ཆོས་ལུགས་སློབ་གླིང་གི་དོ་དམ་བྱེད་ཐབས།

[ཟླ་ཚེས། 2022-10-08 21:34:25][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

ཆོས་ལུགས་སློབ་གླིང་གི་དོ་དམ་བྱེད་ཐབས།
ལེའུ་དང་པོ། སྤྱིའི་དོན་ཚན། 
དོན་ཚན་དང་པོ། ཆོས་ལུགས་སློབ་གླིང་གི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཆོས་ལུགས་སློབ་གླིང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། 《ཆོས་ལུགས་ལས་དོན་སྲོལ་ཡིག》གཞིར་བཟུང་ནས་བྱེད་ཐབས་འདི་གཏན་དུ་ཕབ། 
དོན་ཚན་གཉིས་པ། བྱེད་ཐབས་འདིའི་ནང་བཀོད་པའི་ཆོས་ལུགས་སློབ་གླིང་ཞེས་པ་ནི་ཆོས་ལུགས་མི་སྣ་དང་ཆོས་ལུགས་ཐད་ཀྱི་ཆེད་ལས་མི་སྣ་གཞན་དག་གསོ་སྐྱོང་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གསོའི་ལས་ཁུངས་ལ་གོ་དགོས། ཆོས་ལུགས་དང་སློབ་གསོ་སོ་སོར་འབྱེད་པའི་རྩ་དོན་ལྟར། ཆོས་ལུགས་སློབ་གླིང་ནི་རྒྱལ་དམངས་སློབ་གསོའི་མ་ལག་གི་ཁོངས་སུ་མི་གཏོགས། ཆོས་ལུགས་སློབ་གསོའི་ཡོན་ཚད་དེ་ཆོས་ལུགས་ལས་རིགས་ནང་ཁུལ་དུ་སྤྱོད་པར་འཚམ།  
དོན་ཚན་གསུམ་པ། ཆོས་ལུགས་སློབ་གླིང་ནི་རྒྱལ་ཡོངས་རང་བཞིན་ལྡན་པའི་ཆོས་ལུགས་ཚོགས་པའམ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པ་ནས་འཛུགས་རྒྱུ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་བཙུགས་པའི་སློབ་གླིང་ནི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་ཡིན་ལ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་བཙུགས་པའི་སློབ་གླིང་ནི་ས་གནས་རང་བཞིན་ལྡན་པའི་ཆོས་ལུགས་སློབ་གླིང་ཡིན། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཆོས་ལུགས་སློབ་གླིང་འཛུགས་མི་ཆོག 
དོན་ཚན་བཞི་པ། ཆོས་ལུགས་སློབ་གླིང་ནི་རྒྱལ་གཅེས་ཆོས་ལུགས་ཀྱི་རྗེས་རབས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཆོས་ལུགས་ཀྱི་བསྟན་བཅོས་ལ་འགྲེལ་བཤད་ཡང་དག་རྒྱག་པ། ལས་རྐང་དུ་ཡོད་པའི་ཆོས་ལུགས་ལས་སྒྲུབ་མི་སྣ་གསོ་སྦྱོང་བྱེད་པ་བཅས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། ཆོས་ལུགས་སློབ་གླིང་གིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་ཆོས་ལུགས་སློབ་གླིང་གི་སློབ་གཉེར་ལམ་བུའི་ཐོག་སྐྱོད་པ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞིར་གཞིགས་ནས། ཆོས་ལུགས་ཀྱི་ཆོས་དོན་མི་སྣ། ཆོས་ལུགས་ཐད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གཞན་དག་བཅས་གསོ་སྐྱོང་བྱེད་དགོས། 
དོན་ཚན་ལྔ་པ། ཆོས་ལུགས་སློབ་གླིང་གིས་བྱེད་སྒོ་སྤེལ་སྐབས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བརྩི་སྲུང་བྱ་དགོས། ཆོས་ལུགས་སློབ་གླིང་གིས་རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱིའི་སྟོབས་ཤུགས་ཀྱི་བཀོད་པར་མི་ཉན་པ། ཕྱི་རྒྱལ་གྱི་མི་སྣ་དང་མཉམ་ལས་ཀྱིས་སློབ་གྲྭ་གཉེར་མི་ཆོག 
དོན་ཚན་དྲུག་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཆོས་ལུགས་སློབ་གྲྭའི་ལས་དོན་ལ་གཙོ་སྐྱོང་བྱ་རྒྱུ་དང་། ཆོས་ལུགས་སློབ་གླིང་འཛུགས་པར་ཞིབ་མཆན་འགོད་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་ལ་དོ་དམ་བྱེད་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་འགའ་ཤས་ཀྱི་འགན་འཁྲི་ཁག་གཅིག་ཁུར་དུ་འཇུག་རྒྱུའི་མངག་བཅོལ་བྱས་ཆོག  ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ས་གནས་རང་བཞིན་ལྡན་པའི་ཆོས་ལུགས་སློབ་གླིང་ལ་དོ་དམ་བྱ་རྒྱུ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ས་གནས་རང་བཞིན་ལྡན་པའི་ཆོས་ལུགས་སློབ་གླིང་ལ་དོ་དམ་བྱེད་པའི་འགན་འཁྲི་ཁག་ཅིག་ཁུར་རྒྱུའི་མངག་བཅོལ་བྱས་ཆོག 
དོན་ཚན་བདུན་པ། ཆོས་ལུགས་སློབ་གླིང་ནི་མཐོ་རིམ་ཆོས་ལུགས་སློབ་གླིང་དང་འབྲིང་རིམ་ཆོས་ལུགས་སློབ་གླིང་གཉིས་སུ་དབྱེ་ཡོད། 
ལེའུ་གཉིས་པ། གསར་འཛུགས་བྱེད་ཕྱོགས་སྐོར།
དོན་ཚན་བརྒྱད་པ། ཆོས་ལུགས་སློབ་གླིང་གསར་འཛུགས་བྱེད་པར་གཤམ་གྱི་ཆ་རྐྱེན་ཁག་ཚང་དགོས། 
གཅིག གསོ་སྐྱོང་གི་དམིགས་འབེན་དང་། སློབ་གཉེར་གྱི་སྒྲིག་ཡིག སློབ་ཚན་བཀོད་སྒྲིག་གི་འཆར་གཞི་བཅས་གསལ་པོ་ཡོད་དགོས། 
གཉིས། གསོ་སྐྱོང་གི་ཆ་རྐྱེན་དང་མཐུན་པའི་སློབ་ཁུངས་དང་སློབ་བསྡུའི་འཆར་གཞི་ཡོད་དགོས། 
གསུམ། དགོས་ངེས་ཀྱི་སློབ་སྒྲུབ་མ་དངུལ་དང་། ཁྲིམས་དང་མཐུན་ཞིང་གཏན་འཇགས་ཀྱི་གྲོན་དངུལ་ཡོང་ཁུངས་ཡོད་དགོས།  
བཞི། སློབ་ཁྲིད་ཀྱི་ལས་འགན་དང་སློབ་གཉེར་གཞི་ཁྱོན་ལ་དགོས་ངེས་ཀྱི་སློབ་ཁྲིད་བྱེད་གནས་དང་སྒྲིག་ཆས་ཡོད་དགོས། 
 ལྔ། ཆེད་ལས་ཀྱི་སློབ་གྲྭའི་འགན་འཁུར་པ་དང་། ཚད་ལྡན་གྱི་ཆེད་ལས་དགེ་རྒན། ནང་ཁུལ་དོ་དམ་གྱི་རྩ་འཛུགས་བཅས་ཡོད་དགོས། 
དྲུག བཀོད་པ་ལུགས་དང་མཐུན་དགོས། ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁོངས་གཅིག་གི་ནང་ཆོས་ལུགས་སློབ་གླིང་བཙུགས་ཡོད་ན། སྤྱིར་བཏང་དུ་རིགས་མཐུན་གྱི་ཆོས་ལུགས་སློབ་གླིང་གསར་འཛུགས་བྱེད་པར་ཆོག་མཆན་འགོད་མི་ཆོག
དོན་ཚན་དགུ་པ། མཐོ་རིམ་ཆོས་ལུགས་སློབ་གླིང་གསར་འཛུགས་བྱེད་པར་གཤམ་གྱི་ཚད་གཞི་དང་མཐུན་དགོས། 
གཅིག སློབ་མ་བསྡུ་སྐབས་མ་མཐར་ཡང་འབྲིང་རིམ་ཆོས་ལུགས་སློབ་གླིང་ངམ་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡོན་ཚད་ཡོད་པའམ་ཡང་ན་དེ་དང་ཚད་མཐུན་གྱི་ཡོན་ཚད་ཡོད་དགོས། 
གཉིས། དགེ་རྒན་གྱི་བསྡོམས་འབོར་དེ་སློབ་མའི་བསྡོམས་འབོར་གྱི་བརྒྱ་ཆ་བཅུ་ལས་ཉུང་མི་རུང་ལ། དེའི་ནང་ཉུང་མཐར་ཡང་ཆེད་ལས་དགེ་རྒན་གྱིས་བརྒྱ་ཆ་ལྔ་བཅུ་ཟིན་དགོས། 
གསུམ། གཏན་འཇགས་ཀྱི་སློབ་ཁྲིད་ཁང་ཡོད་པ། དེའི་འཛུགས་སྐྲུན་སྒྲིག་ཆས་ཀྱིས་སློབ་ཁྲིད་དང་། ཞིབ་འཇུག དགེ་སློབ་ཀྱི་ཆོས་སྒྲུབ་ཁོར་ཡུག རྒྱུན་ལྡན་གྱི་འཚོ་བ། ལུས་རྩལ་སྦྱོང་བརྡར་སོགས་ཐད་ཀྱི་གཞི་རྩའི་དགོས་མཁོ་འགན་ལེན་བྱེད་ཐུབ་པར་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་འགོད་དང་། འཛུགས་སྐྲུན། མེ་གསོད་སོགས་ཐད་ཀྱི་གཏན་འབེབས་དང་ཡང་མཐུན་དགོས། 
བཞི། དགོས་ངེས་ཀྱི་སློབ་ཁྲིད་སྒྲིག་ཆས་དང་། བཀོལ་སྤྱོད་བྱེད་པའི་དཔེ་དེབ་ཁྲི་གསུམ་ལས་ཉུང་མི་རུང་། 
ལྔ། དགོས་ངེས་ཀྱི་སློབ་གཉེར་མ་དངུལ་ཡོད་དགོས། 
དོན་ཚན་བཅུ་པ། འབྲིང་རིམ་ཆོས་ལུགས་སློབ་གླིང་གསར་འཛུགས་བྱེད་པར་གཤམ་གྱི་ཚད་གཞི་དང་མཐུན་དགོས་ཏེ། 
གཅིག སློབ་བསྡུ་བྱ་ཡུལ་ལ་མ་མཐའ་ཡང་དམའ་རིམ་སློབ་འབྲིང་དཀྱུས་མའི་ཡོན་ཚད་ཡོད་དགོས། 
གཉིས། སློབ་ཁྲིད་དགེ་རྒན་གྱི་བསྡོམས་འབོར་དེ་སློབ་མའི་བསྡོམས་འབོར་གྱི་བརྒྱ་ཆ་བརྒྱད་ལས་ཉུང་མི་རུང་ཞིང་། དེའི་ནང་ཉུང་མཐར་ཡང་ཆེད་ལས་དགེ་རྒན་གྱིས་བརྒྱ་ཆ་ལྔ་བཅུ་ཟིན་དགོས། 
གསུམ། གཏན་འཁེལ་གྱི་སློབ་ཁྲིད་ཁང་ཡོད་པ་དང་། དེའི་འཛུགས་སྐྲུན་སྒྲིག་ཆས་ཀྱིས་སློབ་ཁྲིད་དང་དགེ་སློབ་ཀྱི་ཆོས་སྒྲུབ་ཁོར་ཡུག རྒྱུན་ལྡན་གྱི་འཚོ་བ། ལུས་རྩལ་སྦྱོང་བརྡར་སོགས་ཐད་ཀྱི་གཞི་རྩའི་དགོས་མཁོར་འགན་ལེན་བྱེད་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་འགོད་དང་། འཛུགས་སྐྲུན། མེ་གསོད་སོགས་ཐད་ཀྱི་གཏན་འབེབས་དང་མཐུན་དགོས། 
བཞི། དགོས་ངེས་ཀྱི་སློབ་ཁྲིད་སྒྲིག་ཆས་དང་། དཔེ་དེབ་ཁྲི་གཉིས་ལས་ཉུང་མི་རུང་། 
ལྔ། དགོས་ངེས་ཀྱི་སློབ་སྒྲུབ་མ་དངུལ་ཡོད་དགོས། 
