ་སྔར་བས་ནུས་ལྡན་བྱེད་པ་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་བསྣོལ་མར་འདྲེས་པའི་རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ་དང་། འགོ་ཁྲིད་ལས་བྱེད་པ་ཁེ་ཕན་ཚོགས་ཁག་དང་དབང་ཤུགས་ཚོགས་པའི་མགྲིན་ཚབ་པ་དང་ལས་ཚབ་པར་འགྱུར་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། སྲིད་ཚོང་ངན་འབྲེལ་གྱིས་ཆབ་སྲིད་སྐྱེ་ཁམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་གུ་ཡངས་གཏན་ནས་གཏོང་མི་རུང་། དབང་ཆ་གཅིག་སྡུད་དང་། མ་དངུལ་གཅིག་འདུས། ཐོན་ཁུངས་མང་འདུས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་“སྦྲང་ནག་”ལ་ཆད་པ་མཐའ་གཅིག་ཏུ་གཅོད་པ། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་ཉེ་འཁོར་གྱི་ལས་དོན་མི་སྣས་ཤུགས་རྐྱེན་གཏོང་ནུས་ལ་བརྟེན་ནས་སྒེར་ཕན་ཧམ་གཉེར་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་ཆབས་ཅིག་ཏུ་རྩད་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་ཆད་པ་གཅོད་པ་བཅས་བྱེད་དགོས། རུལ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱས་ཏེ། བྲོས་བྱོལ་བདའ་འདེད་དང་། བྲོས་བྱོལ་སྔོན་འགོག བརྐུས་ནོར་སྙེག་ལེན་བཅས་ཀྱི་ལམ་སྲོལ་གཞི་གཅིག་ཏུ་འཛུགས་དགོས། རྩ་ལག་མཉམ་བཅོས་ཟབ་སྤེལ་བྱེད་པ་དང་། རུལ་རྒོལ་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། མི་སྐྱོན་མེད་ལྷད་མེད་ཅིག་བྱེད་དགོས་པ་དང་། བྱ་བ་གཙང་མ་གཙང་རྐྱང་ཞིག་བསྒྲུབ་དགོས། ཆད་པ་ནན་པོ་གཅོད་པ་དང་། དབང་ཆ་ཚད་ལྡན་དུ་གཏོང་བ། སློབ་གསོ་དང་ཁྲིད་སྟོན་བཅས་ཟུང་འབྲེལ་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་ཡོང་བར་བྱས་ཏེ། ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་བཅོས་སྐྱོང་གི་ཕན་ནུས་སྔར་ལས་ཆེ་བ་རྒྱུན་ཆད་མེད་པར་འཐོབ་པར་བྱེད་དགོས།

  བློ་མཐུན་རྣམ་པ། དུས་རབས་ཀྱིས་ང་ཚོར་འབོད་སྐུལ་གཏོང་བཞིན་ཡོད་པ་དང་། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད་པས། དམ་བཅའ་ཉམས་མེད་དང་ལག་བསྟར་ཉོབ་མེད་བྱས་ན། ད་གཟོད་དུས་རབས་ཀྱི་རེ་འབོད་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པར་རང་རྒྱལ་གོང་འཕེལ་དར་རྒྱས་ཡོང་བའི་ལྡོག་མེད་ཀྱི་འགྲོ་ལམ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་ནི་ཏང་ལ་ནམ་ཡང་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་པ་དང་རྒྱུགས་འབུལ་གྱི་འགྲོ་ལམ་གསར་པར་ཡག་པོ་བསྐྱོད་པའི་ལྡོག་མེད་ཀྱི་འགྲོ་ལམ་བཅས་ཡིན་པ་ངེས་པར་དུ་ཏང་ཡོངས་ཀྱིས་སེམས་ལ་བརྗེད་མེད་དུ་འཛིན་དགོས། འདི་ནི་ང་ཚོའི་དུས་ཡུན་རིང་པོའི་ལག་ལེན་ལས་བྱུང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། བརྩོན་པ་ཕུར་ཚུགས་སུ་བསྟེན་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་གྲུ་ཆེན་རྒྱ་མཚོ་གཤགས་ཏེ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།

  མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་འཐོབ་ཐུབ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་གྱི་སྟོབས་ཤུགས་རླབས་པོ་ཆེ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན། མི་དམངས་ཀྱི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བཅས་བྱེད་པ་དང་། བྱ་བ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་སྒྲུབ་པ་དང་། བྱ་བ་ཐམས་ཅད་མི་དམངས་ལ་བརྟེན་ནས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཤིང་། མང་ཚོགས་ཀྱི་ཁྲོད་ནས་འོངས་པ་དང་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོར་ཤུགས་རྒྱག་པ་བཅས་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་བསྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

  གཞོན་ནུ་སྟོབས་ཤུགས་ལྡན་ན།། རྒྱལ་ཁབ་སྟོབས་ཤུགས་ལྡན་ནོ།། དེང་རབས་ཀྲུང་གོའི་གཞོན་ནུ་རྣམས་སྐྱེས་པ་དུས་སྐབས་བཟང་པོར་འཁེལ་བ་དང་། འཇོན་ཐང་མངོན་པའི་གར་སྟེགས་ཧ་ཅང་རྒྱ་ཆེན་པོ་ཡོད་པས། ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལྗོངས་འོད་སྟོང་འབར་བ་ལྡན། ཏང་ཡོངས་ཀྱིས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུར་དྲག་ཆས་སྤྲས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྤྱད་ནས་གཞོན་ནུའི་ཡིད་འགུག་པ། གཞོན་ནུ་གྲོགས་པོ་ཚོའི་བློས་ཐུབ་གྲོགས་པོ་དང་། གཞོན་ནུའི་ལས་དོན་ལ་ལྷག་བསམ་ཅན། གཞོན་ནུ་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱེད་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཤིང་། ཡིད་ལ་ཕུགས་འདུན་བཅངས་ཏེ་གོམ་པ་བརྟན་པོར་བགྲོད་པ་དང་། བསམ་ཕོད་སྒྲུབ་ཕོད་དགོས་པར་མ་ཟད་སྤེལ་མཁས་སྒྲུབ་མཁས་ཀྱང་བྱེད་དགོས་ལ། སེམས་ཐག་ཆོད་པོས་ཕུགས་བསམ་ལྡན་པ་དང་། འཁུར་ལེན་ཕོད་པ། སྡུག་རུས་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ནས་བཀྲག་མདངས་ལྡན་པའི་ལང་ཚོའི་མེ་ཏོག་བཞད་དུ་འཇུག་དགོས།

  བློ་མཐུན་རྣམ་པ། ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱས་ཡོད་ཅིང་། འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པའང་གསར་སྐྲུན་བྱེད་ཐུབ་ངེས་རེད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིད་ལ་བརྟན་པོར་བཅངས་ཏེ། གདེང་ཚོད་ཆེར་བསྐྱེད་དང་བློ་སེམས་གཅིག་མཐུན། བབ་བརླིང་སྡུག་རུས་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།