དོན་ཚན་བཅུ་གཅིག་པ། ཆོས་ལུགས་སློབ་གླིང་འཛུགས་པར་རེ་ཞུ་བྱེད་སྐབས། 《ཆོས་ལུགས་སློབ་གླིང་གིས་རེ་ཞུའི་རེའུ་མིག》འབྲི་དགོས་པར་མ་ཟད། གཤམ་གྱི་རྒྱུ་ཆ་དག་འདོན་སྤྲོད་བྱེད་དགོས།  
གཅིག སློབ་སྒྲུབ་སྲོལ་ཡིག་དང་གསོ་སྐྱོང་ཇུས་གཞི། 
གཉིས། གསོ་སྐྱོང་གི་ཆ་རྐྱེན་དང་མཐུན་པའི་སློབ་མའི་གནས་ཚུལ་སྐོར་གྱི་གསལ་བཤད། 
གསུམ། མ་དངུལ་གྱི་བདེན་དཔང་དང་དེ་བཞིན་སློབ་གཉེར་གྲོན་དངུལ་གྱི་ཡོང་ཁུངས་གཙོ་བོའི་གནས་ཚུལ་སྐོར་གྱི་གསལ་བཤད།
 བཞི། དགེ་རྒན་དང་སློབ་གླིང་གི་འགན་འཁུར་བ་གཙོ་བོ་དང་། དོ་དམ་རྩ་འཛུགས་སྒྲིག་འཛུགས་དང་ཁོངས་མི་སོགས་གདན་ཞུའི་གཞི་རྩའི་གནས་ཚུལ་གསལ་བཤད། 
ལྔ། སློབ་གྲྭའི་སྡོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་སྐོར་གྱི་གསལ་བཤད།  《ཆོས་ལུགས་སློབ་གླིང་གི་རེ་ཞུའི་རེའུ་མིག》ནི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་གཏན་འབེབས་བྱ་དགོས།
 དོན་ཚན་བཅུ་གཉིས་པ། ཆོས་ལུགས་སློབ་གླིང་གི་སྒྲིག་ཡིག་ཏུ་གཤམ་གསལ་གྱི་དོན་ཚན་དག་འདུ།
 གཅིག ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བའི་སློབ་གླིང་གི་མིང་དང་། བསྡུས་མིང་། ཕྱི་ཡིག་ཡིག་སྒྱུར་གྱི་མིང་སོགས་གསལ་པོར་འགོད་དགོས། 
གཉིས། སློབ་གླིང་གི་སློབ་གཉེར་བྱེད་གནས་དང་སྡོད་གནས། 
གསུམ། སློབ་གླིང་གི་སྒྲིག་གཞིའི་ངོ་བོ་དང་། རྩ་འཛུགས་མ་ལག འཕེལ་རྒྱས་གཏོང་སྟངས། གསོ་སྐྱོང་དམིགས་འབེན། སློབ་གཉེར་དམིགས་འབེན། སློབ་སྒྲུབ་རིམ་པ། སློབ་བསྡུའི་ཁྱབ་ཁོངས། སློབ་སྒྲུབ་གཞི་རྒྱ་སོགས། 
བཞི། སློབ་གླིང་གི་རིག་གཞུང་ཚན་ཁག་གཙོ་བོ་དང་། དེ་བཞིན་གསར་འཛུགས་དང་ལེགས་སྒྲིག་བྱེད་པའི་རྩ་དོན་དང་གོ་རིམ། 
 ལྔ། སློབ་གླིང་གིས་ལག་ལེན་བསྟར་བའི་ཉིན་ཧྲིལ་བོའི་ལམ་ལུགས་དང་ཉིན་ཧྲིལ་བོའི་ལམ་ལུགས་མིན་པ། ཡོན་ཚད་སློབ་གསོ་དང་ཡོན་ཚད་མེད་པའི་སློབ་གསོ་སོགས་སློབ་གསོའི་རྣམ་པ་མི་འདྲ་བའི་ངོ་བོ་དང་། དམིགས་ཡུལ། ཆ་རྐྱེན་སོགས། 
དྲུག སློབ་གླིང་གི་སློབ་གྲྭའི་འགོ་ཁྲིད་ལམ་ལུགས་དང་། སློབ་གླིང་གི་འགན་འཁུར་བ་བདམས་ཐོན་དང་བསྐོ་གཞག་གི་ནང་རྐྱེན། སློབ་གླིང་གི་ཇུས་ཐག་གཅོད་པའི་ནང་རྐྱེན། དམངས་གཙོའི་དོ་དམ། ལྟ་སྐུལ་ནང་རྐྱེན། ནང་ཁུལ་དུ་བཙུགས་པའི་ལས་ཁུངས་ཀྱི་གྲུབ་ཚུལ་དང་། འགན་འཁྲི། དོ་དམ་ནང་རྐྱེན་སོགས། 
བདུན། སློབ་གྲྭའི་གྲོན་དངུལ་གྱི་ཡོང་ཁུངས་དང་། རྒྱུ་ནོར་གྱི་ངོ་བོ། བེད་སྤྱོད་རྩ་དོན། དོ་དམ་ལམ་ལུགས་བཅས་དང་། ཞལ་འདེབས་དང་ལེན་བྱེད་པའི་ལམ་སྲོལ་དང་བྱེད་ཐབས། 
བརྒྱད། སྒྲིག་ཡིག་བཟོ་བཅོས་རྒྱག་འགོ་ཚུགས་པ་དང་། གྲོས་ཞིབ་བྱེད་པའི་གོ་རིམ། དེ་བཞིན་སྒྲིག་ཡིག་འགྲེལ་བཤད་བྱེད་དབང་སོགས། 
དགུ། སྒྲིག་ཡིག་ནང་གཏན་འབེབས་བྱ་དགོས་པའི་དོན་ཚན་གཞན་དག 
དོན་ཚན་བཅུ་གསུམ་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཡིས་ཆོས་ལུགས་སློབ་གླིང་འཛུགས་རྩིས་ཡོད་ན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་རེ་འདུན་ཞུ་དགོས།  ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གླིང་འཛུགས་རྩིས་ཡོད་ན། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ལས་བསམ་འཆར་བསྡུ་ལེན་བྱས་རྗེས། ས་གནས་དེ་གའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་འདུན་ཞུ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞུ་ཡིག་འབྱོར་ཉིན་ནས་ཉིན་སུམ་ཅུའི་ནང་བསམ་འཆར་བཏོན་ཏེ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཞིབ་བཤེར་ཆོག་མཆན་འགོད་པར་སྤྲོད་དགོས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་རེ་ཞུ་དང་ཡང་ན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཕུལ་བའི་ཡིག་ཆ་འབྱོར་ཉིན་ནས་བཟུང་། ཉིན་དྲུག་ཅུའི་ནང་ཆོག་མཆན་འགོད་མིན་ཐག་གཅོད་དགོས། ཆོག་མཆན་མ་བཀོད་ན་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས། 
དོན་ཚན་བཅུ་བཞི་པ། ཆོས་ལུགས་སློབ་གླིང་བསྒྱུར་བཅོས་དང་། ཟླ་སྒྲིལ་གཏོང་བ། ལོགས་སུ་འཛུགས་པ། སྒོ་རྒྱག་པ་སོགས་བྱེད་ཐབས་འདིའི་དོན་ཚན་བཅུ་གསུམ་པའི་གཏན་འབེབས་ཀྱི་གོ་རིམ་ལྟར་བསྒྲུབ་དགོས། ཆོས་ལུགས་སློབ་གླིང་གི་ས་གནས་བསྒྱུར་བཅོས་དང་། སློབ་གྲྭའི་མིང་། ཁོངས་གཏོགས་ཀྱི་འབྲེལ་བ། གསོ་སྐྱོང་དམིགས་འབེན། སློབ་གྲྭའི་ལམ་ལུགས། སློབ་གཉེར་གཞི་ཁྱོན་སོགས་འདུས།  
དོན་ཚན་བཅོ་ལྔ་པ། ཆོག་མཆན་ཐོབ་ནས་བཙུགས་པའི་ཆོས་ལུགས་སློབ་གླིང་གིས་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་མི་ཐོ་འགོད་ཀྱི་རེ་ཞུ་བྱས་ཆོག 
ལེའུ་གསུམ་པ། རྩ་འཛུགས་དང་འགན་སྲུང་བྱེད་ཕྱོགས་སྐོར།
དོན་ཚན་བཅུ་དྲུག་པ།  ཆོས་ལུགས་སློབ་གླིང་གི་གླིང་གཙོ་ནི་སློབ་གླིང་གི་འགན་འཁུར་བ་གཙོ་བོ་ཡིན་པས། སློབ་གླིང་གི་དོ་དམ་ལས་དོན་ལ་ཁྱོན་ཡོངས་ནས་འགན་འཁུར་དགོས། ཆོས་ལུགས་སློབ་གླིང་གིས་དགོས་མཁོར་གཞིགས་ནས་སློབ་གྲྭའི་གླིང་གཙོ་གཞོན་པ་བཀོད་སྒྲིག་བྱས་ཆོག  ཆོས་ལུགས་སློབ་གླིང་གི་འགན་འཁུར་བ་གཙོ་བོས་ཆོས་ལུགས་སློབ་གླིང་གཞན་དག་གི་འགན་འཁུར་བ་གཙོ་བོའི་འགན་གཅིག་ལྕོགས་སུ་ཁུར་མི་ཆོག  ཆོས་ལུགས་སློབ་གླིང་གིས་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མི་སྣ་གདན་འདྲེན་ཞུས་ནས་སློབ་གྲྭའི་སྲིད་འཛིན་གོ་གནས་འཁུར་དུ་འཇུག་མི་ཆོག  
དོན་ཚན་བཅུ་བདུན་པ། ཆོས་ལུགས་སློབ་གྲྭའི་འགན་འཁུར་པས་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་དང་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཅུང་མཐོ་ཙམ་ཡོད་དགོས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། སྲིད་གཞུང་གི་དོ་དམ་དང་ལེན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱ་དགོས། ཆོས་ལུགས་ཀྱི་ཤེས་ཡོན་ཟབ་མོ་དང་སྲིད་འཛིན་དོ་དམ་གྱི་ནུས་པ་ཅུང་ཆེན་པོ་ལྡན་པ་དང་། དམངས་གཙོའི་དོ་དམ་དང་ཐུན་མོང་གི་འགོ་ཁྲིད་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་དགོས།
 དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་སློབ་གླིང་གི་འགན་འཁུར་བ་གཙོ་བོ་ནི་སློབ་གྲྭའི་བདེ་འཇགས་དང་བརྟན་ལྷིང་གི་ལས་ཀའི་འགན་འཁུར་བ་དང་པོ་ཡིན། ཆོས་ལུགས་སློབ་གླིང་གིས་བདེ་འཇགས་དོ་དམ་བྱ་བའི་ནང་རྐྱེན་བཙུགས་ཏེ། གཤམ་གྱི་བདེ་འཇགས་དོ་དམ་བྱ་བའི་འགན་འཁུར་དགོས།  
གཅིག སློབ་གླིང་གི་བདེ་འཇགས་ཉེན་ཟོན་ཉེན་བརྡ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོལ་བྱུང་དོན་རྐྱེན་ལ་བབ་བསྟུན་འཆར་འགོད་བཟོ་བ། དོན་རྐྱེན་སྔོན་འགོག་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། 
གཉིས། སློབ་གླིང་ནང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་འུད་སྒྲོག་དང་རྒྱབ་སྐྱོར་བྱེད་པ། དེ་བཞིན་ཆོས་ལུགས་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དང་གཏམ་བརྗོད་ཐོན་རྒྱུར་སྔོན་འགོག་དང་དོགས་ཟོན་བྱེད་དགོས། 
 གསུམ། རྒྱལ་ཁབ་ཀྱི་འབྲེལ་ཡོད་འཛུགས་སྐྲུན་དང་། མེ་ཟོན། བཟའ་བཅའ། འཕྲོད་བསྟེན་སོགས་ཀྱི་བདེ་འཇགས་ལས་དོན་སྐོར་གྱི་གཏན་འབེབས་དོན་འཁྱོལ་བྱ་དགོས། 
 བཞི། སློབ་གླིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། སློབ་རའི་བདེ་འཇགས་དང་སློབ་ཁྲིད་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། 
ལྔ། བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་སྦྱོང་བརྡར་དང་མེ་ཟོན་སྦྱོང་བརྡར་སོགས་སྤེལ་ཏེ། དགེ་རྒན་དང་ལས་བཟོ་བ་དང་སློབ་མའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་ནུས་པ་མཐོ་རུ་གཏོང་དགོས། 
དོན་ཚན་བཅུ་དགུ་པ། ཆོས་ལུགས་སློབ་གླིང་གིས་སློབ་གཉེར་གྱི་དགོས་མཁོར་གཞིགས་ནས་ལས་འཛིན་ལྷན་ཚོགས་སམ་ལས་འཛིན་པའི་ལྷན་ཚོགས་བཙུགས་ཡོད་ན། སྒྲིག་ཡིག་ཏུ་དེའི་འགན་ཁུར་ཡུལ་དང་། གྲུབ་ཚུལ། གྲོས་དོན་གྱི་ལེའུ་བཅས་གསལ་པོར་འགོད་དགོས།  
དོན་ཚན་ཉི་ཤུ་པ། ཆོས་ལུགས་སློབ་གླིང་གིས་རྩ་དོན་དང་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་སློབ་ཁྲིད་དང་། ཞིབ་འཇུག སྲིད་འཛིན་འགན་ནུས་སྡེ་ཁག་སོགས་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞིའི་བཀོད་སྒྲིག་དང་མི་སྣ་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། དོ་དམ་རིམ་པ་དང་འགན་འཁྲིའི་དབང་ཚད་ཁ་གསལ་བཟོ་དགོས། 
དོན་ཚན་ཉེར་གཅིག་པ། ཆོས་ལུགས་སློབ་གླིང་གིས་དགེ་རྒན་དང་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་སོགས་རྩ་འཛུགས་ཀྱི་རྣམ་པ་བརྒྱུད། དགེ་རྒན་དང་ལས་བཟོ་པ་རྣམས་དམངས་གཙོའི་དོ་དམ་དང་ལྟ་སྐུལ་ནང་ཞུགས་པར་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་དང་། དགེ་རྒན་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས།  ཆོས་ལུགས་སློབ་གླིང་གིས་དགེ་རྒན་དང་ལས་བཟོ་པའི་ཁྲོད་ཀྱི་ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ལ་གཞི་རིམ་ཏང་རྩ་འཛུགས་འཛུགས་པ་དང་བྱེད་སྒོ་སྤེལ་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་དགོས།  
དོན་ཚན་ཉེར་གཉིས་པ། ཆོས་ལུགས་སློབ་གླིང་དང་སློབ་གྲྭས་དགེ་རྒན་དང་ལས་བཟོ་པ། སློབ་མའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ། ཁྲིམས་སྐྱོང་སློབ་གསོ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་བཅས་སྤེལ་ཏེ། རྒྱལ་དར་སྒྲེང་བ་དང་ཚོགས་ར་གལ་ཆེན་དུ་རྒྱལ་གླུ་མཉམ་དཀྲོལ་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། དགེ་རྒན་དང་ལས་བཟོ་བ། སློབ་མའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས། 
དོན་ཚན་ཉེར་གསུམ་པ། ཆོས་ལུགས་སློབ་གླིང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། སྒྲིག་ཡིག་བཅས་སུ་གཏན་འབེབས་བྱས་པའི་བྱེད་སྒོ་སྤེལ་བའི་ཁྱབ་ཁོངས་ལས་བརྒལ་ཏེ་ཆོས་སྤེལ་བ་དང་ཆོས་ལུགས་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་མི་ཆོག 
 དོན་ཚན་ཉེར་བཞི་པ། ཆོས་ལུགས་སློབ་གླིང་གིས་སྒྲིག་ཡིག་དང་འབྲེལ་ཡོད་གཏན་འབེབས་ལྟར། དགེ་རྒན་དང་ལས་བཟོ་པ་དང་སློབ་མར་བྱ་དགའ་དང་ཆད་པ་གཅོད་པའི་ལམ་ལུགས་འཛུགས་དགོས། 
དོན་ཚན་ཉེར་ལྔ་པ། ཆོས་ལུགས་སློབ་གླིང་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ནོར་དོན་དང་། རྒྱུ་ནོར། རྩིས་གཉེར་ལམ་ལུགས་ལག་བསྟར་བྱེད་དགོས། རྩིས་གཉེར་ཞིབ་རྩིས་དང་། ནོར་དོན་སྙན་ཞུ། ནོར་དོན་ཡོངས་བསྒྲགས་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ནོར་དོན་དོ་དམ་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ནོར་དོན་དོ་དམ་ལ་ཤུགས་སྣོན་རྒྱག་པ། དུས་བཀག་ལྟར་སློབ་གླིང་འཛུགས་མཁན་ཆོས་ལུགས་ཚོགས་པ་དང་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ནོར་དོན་གྱི་གནས་ཚུལ་དང་། གཏོང་ཡོང་གནས་ཚུལ། ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་ཚུལ་བཅས་སྙན་སེང་ཞུ་དགོས་པ་དང་། ལྟ་སྐུལ་དོ་དམ་དང་ལེན་བྱ་དགོས་པ་མ་ཟད། བྱེད་ཐབས་འོས་འཚམ་སྤྱད་དེ་ཞལ་འདེབས་རྒྱག་མཁན་ལ་སྤྱི་བསྒྲགས་ཀྱང་བྱ་དགོས། ཆོས་ལུགས་སློབ་གླིང་གི་འགན་འཁུར་བ་གཙོ་བོ་དང་། ནོར་དོན་གཙོ་འགན་འཁུར་མཁན་གྱི་འགན་འཁུར་བ། དེ་བཞིན་ནོར་དོན་སྡེ་ཚན་གྱི་འགན་འཁུར་བ་བཅས་ལས་གནས་ལས་བྲལ་བ་དང་། ལས་འཁྱུར་ངལ་གསོ། ལས་གནས་གཞན་སྒྱུར་བཅས་བྱེད་སྐབས་ནོར་དོན་རྩིས་བཤེར་དང་ལེན་བྱེད་དགོས།  
དོན་ཚན་ཉེར་དྲུག་པ། ཆོས་ལུགས་སློབ་གླིང་གིས་ཁྲིམས་ལྟར་ཁྲལ་དོན་ཐོ་འགོད་དང་ཁྲལ་འཇལ་སྙན་ཞུ་ཕུལ་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་དགོས།        
ལེའུ་བཞི་པ། སློབ་གསོ་དང་སློབ་ཁྲིད་ཀྱི་བྱེད་སྒོའི་སྐོར།
དོན་ཚན་ཉེར་བདུན་པ། ཆོས་ལུགས་སློབ་གྲྭའི་ཡོན་ཚད་སློབ་གསོ་དེ་འབྲིང་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོ་དང་། མཐོ་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོ། དངོས་གཞིའི་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོ། ཞིབ་འཇུག་སློབ་མ་རིམ་པའི་ཆོས་ལུགས་སློབ་གསོ་བཅས་སུ་དབྱེ་དགོས།  འབྲིང་རིམ་ཆོས་ལུགས་སློབ་གླིང་གིས་འབྲིང་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོ་སྤེལ་བ་དང་། མཐོ་རིམ་ཆོས་ལུགས་སློབ་གླིང་གིས་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་རིམ་པ་དང་། དངོས་གཞིའི་ཚན་ཁག་རིམ་པ། ཞིབ་འཇུག་སློབ་མའི་རིམ་པ་བཅས་ཀྱི་ཆོས་ལུགས་སློབ་གསོ་སྤེལ་དགོས། 
དོན་ཚན་ཉེར་བརྒྱད་པ། འབྲིང་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོས་སློབ་མ་རྣམས་ལ་ཆོས་ལུགས་ལ་མེད་དུ་མི་རུང་བའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཆོས་ལུགས་ཀྱི་བསྟན་དོན་ཁོང་དུ་ཆུད་པ་དང་། ཆོས་ལུགས་ཀྱི་ལས་དོན་བྱེད་སྒོ་སྤེལ་བའི་གཞི་རྩའི་ནུས་པ་གསོ་སྐྱོང་བྱ་དགོས།  འབྲིང་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོའི་སློབ་ཡུན་དེ་གཞི་རྩའི་ཆ་ནས་ལོ་གཉིས་ནས་བཞི་བར་ཡིན།  
དོན་ཚན་ཉེར་དགུ་པ། མཐོ་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོ་ཡིས་སློབ་མ་རྣམས་ལ་རང་གི་ཆོས་ལུགས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། བསྟན་བཅོས་དང་འདུལ་ཁྲིམས། ཆེད་ལས་ཀྱི་ཤེས་བྱ་བཅས་ཁོང་དུ་ཆུད་པར་བྱ་དགོས་པ་དང་། ཆོས་ལུགས་ཀྱི་ཆོས་དོན་བྱེད་སྒོ་སྤེལ་བ་དང་ཆེད་ལས་ཀྱི་ལས་ཀ་དངོས་སྒྲུབ་པའི་གཞི་རྩའི་ནུས་པ་ལྡན་པར་བྱ་དགོས།  མཐོ་རིམ་ཆེད་སྦྱོང་ཚན་ཁག་རིམ་པའི་ཆོས་ལུགས་སློབ་གསོའི་སློབ་ཡུན་དེ་ལོ་གསུམ་ནས་ལྔ་བར་ཡིན།  
དོན་ཚན་སུམ་ཅུ་པ། དངོས་གཞིའི་རིམ་པའི་ཆོས་ལུགས་སློབ་གསོ་སྤེལ་སྐབས་སློབ་མ་རྣམས་ཀྱིས་རང་གི་སྦྱོང་བཞིན་པའི་ཆོས་ལུགས་དེའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། བསྟན་བཅོས་དང་འདུལ་ཁྲིམས། རིག་གཞུང་ཚན་ཁག་དེའི་གཞི་རྩའི་ཤེས་བྱ་སོགས་ཁོང་དུ་ཆུད་པར་བྱ་དགོས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཆེད་ལས་ཀྱི་ལས་དོན་དངོས་སྒྲུབ་པ། ཆོས་དད་མང་ཚོགས་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་གཞི་རྩའི་ནུས་པ་ལྡན་པ་དང་། ཆོས་ལུགས་ཞིབ་འཇུག་གི་ལས་དོན་སྤེལ་བ། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་འཆད་འགྲེལ་བྱེད་པའི་འཇོན་ནུས་རགས་ཙམ་ལྡན་པ་བཅས་གསོ་སྐྱོང་བྱ་དགོས། དངོས་གཞི་རིམ་པའི་ཆོས་ལུགས་སློབ་གསོའི་སློབ་ཡུན་ནི་ལོ་བཞི་ནས་དྲུག་བར་ཡིན། 
དོན་ཚན་སོ་གཅིག་པ། ཞིབ་འཇུག་སློབ་མའི་ཡོན་ཚད་ཀྱི་ཆོས་ལུགས་སློབ་གསོས་སློབ་མ་རྣམས་ལ་ཆོས་ལུགས་ཀྱི་རྨང་གཞི་བརྟན་པོའི་རིགས་པའི་གཞུང་ལུགས་དང་། བསྟན་བཅོས་དང་འདུལ་ཁྲིམས། རིག་གཞུང་ཚན་ཁག་དེའི་ཆེད་ལས་ཤེས་བྱ་ཁོང་དུ་ཆུད་པ་དང་། ཆོས་ལུགས་ཀྱི་ཆོད་དོན་བྱེད་སྒོ་སྤེལ་བ། ཆེད་ལས་ཀྱི་ལས་ཀ་དངོས་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱེད་པའི་ནུས་པ་ལྡན་པ། ཆོས་ལུགས་ཀྱི་བསྟན་བཅོས་དང་འདུལ་ཁྲིམས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་པའི་ནུས་པ་བཅས་ལྡན་དགོས།  
དོན་ཚན་སོ་གཉིས་པ། ཆོས་ལུགས་སློབ་གླིང་གིས་ཆོས་ལུགས་འདི་ཉིད་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་དགོས་མཁོ་དང་རང་ངོས་ཀྱི་སློབ་ཁྲིད། རིག་གཞུང་ཞིབ་འཇུག་གི་ཆུ་ཚད་ལ་གཞིགས་ཏེ། སློབ་གླིང་དང་སློབ་གྲྭའི་རིག་གཞུང་ཚན་ཁག་དང་ཆེད་ལས་བཀོད་སྒྲིག་དང་ལེགས་སྒྲིག་ལུགས་མཐུན་བྱ་དགོས། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་གསར་འཛུགས་དང་སློབ་གླིང་གིས་རིག་ཚན་དང་ཆེད་ལས་ལེགས་སྒྲིག་བྱེད་པ་དང་། ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་རྗེས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཐོ་འགོད་སྙན་སེང་འབུལ་དགོས། ས་གནས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་གིས་སློབ་གླིང་གི་ཆེད་ལས་གསར་འཛུགས་དང་ལེགས་སྒྲིག་བྱས་ཏེ། སློབ་གྲྭ་དེ་འཛུགས་མཁན་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ཚོགས་པ་དེའི་བྱེད་སྒོ་གཙོ་སྐྱོང་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་མོས་མཐུན་བྱུང་རྗེས། ཆོས་ལུགས་དེའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་སློབ་གསོའི་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ཆོག་མཆན་བཀོད་དེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས།
དོན་ཚན་སོ་གསུམ་པ། ཆོས་ལུགས་སློབ་གླིང་གིས་ཆོས་ལུགས་འདི་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་དགོས་མཁོ་དང་། སློབ་སྒྲུབ་ཆ་རྐྱེན། སློབ་སྒྲུབ་གཞི་ཁྱོན་བཅས་ལ་གཞིགས་ཏེ་སློབ་མ་བསྡུ་བའི་སྒྲིག་ཡིག་མདོར་བསྡུས་བཟོ་དགོས། སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས་ནང་སློབ་བསྡུའི་མི་གྲངས་དང་། སློབ་བསྡུ་བྱ་ཡུལ། ཐོ་འགོད་སློབ་བསྡུའི་གོ་རིམ། སློབ་ཐོན་དང་ལས་ཞུགས་ཆ་འཕྲིན་སོགས་ཚུད་དགོས། སློབ་བསྡུའི་སྒྲིག་ཡིག་དེ་སློབ་བསྡུའི་ལས་དོན་མ་སྤེལ་གོང་གི་ཟླ་གསུམ་གྱི་སྔོན་ལ་སློབ་གླིང་དེའི་ཆོས་ལུགས་ཚོགས་པས་མོས་མཐུན་བྱེད་དགོས་པར་མ་ཟད། ཆོས་ལུགས་ཚོགས་པ་དེའི་ལས་སྒོའི་གཙོ་གཉེར་ཚན་པར་ཐོ་འགོད་སྙན་སེང་ཡང་ཞུ་དགོས། 
དོན་ཚན་སོ་བཞི་པ། ཆོས་ལུགས་སློབ་གླིང་གིས་སློབ་བསྡུ་བྱ་ཡུལ་ནི་ཆོས་དོན་མི་སྣའམ་ཡང་ན་དད་ལྡན་དམངས་ཚོགས་ཡིན་ཕྱིན། སྤྱིར་བཏང་དུ་ལོ་བཅོ་བརྒྱད་ལ་སོན་དགོས་པ་མ་ཟད། དམའ་རིམ་སློབ་འབྲིང་དཀྱུས་མ་ཡན་གྱི་ཡོན་ཚད་ཡོད་དགོས། 
དོན་ཚན་སོ་ལྔ་པ། ཆོས་ལུགས་སློབ་གླིང་ལ་མིང་ཐོ་འགོད་སྐབས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་ངམ་ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་འོས་སྦྱོར་བྱས་ཏེ། སློབ་བསྡུའི་ཆ་རྐྱེན་དང་ཐོ་འགོད་གོ་རིམ་ལྟར་རྒྱུགས་བླང་སྟེ་བསྡུ་དགོས། 
དོན་ཚན་སོ་དྲུག་པ། ཆོས་ལུགས་སློབ་གླིང་གིས་ཁྲིམས་ལྟར་ལུགས་མཐུན་གྱི་སློབ་ཡོན་དང་གྲོན་དངུལ་གཞན་དག་བསྡུས་ཆོག་ཅིང་། སློབ་ཡོན་གྱི་ཚད་གཞི་དེ་ཟོག་གོང་གཙོ་གཉེར་སྡེ་ཁག་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས། 
 དོན་ཚན་སོ་བདུན་པ། ཆོས་ལུགས་སློབ་གླིང་གིས་གསར་ཞུགས་སློབ་མའི་ཐོབ་ཐང་ལ་ཞིབ་བཤེར་བྱ་དགོས་པ་དང་། ཞིབ་བཤེར་བྱས་ཏེ་ཚད་ལོན་ན་གཞི་ནས་སློབ་ཞུགས་འགྲོ་ལུགས་སྒྲུབ་སྟེ། སློབ་གྲྭའི་སློབ་མའི་ཡིག་ཚགས་ཐོ་འགོད་བྱས་ཆོག
 དོན་ཚན་སོ་བརྒྱད་པ། ཆོས་ལུགས་སློབ་གླིང་གི་སྦྱོང་ཚན་ལ་སྤྱི་པའི་སློབ་ཚན་དང་ཆེད་ལས་སློབ་ཚན་གཉིས་སུ་དབྱེ་རྒྱུ། སྤྱི་པའི་སློབ་ཚན་གྱི་སློབ་ཁྲིད་འཆར་གཞི་དང་སློབ་དེབ་བེད་སྤྱོད་འཆར་གཞི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་གཅིག་གྱུར་ཐོག་གཏན་འབེབས་བྱ་རྒྱུ་དང་། ཆེད་ལས་སློབ་ཚན་གྱི་སློབ་ཁྲིད་འཆར་གཞི་དང་། སློབ་དེབ་རྩོམ་སྒྲིག སློབ་དེབ་བེད་སྤྱོད་འཆར་གཞི་བཅས་ནི་ཆོས་ལུགས་འདིའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་སློབ་གསོའི་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས། 
དོན་ཚན་སོ་དགུ་པ། ཆོས་ལུགས་སློབ་གྲྭའི་སྤྱི་པའི་སློབ་ཚན་ནང་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་རིག་གནས་དང་སྤྱི་ཚོགས་སོགས་སློབ་ཚན་རབ་དང་རིམ་པ་ཚུད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་རྒྱུན་མཐུད་ངང་སྤེལ་རྒྱུ་དམིགས་ཚད་དུ་བཟུང་སྟེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས། བཅའ་ཁྲིམས་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་གི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། སྤྱི་པའི་ཚོགས་ཐུན་གྱི་བསྡུར་ཚད་དེ་སྤྱིའི་སློབ་ཐུན་གྱི་བརྒྱ་ཆ་སུམ་ཅུ་ལས་ཉུང་མི་ཆོག
དོན་ཚན་བཞི་བཅུ་པ། ཆོས་ལུགས་སློབ་གླིང་གི་ཆེད་ལས་སློབ་ཚན་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་དམིགས་ཏེ། སློབ་མའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་། ལག་ལེན་གྱི་ནུས་པ། བསམ་བློ་ལེགས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་དགོས། 
དོན་ཚན་ཞེ་གཅིག་པ། ཆོས་ལུགས་སློབ་གླིང་གི་སློབ་གནས་སྤྲོད་རྒྱུ་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཚན་གནས་སྤྲོད་རྒྱུ་དེ་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། 
དོན་ཚན་ཞེ་གཉིས་པ། ཆོས་ལུགས་སློབ་གླིང་གིས་ཡོན་ཚད་མེད་པའི་རྒྱུན་མཐུད་སློབ་གསོ་སྤེལ་ཏེ། ལས་ཐོག་གི་ཆོས་དོན་མི་སྣ་གསོ་སྦྱོང་བྱ་དགོས། 
དོན་ཚན་ཞེ་གསུམ་པ། ཆོས་ལུགས་སློབ་གླིང་གིས་སློབ་གཉེར་གྱི་དགོས་མཁོ་དངོས་ལ་གཞིགས་ཏེ། རྒྱལ་ཁབ་ཀྱི་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་ཞབས་ཞུ་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར། འཕྲིན་སྦྲེལ་དྲ་བའི་ཆོས་ལུགས་སློབ་གསོའི་སྦྱོང་བརྡར་སྤེལ་ཆོག 
ལེའུ་ལྔ་པ། དགེ་རྒན་དང་སློབ་མའི་སྐོར།
དོན་ཚན་ཞེ་བཞི་པ། ཆོས་ལུགས་སློབ་གླིང་དུ་ཆེད་དུ་ཆོས་ལུགས་ཀྱི་ཆེད་ལས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་དོན་སྒྲུབ་མཁན་མི་སྣར་ཆོས་ལུགས་སློབ་གྲྭའི་དགེ་རྒན་གྱི་འོས་བབ་ཡོད་དགོས། ཆོས་ལུགས་སློབ་གྲྭའི་དགེ་རྒན་གྱི་གོ་མིང་ལ་ཞིབ་དཔྱད་གདན་ཞུས་ལས་བསྐོའི་ལམ་ལུགས་ལག་ལེན་བསྟར་རྒྱུ། ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱི་འོས་བབ་རེ་ཞུ་གཏན་འཁེལ་དང་གོ་མིང་ཞིབ་དཔྱད་གདན་ཞུས་ལས་བསྐོ་བྱེད་སྐབས་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་རྒན་བཅའ་ཁྲིམས》དང་། 《དགེ་རྒན་གྱི་ཐོབ་ཐང་སྲོལ་ཡིག》གཞིར་བཟུང་མཐོ་རིམ་སློབ་གྲྭ་དཀྱུས་མའི་དགེ་རྒན་གྱི་ཐོབ་ཐང་ཡོད་པའི་མི་སྣར་ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱི་ཐོབ་ཐང་ལྡན་པར་བརྩི་དགོས། 
དོན་ཚན་ཞེ་ལྔ་པ། ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱིས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ། ལས་རིགས་ཀྱི་ཀུན་སྤྱོད་བཅས་ལ་བརྩི་སྲུང་དང་། རིག་གཞུང་གི་ཚད་གཞི་ནན་སྲུང་། བསམ་བློ་ཀུན་སྤྱོད་བཟང་པོ། གཞན་གྱི་མིག་དཔེ་སྟོན་པ། སློབ་མར་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་གཞི་རྩའི་རྩ་དོན་གྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཁྲིམས་སྐྱོང་གི་སློབ་གསོ། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོ་བཅས་ནན་སྲུང་བྱས་ཏེ། སློབ་གྲྭའི་སློབ་ཁྲིད་འཆར་གཞི་ལེགས་འགྲུབ་ཡོང་བ་བྱ་དགོས། 
དོན་ཚན་ཞེ་དྲུག་པ། ཆོས་ལུགས་སློབ་གླིང་དང་སློབ་གླིང་འཛུགས་མཁན་ཆོས་ལུགས་ཚོགས་པ་ཡིས་ཁྲིམས་ལྟར་ཆོས་ལུགས་སློབ་གྲྭའི་དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་པ་དང་། ལས་སྒྲུབ་ཆ་རྐྱེན་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པའི་བྱ་ཐབས་སྤྱད་ནས། སྤྱི་ཚོགས་འགན་བཅོལ་ཐོ་འགོད་བྱེད་པ་དང་། གསོ་སྦྱོང་ལ་ཞུགས་པར་སྒྲིག་འཛུགས་དང་རྒྱབ་སྐྱོར་བྱ་དགོས།
 དོན་ཚན་ཞེ་བདུན་པ། ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་བླང་བྱ་ལྟར། ཆོས་ལུགས་ཀྱི་བསྟན་བཅོས་དང་ཁྲིམས་སྲོལ་འཆད་འགྲེལ་དང་རིག་གཞུང་ཞིབ་འཇུག་བྱས་ཏེ། རིག་གཞུང་སྤེལ་རེས་བྱེད་པ་དང་འབྲེལ་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས། 
དོན་ཚན་ཞེ་བརྒྱད། ཆོས་ལུགས་སློབ་གླིང་གིས་དགེ་རྒན་དང་དོ་དམ་མི་སྣའི་བསམ་བློ་དང་ཆབ་སྲིད་ཀྱི་མཚོན་ཚུལ་དང་། དགེ་རྒན་གྱི་ཀུན་སྤྱོད། ལས་སྒོའི་ཆུ་ཚད། ལས་ཀའི་གྲུབ་འབྲས་དངོས་བཅས་ལ་དཔྱད་ཞིབ་བྱེད་པ། དཔྱད་ཞིབ་བྱས་འབྲས་དེ་དགེ་རྒན་གདན་ཞུས་ལས་བསྐོའམ་གདན་ཞུ་མཚམས་འཇོག་དང་། གོ་གནས་སྤར་བ། བྱ་དགའ་སྤྲོད་པའམ་ཆད་པ་གཅོད་པ་བཅས་ཀྱི་གཞི་འཛིན་ས་བྱ་དགོས། ཆོས་ལུགས་སློབ་གླིང་གིས་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞིའམ་བྱ་སྤྱོད་ཚད་གཞི་ལས་འགལ་བའི་དགེ་རྒན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་དགོས། 
 དོན་ཚན་ཞེ་དགུ ཆོས་ལུགས་སློབ་གྲྭའི་སློབ་མ་སློབ་གྲྭར་སྡོད་རིང་ཁྲིམས་ལྟར་སློབ་གསོ་དང་སློབ་ཁྲིད་ཀྱི་ཐོན་ཁུངས་སྤྱོད་པ་དང་། སྤྱི་ཚོགས་ཀྱི་ལག་ལེན་དང་ལེན། དང་བླངས་ཞབས་ཞུ། སློབ་ཞོར་ལས་ཀ་བྱས་ནས་སློབ་ཞུགས་རོགས་སྐྱོར། རོལ་རྩེད་དང་ལུས་རྩལ་སོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུའི་དབང་ཆ་ཡོད། སློབ་མའི་ཁེ་དབང་དང་འབྲེལ་བ་ཡོད་པའི་ལས་དོན་གནས་ཚུལ་ལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་ལོངས་སུ་སྤྱོད་ཆོག
དོན་ཚན་ལྔ་བཅུ་པ། ཆོས་ལུགས་སློབ་གླིང་གིས་སློབ་མས་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བརྩི་སྲུང་དང་། སློབ་གླིང་གི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་། སློབ་མའི་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་། གཏན་འབེབས་བྱས་པའི་སྦྱང་ཚན་ལེགས་འགྲུབ་དང་དགེ་རྒན་ལ་གུས་བཀུར་བཅས་བྱ་དགོས། 
དོན་ཚན་ང་གཅིག་པ། ཆོས་ལུགས་སློབ་གླིང་གིས་སློབ་མའི་དཔྱད་ཞིབ་བྱས་འབྲས་ཇི་མ་ཇི་བཞིན་དུ་ཟིན་ཐོ་འགོད་དགོས་པར་མ་ཟད། བྱེད་ཐབས་འོས་འཚམ་གྱི་ཐོག་ནས་སློབ་མའི་སྦྱོང་ཚན་དང་། རིག་གཞུང་། སྒྲིག་ཁྲིམས། སྤྱོད་ལམ་སོགས་ཀྱི་ཆ་འཕྲིན་ཟིན་ཐོར་འགོད་དགོས། དཔྱད་ཞིབ་བྱས་འབྲས་དང་འབྲེལ་ཡོད་ཆ་འཕྲིན་སློབ་གྲྭའི་སློབ་མའི་ཡིག་ཚགས་ནང་འཇུག་དགོས། 
དོན་ཚན་ང་གཉིས་པ། ཆོས་ལུགས་སློབ་གླིང་གི་སློབ་མས་གཏན་འབེབས་བྱས་པའི་ལོ་ཚད་ནང་སློབ་གསོ་སློབ་ཁྲིད་ཀྱི་འཆར་གཞིའི་གཏན་འབེབས་ཀྱི་ནང་དོན་སྦྱོང་ཚར་བ་དང་། སྦྱངས་འབྲས་ཚད་ལོན་པ། མཐར་ཕྱིན་བླང་བྱའི་ཚད་གཞི་ལོན་པ་ན། ཆོས་ལུགས་སློབ་གླིང་གིས་མཐར་ཕྱིན་ལག་རྟགས་སྤྲོད་དགོས་པར་མ་ཟད། སློབ་མ་སློབ་གྲྭ་ནས་མ་བྲལ་གོང་སློབ་ཐོན་ལག་ཁྱེར་སྤྲོད་དགོས།  ཆོས་ལུགས་སློབ་གླིང་གི་སློབ་གནས་སྤྲོད་པའི་ཆ་རྐྱེན་དང་མཐུན་པ་ན། སློབ་གནས་སྤྲོད་མཁན་སྡེ་ཁག་གིས་ཆོས་ལུགས་སློབ་གླིང་གི་སློབ་གནས་སྤྲོད་པའི་འབྲེལ་ཡོད་གཏན་འབེབས་ལྟར་སློབ་གནས་ལག་ཁྱེར་སྤྲོད་དགོས། 
དོན་ཚན་ང་གསུམ་པ། ཆོས་ལུགས་སློབ་གྲྭས་སློབ་གཉེར་གྱི་དོན་དངོས་ལ་གཞིགས་ཏེ། འབྲེལ་ཡོད་གཏན་འབེབས་ལྟར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་ཞུགས་རོགས་དངུལ་ལམ་ལུགས་བཙུགས་ཏེ། སློབ་མར་རོགས་དངུལ་སྤྲོད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། 
དོན་ཚན་ང་བཞི་པ། ཆོས་ལུགས་སློབ་གླིང་གིས་གནས་ཚུལ་དངོས་ལ་གཞིགས་ནས་སློབ་མའི་སློབ་གྲྭ་བརྗེ་སྤོ་དང་། ཆེད་ལས་བསྒྱུར་བ། སྦྱོང་མཚམས་འཇོག་པ། སློབ་གྲྭར་བསྐྱར་ཞུགས་བཅས་ཀྱི་ལམ་ལུགས་བཙུགས་ཆོག་པ་མ་ཟད་ལག་ལེན་དུ་བསྟར་ཆོག 
དོན་ཚན་ང་ལྔ་པ། ཆོས་ལུགས་སློབ་གླིང་གི་སློབ་མས་སློབ་གྲྭའི་ནང་སློབ་མའི་ཚོགས་པ་སྒྲིག་འཛུགས་བྱེད་ཆོག་པ་དང་། བྱེད་ཐབས་འོས་འཚམ་གྱི་ཐོག་ནས་སློབ་གྲྭའི་དོ་དམ་ནང་ཞུགས་ཆོག  སློབ་མའི་ཚོགས་པས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སློབ་གླིང་གི་དོ་དམ་ལམ་ལུགས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་དགོས་པ་དང་། སློབ་གྲྭའི་འགོ་ཁྲིད་དང་དོ་དམ་དང་ལེན་བྱ་དགོས།
 དོན་ཚན་ང་དྲུག་པ། ཆོས་ལུགས་སློབ་གླིང་གིས་རྒྱལ་སྤྱིའི་སློབ་མ་བསྡུ་སྐབས། སློབ་གྲྭ་དེ་འཛུགས་མཁན་ཆོས་ལུགས་ཚོགས་པས《སློབ་གྲྭས་རྒྱལ་སྤྱིའི་སློབ་མ་བསྡུ་ལེན་དང་གསོ་སྐྱོང་བྱེད་པའི་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་དཔེ་བལྟས་ནས་ཞིབ་བཤེར་གཏན་འབེབས་བྱས་ཏེ་མོས་མཐུན་བྱུང་རྗེས། ཚོགས་པ་དེའི་ལས་སྒོ་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། 
དོན་ཚན་ང་བདུན་པ། ཆོས་ལུགས་སློབ་གླིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་སློབ་མ་བསྡུ་སྐབས། སློབ་གྲྭ་དེ་འཛུགས་མཁན་གྱི་ཆོས་ལུགས་ཚོགས་པས་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་གཏན་འབེབས་དང་མོས་མཐུན་བྱས་རྗེས། ཚོགས་པ་དེའི་ལས་སྒོ་གཙོ་སྐྱོང་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས། 
 དོན་ཚན་ང་བརྒྱད་པ། ཆོས་ལུགས་སློབ་གླིང་དུ་སློབ་སྦྱོང་བྱེད་ཀྱིན་པའི་རྒྱལ་སྤྱིའི་སློབ་མ་དང་དེ་བཞིན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་སློབ་མར་བྱེད་ཐབས་འདི་དང་ཆོས་ལུགས་སློབ་གྲྭའི་སློབ་གནས་སྤྲོད་པའི་འབྲེལ་ཡོད་གཏན་འབེབས་ལྟར་སློབ་གནས་སྤྲོད་དགོས། 
དོན་ཚན་ང་དགུ་པ། ཆོས་ལུགས་སློབ་གླིང་གིས་དགེ་རྒན་དང་ཡང་ན་སློབ་མ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མངགས་གཏོང་དང་ཆོས་ལུགས་སྤེལ་རེས་བྱེད་སྐབས། སློབ་གྲྭ་དེ་འཛུགས་མཁན་གྱི་ཆོས་ལུགས་ཚོགས་པ་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས། འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས། 
ལེའུ་དྲུག་པ། ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་འདྲེན་ཞུ་ཕྱོགས་སྐོར།
དོན་ཚན་དྲུག་བཅུ། ཆོས་ལུགས་སློབ་གླིང་གིས་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཆོས་ལུགས་རིག་གནས་དང་རིག་གཞུང་སྤེལ་རེས་བྱེད་ཆེད། ཁྲིམས་བཀོད་གོ་རིམ་ལྟར་འཆད་ཁྲིད་དང་སློབ་ཁྲིད་ཀྱི་ལས་འགན་འཁུར་བའི་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱས་ཆོག ཆོས་ལུགས་སློབ་གླིང་གིས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱེད་སྐབས། རང་ཉིད་གཙོ་བོར་འཛིན་པ་དང་། གདན་ཞུ་འོས་འཚམ་བྱེད་པ། སྤུས་ཚད་འགན་ལེན་བྱེད་པ། ཕན་འབྲས་དངོས་ལ་དོ་སྣང་བྱེད་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། 
དོན་ཚན་རེ་གཅིག  ཆོས་ལུགས་སློབ་གླིང་གིས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱ་རྒྱུའི་རེ་འདུན་ཞུ་བར་གཤམ་གྱི་ཆ་རྐྱེན་དང་མཐུན་དགོས།  
གཅིག སློབ་ཡུན་ལོ་གསུམ་ཡན་དང་སློབ་གྲྭ་བཙུགས་ནས་ལོ་བཞི་འགོར་ཞིང་། སློབ་ཁྲིད་ལ་དཔྱད་དཔོག་བྱས་འབྲས་ཚད་ལོན་པ། 
 གཉིས། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་ཞིང་། སློབ་གྲྭ་ལ་ཆེད་དུ་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་དོ་དམ་བྱེད་པའི་ལམ་ལུགས་ཡོད་པ། 
གསུམ། ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་ཡིས་ལས་ཀ་སྒྲུབ་པར་འགན་སྲུང་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡོད་པ།  
བཞི། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣས་ཀྲུང་གོའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་ལམ་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དང་། ཀྲུང་གོའི་ཆོས་ལུགས་རང་བཙན་རང་བདག་རང་སྒྲུབ་དང་ཆོས་ལུགས་ཁག་བར་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་ལ་བརྩི་འཇོག་བྱ་དགོས།  
ལྔ། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣར་སྒྲིག་འགལ་ཁྲིམས་འགལ་གྱི་ཟིན་ཐོ་མི་ལེགས་པ་མེད་པ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་རྩ་འཛུགས་དང་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་མྱོང་མེད་པ། ཀྲུང་གོར་ངོ་རྒོལ་བྱེད་པའི་གཏམ་བརྗོད་སྤེལ་མྱོང་མེད་པ། ཆོས་ལུགས་ཐལ་སྐྱོད་རིང་ལུགས་ལ་རྒྱབ་སྐྱོར་དང་། སྒྲོག་སྤེལ། རོགས་དངུལ་སྤྲོད་པ་བཅས་ཀྱི་བྱ་སྤྱོད་ཡོད་མི་ཆོག 
དྲུག གདན་ཞུ་བྱ་རྩིས་ཡོད་པའི་མི་སྣར་ཉེས་དོན་གྱི་བྱས་ཉེས་བསགས་པའི་ཟིན་ཐོ་དང་དུག་རྫས་འཐེན་པའི་བྱ་སྤྱོད་ཀྱི་ཟིན་ཐོ་ཡིད་མི་ཆོག 
བདུན། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣར་འགོས་ནད་མེད་པ་དང་སྨྱོ་ནད་སོགས་མེད་པ། 
བརྒྱད། གདན་ཞུ་ བྱ་རྩིས་ཡོད་པའི་མི་སྣས་བཅའ་ཁྲིམས་ཁྲིམས་སྲོལ་དང་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི་དང་འགལ་བའི་རྐྱེན་གྱིས་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་ལས་ཁུངས་ཀྱིས་གདན་ཞུ་མཚམས་བཞག་པ་དངཆད་གཅོད་བྱས་པའི་ཟིན་ཐོ་མེད་པ།  
དགུ། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣར་རབ་འབྱམས་པ་ཡན་གྱི་ཡོན་ཚད་ཡོད་པའམ་ཡང་ན་དེ་མཚུངས་ཀྱི་ཡོན་ཚད་ཡོད་ཅིང་། གདན་ཞུས་ལས་བསྐོ་བྱེད་རྩིས་ཡོད་པའི་རིག་གཞུང་ཚན་ཁག་གི་ཆེད་ལས་ཁྱབ་ཁོངས་སུ་ཡོན་ཚད་མཐོ་ཙམ་ཡོད་པ།  
བཅུ། གདན་ཞུ་བྱ་རྩིས་ཡོད་པའི མི་སྣར་ལས་གནས་ཀྱི་ཆ་རྐྱེན་དང་གཅིག་མཚུངས་ཡིན་པའི་སློབ་ཁྲིད་ནུས་པ་དང་ཆུ་ཚད་ཡོད་དགོས། 
དོན་ཚན་རེ་གཉིས། ཆོས་ལུགས་སློབ་གྲྭས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱ་རྒྱུའི་རེ་འདུན་ཞུ་བར་གཤམ་གསལ་གྱི་ཡིག་ཆ་འདོན་སྤྲོད་བྱ་དགོས།  
གཅིག རེ་འདུན་ཞུ་ཡིག་གི་ནང་དོན་དུ་གདན་ཞུས་བཀོལ་སྤྱོད་བྱེད་རྩིས་ཡོད་པའི་མི་སྣའི་མིང་ཐོ་དང་། ཁྲིད་བྱའི་སློབ་གཞི། སློབ་ཁྲིད་ཀྱི་དུས་ཚོད། སློབ་ཁྲིད་ཀྱི་ཡུན་ཚད་སོགས་དགོས་པ། 
གཉིས། གདན་ཞུས་མི་སྣ་དང་གན་རྒྱའི་ཡི་གེ་འཇོག་དགོས། 
གསུམ། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣའི་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་དང་། འབྲེལ་ཡོད་དཔང་ཡིག་གམ་དཔང་རྟགས་སྤྲོད་དགོས།  
བཞི། གདན་ཞུ་བྱ་རྩིས་ཡོད་པའི་མི་སྣའི་གཟུགས་གཞི་བདེ་ཐང་སྐོར་གྱི་གསལ་བཤད་ཞུ་རྒྱུ།  
ལྔ། འབྲེལ་ཡོད་ཆེད་ལས་ལས་ཁུངས་སམ་མི་སྣའི་འོས་སྦྱོར་དཔྱད་ཡིག་བཅས་ཡོད་དགོས། 
དོན་ཚན་རེ་གསུམ་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་གིས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བྱེད་རེ་ཞུ་སྐབས། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་འབུལ་དགོས་པ་དང་། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་རེ་འདུན་ཞུ་དགོས། ས་གནས་རང་བཞིན་ ་གྱི་ཆོས་ལུགས་སློབ་གླིང་གིས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱེད་རེ་ཞུ་སྐབས། སློབ་གྲྭ་དེ་འཛུགས་མཁན་གྱི་ཆོས་ལུགས་ཚོགས་པ་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་བསམ་འཆར་བཏོན་རྗེས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་རེ་འདུན་ཞུ་དགོས།  རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་རེ་འདུན་ཞུ་ཡིག་བདག་སྤྲོད་བྱས་ཉིན་ནས་ཉིན་ཉི་ཤུའི་ནང་ཚུན་དུ། ཆོག་མཆན་འགོད་མིན་ཐག་གཅོད་དགོས། 
 དོན་ཚན་རེ་བཞི་པ། ཕྱི་རྒྱལ་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱེད་རྩིས་ཡོད་པའི་ཆོས་ལུགས་སློབ་གླིང་ལ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཆོག་མཆན་ཐོབ་རྗེས། ས་གནས་དེ་གའི་ཕྱི་རྒྱལ་བའི་ལས་དོན་དོ་དམ་སྡེ་ཁག་ལ་ཕྱི་རྒྱལ་བ་ཀྲུང་གོར་ལས་ཀ་བྱེད་དུ་ཡོང་ཆོག་པའི་རེ་ཞུ་བྱ་དགོས་པ་དང་། 《ཕྱི་རྒྱལ་བའི་ལས་ཀའི་ཆོག་འཐུས་བརྡ་ཐོ་》ལེན་དགོས།  གདན་ཞུ་དང་ལེན་ཞུས་པའི་ཕྱི་རྒྱལ་གྱི་ཆེད་ལས་མི་སྣས་《ཕྱི་རྒྱལ་བའི་ལས་ཀའི་ཆོག་འཐུས་བརྡ་ཐོ་》དང་འབྲེལ་ཡོད་དཔྱད་ཡིག་གཞན་དག་འཁྱེར་ཏེ། ཕྱི་རྒྱལ་དུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་འཐུས་མཆན་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ལ་Zཡི་ཡི་གེའི་འཐུས་མཆན་འགོད་པའི་འགྲོ་ལུགས་འགྲིམ་རེ་ཞུ་དགོས། རྒྱལ་ཁོངས་སུ་ཡོང་རྗེས་ད་དུང་ཁྲིམས་ལྟར་ཀྲུང་གོར་ལས་ཀ་དང་བཅའ་སྡོད་ཀྱི་འབྲེལ་ཡོད་འགྲོ་ལུགས་ཀྱང་བསྒྲུབ་དགོས།         
 དོན་ཚན་རེ་ལྔ་པ། ཆོས་ལུགས་སློབ་གླིང་གིས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་ཆོས་ལུགས་སློབ་གླིང་དུ་འཆད་ཁྲིད་བྱེད་པར་གདན་འདྲེན་ཞུ་དགོས་ན། དུས་ཚོད་ཉིན་གཉིས་ཀྱི་ནང་ཚུན་དང་སློབ་ཁྲིད་ཀྱི་དུས་ཚོད་བསྡོམས་འབོར་སློབ་ཚན་དྲུག་ལས་བརྒལ་མི་རུང་། ཀྲུང་གོར་ཡོང་ནས་སྤེལ་རེས་དང་འཚམས་འདྲིར་ཕེབས་པའི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།  
དོན་ཚན་རེ་དྲུག་པ། ཆོས་ལུགས་སློབ་གླིང་གིས་གདན་ཞུ་བྱེད་རྩིས་ཡོད་པའི་ཕྱི་རྒྱལ་གྱི་ཆེད་ལས་མི་སྣའི་ཆེད་ལས་བྱང་ཚད་དང་། ཐོབ་ཐང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་ལ་རྒྱུས་ལོན་ཞིབ་འཕྲ་གནང་སྟེ། གདན་ཞུ་དང་ལེན་བྱས་པའི་ཕྱི་རྒྱལ་གྱི་ཆེད་ལས་མི་སྣར་དགོས་ངེས་ཀྱི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ་དང་། དེའི་སློབ་ཁྲིད་ནང་དོན་དང་བེད་སྤྱོད་བྱེད་པའི་སློབ་དེབ་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་མ་ཟད། སློབ་ཁྲིད་ཀྱི་དཔྱད་དཔོག་ལས་ཀ་སྤེལ་དགོས།
 དོན་ཚན་རེ་བདུན་པ། གདན་ཞུ་དང་ལེན་བྱས་པའི་ཕྱི་རྒྱལ་གྱི་ཆེད་ལས་མི་སྣས་རང་རྒྱལ་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བརྩི་སྲུང་དང་། རང་རྒྱལ་གྱི་ཆོས་ལུགས་རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་ལ་བརྩི་འཇོག སློབ་གླིང་གི་སྒྲིག་ལམ་ལ་བརྩི་སྲུང་བཅས་བྱ་དགོས་པ་ལས། རང་མོས་ལྟར་ཐོབ་ཐང་དང་མི་མཐུན་པའི་བྱེད་སྒོ་སྤེལ་མི་ཆོག 
 དོན་ཚན་རེ་བརྒྱད་པ། ཆོས་ལུགས་སློབ་གླིང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་ཆེད་ལས་མི་སྣ་གདན་ཞུ་བྱས་ཏེ་སློབ་ཁྲིད་བྱེད་དུ་འཇུག་སྐབས་གོང་གི་སྒྲིག་སྲོལ་ གཏན་འབེབས་ལྟར་ལག་བསྟར་བྱ་དགོས། 
ལེའུ་བདུན་པ། ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་སྐོར།
 དོན་ཚན་རེ་དགུ་པ། ཆོས་ལུགས་སློབ་གླིང་གི་ཆོས་ལུགས་ཚོགས་པ་འཛུགས་སྐབས་གཤམ་གྱི་འགན་འཁྲི་དག་འཁུར་དགོས།  
གཅིག ཆོས་ལུགས་སློབ་གླིང་གིས་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་མཛུབ་སྟོན་དང་ལྟ་རྟོག་བྱེད་པ།  
གཉིས། ཆོས་ལུགས་སློབ་གླིང་གི་དོ་དམ་སྐོར་དང་འབྲེལ་བའི་སྒྲིག་ལམ་གཏན་འབེབས་བྱེད་པ་དང་འབྲེལ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
 གསུམ། ཆོས་ལུགས་སློབ་གླིང་གིས་སྒྲིག་ཡིག་གཏན་འབེབས་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས། 
བཞི། ཆོས་ལུགས་སློབ་གླིང་རྒྱུན་ལྡན་འཁོར་སྐྱོད་ཐུབ་པར་ མ་དངུལ་གྲབས་གསོག་བྱེད་དགོས།  
ལྔ། ཆོས་ལུགས་སློབ་གླིང་གིས་ནོར་དོན་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་ལྟ་རྟོག་བྱེད་དགོས།  
དྲུག ཆོས་ལུགས་འདིའི་འདུལ་ཁྲིམས་དང་སྡོམ་ཁྲིམས་ཀྱི་ཆོ་ག་ལྟར་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་ཐབས་བྱ་རྒྱུའི་རྩ་དོན་ལྟར། ཆོས་ལུགས་སློབ་གླིང་གི་ཆེད་ལས་སློབ་ཚན་སློབ་ཁྲིད་དང་ཆོས་ལུགས་ལག་ལེན་གྱི་བྱེད་སྒོ་སྤེལ་བར་ཁྲིད་སྟོན་དང་ལྟ་སྐུལ་བྱ་དགོས། 
བདུན། ཆོས་ལུགས་སློབ་གླིང་གིས་སློབ་སྒྲུབ་སྤུས་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་དགོས། 
བརྒྱད། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སོགས་སྤྲོད་པའི་རྣམ་པར་བརྟེན་ནས་ཕུལ་བྱུང་སློབ་མ་དང་དགེ་རྒན་ལ་བྱ་དགའ་སྤྲོད་དགོས། 
དགུ། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། ཆོས་ལུགས་ཚོགས་པའི་སྒྲིག་སྲོལ་བཅས་སུ་གཏན་འབེབས་བྱས་པའི་ཁྲིད་སྟོན་དང་དོ་དམ་བྱ་དགོས་པའི་དོན་ཚན་གཞན་དག 
 དོན་ཚན་བདུན་ཅུ་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཡིས་དོན་ཚན་རེ་དགུ་པའི་གཏན་འབེབས་ཀྱི་འགན་འཁྲི་འཁུར་དགོས་པ་ལས་གཞན། ད་དུང་གཤམ་གྱི་འགན་འཁྲི་དག་བསྒྲུབ་དགོས། 
གཅིག  ཆོས་ལུགས་སློབ་གླིང་གིས་སློབ་གནས་སྤྲོད་པའི་འབྲེལ་ཡོད་གཏན་འབེབས་ལྟར། སློབ་གནས་སྤྲོད་པའི་ལག་བསྟར་ཞིབ་སྲོལ་བཟོ་བ་དང་། སློབ་གནས་སྤྲོད་པའི་ལས་དོན་ཚོགས་ཆུང་འཛུགས་པ། ཆོས་ལུགས་སློབ་གླིང་གི་སློབ་གནས་སྤྲོད་པའི་ཐོབ་ཐང་གཏན་འཁེལ་བྱེད་པའི་ལས་དོན་སྤེལ་དགོས།
 གཉིས། ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་དང་གོ་མིང་ཞིབ་དཔྱད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་དང་གོ་མིང་ཞིབ་དཔྱད་ཀྱི་ལག་བསྟར་ཞིབ་སྲོལ་བཟོ་བ་དང་། ངོས་འཛིན་དང་ཞིབ་དཔྱད་ལས་དོན་ཚོགས་ཆུང་འཛུགས་པ། ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱི་འོས་བབ་ངོས་འཛིན་དང་གོ་མིང་ཞིབ་དཔྱད་ཀྱི་ལས་དོན་སྤེལ་དགོས། 
གསུམ། ཆོས་ལུགས་སློབ་གླིང་གི་རིག་གཞུང་ཚན་ཁག་དང་ཆེད་ལས་གསར་འཛུགས། ལེགས་སྒྲིག་བཅས་བྱེད་པར་ཞིབ་བཤེར་བྱ་དགོས།  
བཞི། ཆོས་ལུགས་སློབ་གླིང་གི་ཆེད་ལས་སློབ་ཚན་གྱི་སློབ་ཚན་མ་ལག་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ་དང་། ཆོས་ལུགས་སློབ་གླིང་གི་ཆེད་ལས་སློབ་ཚན་གྱི་སློབ་དེབ་གཅིག་གྱུར་གྱིས་རྩོམ་སྒྲིག་བྱ་རྒྱུ་སྒྲིག་འཛུགས་དང་། ཆོས་ལུགས་སློབ་གླིང་གི་ཆེད་ལས་སློབ་ཚན་གྱི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་ལས་ཀ་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱ་དགོས། 
ལྔ། ཆོས་ལུགས་སློབ་གླིང་གི་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞིའམ་ཡང་ན་བྱ་སྤྱོད་ཚད་གཞི་བཟོས་ནས་ལྡོག་ཕྱོགས་ཀྱི་ཞིབ་ཐོ་ཁ་གསལ་བཟོ་དགོས།
 དྲུག ས་གནས་རང་བཞིན་གྱི་ཆོས་ལུགས་སློབ་གླིང་གིས་སྙན་སེང་ཞུས་པའི་དོན་ཚན་ཞིབ་བཤེར་བྱ་དགོས། 
བདུན། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། ཚོགས་པ་དེའི་སྒྲིག་ལམ་བཅས་སུ་གཏན་འབེབས་བྱས་པའི་ཁྲིད་སྟོན་དང་དོ་དམ་བྱ་དགོས་པའི་དོན་ཚན་གཞན་དག
དོན་ཚན་དོན་གཅིག་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་གཞིར་བཟུང་སྟེ། ཆོས་ལུགས་སློབ་གླིང་གི་གཤམ་གསལ་དོན་དག་ལ་མཛུབ་སྟོན་དང་དོ་དམ་བྱ་དགོས།  
གཅིག ཆོས་ལུགས་སློབ་གླིང་འཛུགས་རྒྱུ་དང་། བསྒྱུར་རྒྱུ། ཟླ་སྒྲིལ་གཏོང་རྒྱུ། སོ་སོར་འཛུགས་རྒྱུ། མཚམས་འཇོག་རྒྱུ་བཅས་ལ་ཐོག་མའི་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ་དང་། དེ་བཞིན་སྒྲིག་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས། 
གཉིས། ཆོས་ལུགས་སློབ་གླིང་གིས་ཁྲིམས་ལྟར་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཆོག་མཆན་འགོད་རེ་ཞུ་བའི་དོན་ཚན་ལ་ཐོག་མའི་ཞིབ་བཤེར་ཆོག་མཆན་འགོད་པ་དང་། ལྟ་སྐུལ་བྱེད་པ། དོ་དམ་སོགས་བྱེད་དགོས། 
གསུམ། ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གླིང་འཛུགས་པར་རྒྱབ་སྐྱོར་དང་། ཁྲིད་སྟོན། དོ་དམ་བཅས་བྱེད་པའི་འགན་འཁྲི་འཁུར་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།  
བཞི། རིགས་གཅིག་མཁས་པ་སྒྲིག་འཛུགས་བྱེད་པའམ་ཡང་ན་ཕྱོགས་གསུམ་པའི་ཆེད་ལས་ལས་ཁུངས་ལ་ཆོས་ལུགས་སློབ་གྲྭའི་སློབ་གཉེར་ཆུ་ཚད་དང་། ཕན་འབྲས། སློབ་གསོའི་སྤུས་ཚད་བཅས་ལ་དཔྱད་དཔོག་བྱ་རྒྱུའི་མངག་བཅོལ་གནང་དགོས། 
ལྔ། ཆོས་ལུགས་སློབ་གླིང་གིས་སྤྱི་པའི་སློབ་ཚན་གྱི་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། 
དྲུག ཆོས་ལུགས་སློབ་གླིང་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་ལེགས་པོ་བྱེད་པར་མཛུབ་སྟོན་བྱེད་དགོས། 
བདུན། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་གཏན་འབེབས་བྱས་པའི་ཁྲིད་སྟོན་དང་དོ་དམ་བྱ་དགོས་པའི་དོན་ཚན་གཞན་དག 
དོན་ཚན་དོན་གཉིས་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་དངོས་ཡོད་བྱ་བའི་དགོས་མཁོ་ལྟར། སློབ་གསོ་ལྟ་སྐུལ་སློབ་སྟོན་མི་སྣ་བདམས་མངག་བྱས་ཏེ། ཆོས་ལུགས་སློབ་གླིང་གི་གཤམ་གྱི་ལས་དོན་ཁག་ལ་སློབ་གསོ་ལྟ་སྐུལ་སློབ་སྟོན་གྱི་ལས་ཀ་སྤེལ་དགོས། 
གཅིག ཆོས་ལུགས་སློབ་གླིང་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་ཁྲིད་དང་ཞིབ་འཇུག་བྱེད་སྒོ་སྤེལ་བའི་གནས་ཚུལ།  
གཉིས། དགེ་སློབ་དང་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་སློབ་གསོ་དང་སློབ་ཁྲིད་ཀྱི་གླེང་མང་བའི་གནད་དོན།  
གསུམ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའམ་གནོད་འཚེ་བཏང་བའི་ཐོལ་བྱུང་གི་དོན་རྐྱེན། 
བཞི། དགེ་སློབ་ཀྱི་བདེ་འཇགས་དང་། ཁྲིམས་མཐུན་ཁེ་དབང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྒྲིག་ལམ་སོགས་ཐད་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཐོལ་བྱུང་དོན་རྐྱེན། 
ལྔ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་བསྒྲུབ་རྒྱུར་སྤྲད་པའི་ལས་དོན་དོན་འཁྱོལ་བྱས་ཚུལ། 
དྲུག ཆོས་ལུགས་སློབ་གྲྭའི་སྤྱི་པའི་སློབ་ཚན་གྱི་སློབ་ཁྲིད་གནས་ཚུལ་དང་། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་ཀྱི་ཕན་འབྲས།  སློབ་གསོ་ལྟ་སྐུལ་སློབ་སྟོན་མི་སྣ་གདན་ཞུས་ལས་བསྐོ་དང་སློབ་གསོ་ལྟ་སྐུལ་སློབ་སྟོན་བྱེད་སྐབས་སྤྱད་ཆོག་པའི་དབང་ཆ་དེ་རྒྱལ་ཁབ་སློབ་གསོ་ལྟ་སྐུལ་སློབ་སྟོན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། 
དོན་ཚན་དོན་གསུམ་པ། ཆོས་ལུགས་སློབ་གླིང་གི་གཤམ་གསལ་དོན་ཚན་དག་སློབ་གླིང་འདི་འཛུགས་པའི་ཆོས་ལུགས་ཚོགས་པ་ལ་ཞུས་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས། ཆོས་ལུགས་ཚོགས་པ་དེས་རང་གི་ལས་སྒོ་གཙོ་སྐྱོང་སྡེ་ཚན་ལ་ཞིབ་བཤེར་གཏན་འབེབས་དང་མོས་མཐུན་ཡོང་རེ་ཞུ་དགོས། 
 གཅིག སློབ་གླིང་འདིའི་ཁྲིམས་བཀོད་འཐུས་ཚབ་པ་དང་། འགན་འཁུར་པ་གཙོ་བོ་སོགས་སློབ་གླིང་གི་འགོ་ཁྲིད་ཁོངས་མི་དང་། ལས་འཛིན་པའི་ལྷན་ཚོགས། ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་བཅས་ལེགས་སྒྲིག་བྱ་རྒྱུ་དང་། ལས་འཛིན་པའི་ལྷན་ཚོགས་སམ་ལས་འཛིན་ལྷན་ཚོགས་སྐོང་འཚོག་བྱ་རྒྱུ། སློབ་གླིང་གི་སྒྲིག་ཡིག་གམ་འགོ་འཛིན་ལྷན་ཚོགས་དང་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་རྒྱག་དགོས། 
གཉིས། གྲོས་ཚོགས་གལ་ཆེན་དང་། གསོ་སྐྱོང་སྦྱོང་བརྡར། རིག་གཞུང་སྤེལ་རེས། ཕྱི་ཕྱོགས་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ། 
གསུམ། བྱེད་སྒོ་སྤེལ་སྐབས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་དེ་རྒྱབ་སྐྱོར་སྡེ་ཁག་གམ། མཛུབ་སྟོན་སྡེ་ཁག གཙོ་གཉེར་སྡེ་ཁག་ཡིན་དགོས། 
བཞི། ཕྱི་རྒྱལ་གྱི་རྩ་འཛུགས་སམ་མི་སྒེར་གྱིས་ཆོས་ལུགས་ཀྱི་དཔེ་དེབ་དང་སྒྲ་ཕབ་བརྙན་ཕབ་ཀྱི་རིགས་ཞལ་འདེབས་སུ་ཕུལ་ བའི་དངུལ་གྲངས་སྒོར་ཁྲི་བཅུ་ལས་བརྒལ་བ། 
ལྔ། ཆོས་ལུགས་ཚོགས་པས་ཡར་ཞུ་བྱས་པའི་ལས་སྒོའི་གཙོ་སྐྱོང་སྡེ་ཁག་ལ་ཞིབ་བཤེར་དང་མོས་མཐུན་ཡོང་བའི་དོན་ཚན་གཞན་དག བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཞིབ་བཤེར་ཆོག་མཆན་འགོད་དུ་འཇུག་དགོས་པའི་རིགས་ཆོས་ལུགས་སློབ་གླིང་གིས་ཁྲིམས་ལྟར་བསྒྲུབ་དགོས། 
དོན་ཚན་དོན་བཞི་པ། ཆོས་ལུགས་སློབ་གླིང་གིས་གཤམ་གསལ་དོན་ཚན་དག་སློབ་གླིང་དེ་འཛུགས་མཁན་ཆོས་ལུགས་ཚོགས་པ་ལ་དུས་ཐོག་ཏུ་ཡིག་ཐོག་ནས་སྙན་སེང་ཞུ་དགོས་ཤིང་། ཆོས་ལུགས་ཚོགས་པ་དེ་ཉིད་ཀྱིས་རང་གི་ལས་སྒོ་གཙོ་སྐྱོང་སྡེ་ཚན་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས།
 གཅིག ལས་ཀའི་འཆར་འགོད་དང་། ལོ་འཁོར་གྱི་ལས་ཀའི་འཆར་གཞི། ལོ་འཁོར་གྱི་ལས་ཀའི་ཕྱོགས་བསྡོམས། ལོ་འཁོར་གྱི་ནོར་དོན་སྙན་ཞུ།  
གཉིས། ནོར་དོན་འགྲོ་སོང་འབོར་ཆེན་དང་། རྒྱུ་ནོར་འབོར་ཆེན་ཐག་གཅོད། འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་ཀྱི་བཀོད་སྒྲིག 
གསུམ། བདེ་འཇགས་ཐད་ཀྱི་དོན་རྐྱེན་བྱུང་ནས་མི་ཤི་རྨས་བྱུང་བའམ་རྒྱུ་ནོར་ལ་གྱོང་གུན་ཕོག་པ།  
བཞི། སློབ་གླིང་ནང་ཁུལ་ལམ་ཡང་ན་ཕྱོགས་གཞན་དག་བར་འགལ་བ་དང་རྩོད་གཞི་བྱུང་སྟེ། སློབ་གླིང་གི་ལས་དོན་རྒྱུན་ལྡན་ངང་སྤེལ་བར་ཤུགས་རྐྱེན་ཐེབས་པ།
 ལྔ། ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཚབས་ཆེན་བྱུང་བ། 
དྲུག ཆོས་ལུགས་ཚོགས་པས་རང་གི་བྱེད་སྒོ་གཙོ་སྐྱོང་སྡེ་ཚན་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས་པའི་དོན་དག་གཞན་དགདམིགས་བསལ་གྱི་གནས་ཚུལ་འོག་དུས་ཐོག་ཏུ་ཡིག་ཐོག་ནས་སྙན་སེང་ཞུ་མ་ཐུབ་ཚེ་སྔོན་ལ་ངག་ཐོག་ནས་སྙན་སེང་ཞུ་དགོས། 
ལེའུ་བརྒྱད་པ། ཁྲིམས་འགན་འཁུར་བའི་སྐོར། 
དོན་ཚན་དོན་ལྔ་པ། གཞུང་སྒྲུབ་མི་སྣས་ཆོས་ལུགས་སློབ་གླིང་གི་དོ་དམ་ལས་ཀ་སྒྲུབ་རིང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་པར་ཆད་པ་གཅོད་དགོས་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།
 དོན་ཚན་དོན་དྲུག་པ། རང་མོས་ལྟར་ཆོས་ལུགས་སློབ་གླིང་བཙུགས་པར། 《ཆོས་ལུགས་ལས་དོན་སྲོལ་ཡིག་》གི་དོན་ཚན་རེ་དགུ་པའི་གཏན་འབེབས་ལྟར་ཆད་པ་གཅོད་དགོས། 
དོན་ཚན་དོན་བདུན་པ། ཆོས་ལུགས་སློབ་གླིང་གིས་བྱེད་ཐབས་འདིའི་གཏན་འབེབས་དང་འགལ་ནས་ཁྲིམས་ལྟར་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་མེད་ན། 《ཆོས་ལུགས་ལས་དོན་སྲོལ་ཡིག་》གི་དོན་ཚན་རེ་ལྔ་པ་ལྟར་ཆད་པ་གཅོད་དགོས།  
དོན་ཚན་དོན་བརྒྱད་པ། ཆོས་ལུགས་སློབ་གླིང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནོར་དོན་དང་། རྩིས་གཉེར། རྒྱུ་ནོར། ཁྲལ་བསྡུ་དོ་དམ་གྱི་གཏན་འབེབས་ལས་འགལ་རིགས་ལ《ཆོས་ལུགས་ལས་དོན་སྲོལ་ཡིག》གི་དོན་ཚན་རེ་བདུན་པར་གཞིགས་ནས་ཆད་པ་གཅོད་དགོས།  
དོན་ཚན་དོན་དགུ་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གླིང་གི་འབྲེལ་ཡོད་འགན་འཁྲི་ལ་རྒྱབ་སྐྱོར་དང་། ཁྲིད་སྟོན། དོ་དམ་བྱས་མེད་ན། མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་ཁུར་པ་གཙོ་བོར་ཁ་ཏ་བྱ་དགོས། བྱས་ཉེས་ཚབས་ཆེན་ཡིན་ན། བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པ་དང་དུས་བཀག་ལྟར་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས།  
དོན་ཚན་བརྒྱད་ཅུ་པ། ཆོས་ལུགས་ལས་དོན་སྡེ་ཁག་གི་སྲིད་འཛིན་བྱ་སྤྱོད་བློར་མ་བབས་ན། ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུས་ཆོག་པ་དང་། སྲིད་འཛིན་བསྐྱར་གྲོས་བྱས་འབྲས་ཀྱི་ཆོད་དོན་བློར་མ་བབས་ན་ཁྲིམས་ལྟར་སྲིད་འཛིན་གཏུག་བཤེར་བྱས་ཆོག 
ལེའུ་དགུ་པ། ཞར་བྱུང་དོན་ཚན།
དོན་ཚན་གྱ་གཅིག་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་བྱེད་ཐབས་འདིར་འགྲེལ་བཤད་རྒྱག་འགན་འཁུར་དགོས།  
དོན་ཚན་གྱ་གཉིས་པ། བྱ་ཐབས་འདིར་མ་བསྒྲུབས་པའི་བྱ་བ་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།  
དོན་ཚན་གྱ་གསུམ་པ། བྱེད་ཐབས་འདི་2021ལོའི་ཟླ་9བའི་ཚེས་1ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད། 1998ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དང་། རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཆེད་ལས་མཁས་པ་ཅུས། སྤྱི་བདེ་པུའུ་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི་《ཆོས་ལུགས་སློབ་གྲྭས་ཕྱི་རྒྱལ་གྱི་ཆེད་ལས་མི་སྣ་གདན་ཞུས་བཀོལ་སྤྱོད་བྱེད་ཐབས་》དང་2007ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་《ཆོས་ལུགས་སློབ་གླིང་གསར་འཛུགས་བྱ་ཐབས་》སོགས་དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།