ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གསར་ཤོས།

[ཟླ་ཚེས། 2022-10-03 10:26:02][རྩོམ་པ་པོ། ][རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།][ཀློག་གྲངས། ]

རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ་12པའི་ཚེས་3ནས་4ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཐོག རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་བྱ་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་གནས་སྟངས་གསར་པ་ཧུར་བརྩོན་ཆེན་པོས་གཏོད་པ། ཆོས་དད་མང་ཚོགས་རྣམས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྒྲིག་འཛུགས་དང་ཁྲིད་སྟོན་དེ་བས་ཡག་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག 
          ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལོ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད། 
          ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་པོ་བྱས་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གསར་གཏོད་ལ་སྐུལ་འདེད་བཏང་བས། ཕན་འབྲས་ཡག་པོ་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་སྒྲིག་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། ཆོས་ལུགས་ལས་དོན་གྱི་བཅའ་ཁྲིམས་མ་ལག་དང་སྲིད་ཇུས་སྒྲོམ་གཞི་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་ཚད་རིམ་པས་གཏིང་ཟབ་ཏུ་ཕྱིན་ཡོད། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གཏོང་བ་དང་།  གནས་བབ་ཧྲིལ་པོར་སྣང་ཆེན་དང་། ཁྲིམས་སྐྱོང་ལ་སྣང་ཆེན། ཚན་རིག་ལ་སྣང་ཆེན། གཅེས་སེམས་ལ་སྣང་ཆེན་བཅས་བྱེད་ཅིང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་བསྟན་འདུག 
          ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་བྱ་ཐབས་གསར་པ་རབ་དང་རིམ་པ་བཏོན་ཡོད་པ་དང་། དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་ལུགས་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་ཚུལ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོ་བསྒྲུབ་དགོས་ཚུལ་སོགས་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ལན་བརྒྱབ་ཡོད། ངེས་པར་དུ་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོའི་ནང་ཟིན་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་། ངེས་པར་དུ་ནུས་ཡོད་ཀྱི་འགོ་ཁྲིད་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་ལུགས་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས་པ། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ། ངེས་པར་དུ་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། ངེས་པར་དུ་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་དགོས་པ། ངེས་པར་དུ་ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་དགོས་པ། ངེས་པར་དུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག 
          ཞི་ཅིན་ཕིང་གིས། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར་བྱ་དགོས་པ་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་། ཆོས་ལུགས་བྱ་དོན་ལ་ཁྲིམས་ལྟར་དོ་དམ། རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ལས་དོན་དེ་ཡིན། ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་དང་དད་པ་མི་བྱེད་མཁན་མང་ཚོགས་ཀྱི་ཆབ་སྲིད་ཐོག་དང་དཔལ་འབྱོར་ཐོག་གི་གཞི་རྩའི་ཁེ་ཕན་ནི་གཅིག་མཚུངས་ཡིན་ཞིང་། ཚང་མ་ནི་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་རྨང་གཞི་ཡིན། ཆོས་དད་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་ཆོས་དད་མང་ཚོགས་དང་མཐུན་སྒྲིལ་བྱ་དགོས་ལ། ངང་རིང་ཞིབ་ཚགས་ཀྱིས་ཆོས་དད་མང་ཚོགས་ཐད་ཀྱི་ལས་དོན་བསྒྲུབ་དགོས། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་པས། ཁོ་ཚོས་ལས་དོན་བསྒྲུབ་རྒྱུར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་། ཁོ་ཚོས་ཆོས་ལུགས་ནང་ཁུལ་བྱ་དོན་ནང་ཐོན་པའི་ནུས་པར་བརྩི་བཀུར་དང་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བསྟན་འདུག 
          ཞི་ཅིན་ཕིང་གིས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་འགྱུར་བ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ནང་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་བ་དང་། དམིགས་ས་ཡོད་པའི་ཐོག་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས།  སྤྱི་ཚོགས་རིང་ལུགས་གོང་འཕེལ་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་རིག་གནས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱ་དགོས། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། དྲ་སྦྲེལ་གྱི་ཆོས་ལུགས་བྱ་དོན་ཐད་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས་ཞེས་ནན་སྟོན་གནང་འདུག 
          ཞི་ཅིན་ཕིང་གིས། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་སྡོམ་བཅས་ལ་ཤུགས་སྣོན་དང་། ཁྱོན་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བ་དང་། ཁྲིམས་སྲུང་སྒྲིག་བཀུར་གྱི་སྣེ་ཁྲིད་པ་བྱེད་པ། ཆོས་ལུགས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་མཉམ་སྡེབ་ཀྱི་ཁོངས་མིར་དམངས་གཙོའི་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། ཆོས་ལུགས་བྱེད་སྒོ་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་སྤེལ་དགོས་པ་དང་། སྤྱི་དམངས་ཀྱི་གཟུགས་གཞིའི་བདེ་ཐང་ལ་གནོད་འཚེ་བཟོས་མི་ཆོག་པ། སྤྱི་སྒྲིག་སྲོལ་བཟང་ལ་རྒྱབ་འགལ་བྱས་མི་ཆོག་པ། སློབ་གསོ་དང་། ཁྲིམས་འཛིན། སྲིད་འཛིན་འགན་ནུས། སྤྱི་ཚོགས་འཚོ་བ་བཅས་ལ་ཐེ་ཇུས་བྱས་མི་ཆོག་ཅེས་བསྟན་འདུག
          ཞི་ཅིན་ཕིང་གིས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ཁོང་དུ་ཆུད་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ། ཆོས་དད་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས། ཁོང་ཚོར་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཆོས་ལུགས་ཀྱི་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་སྟེ་ཁོ་ཚོའི་ཁྲིད་སྟོན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་ཚང་མའི་ཁས་ལེན་ཐོབ་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་སྒྲིག་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་རོགས་འདེགས་བྱེད་པ། ཆོས་ལུགས་ཀྱིས་རང་གཅུན་བྱེད་པ་བཅས་ཀྱི་ཆོས་ལུགས་བྱ་དོན་བཅོས་སྐྱོང་གི་རྣམ་པ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་བྱ་དོན་དང་འབྲེལ་བ་ཡོད་པའི་འབྲེལ་བ་གལ་ཆེན་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་དང་། དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་འདུག 
          ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་ཡོད་པ་དང་། ཆོས་ལུགས་ལས་དོན་གྱི་མདུན་དུ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་ཅིང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་རྒྱས་བཤད་ཆ་ཚང་པོ་གནང་ཡོད་ལ། རང་རྒྱལ་གྱི་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་དགོངས་པ་དང་། འཐབ་ཇུས་དམིགས་འབེན། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཀྱང་ཁ་གསལ་བཏོན་གནང་ཡོད་པས། དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེ་ནི་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞིང་། དེས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གསུང་བཤད་འདིར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་ཡོད། 
          ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་ཆེན་མོར་གཞིགས་པ་དང་འཕེལ་ཕྱོགས་ཆེན་པོར་དམིགས་པ། ཁ་ཕྱོགས་གསལ་སྟོན་དང་ཇུས་གཞི་ཆེན་པོ་བཏོན་གནང་ཡོད་ཅིང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ཡོད། དེ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་ལག་ལེན་གྱི་ཕྱོགས་བསྡོམས་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གསར་ཤོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་ཀྱི་གོང་འཕེལ་གསར་ཤོས། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་རྩ་གནད་བཅས་རེད། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་གོ་བ་ལེན་པ་དང་དེ་ལག་ལེན་བསྟར་བ། ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཐོག སློབ་སྦྱོང་དང་། བསམ་གཞིགས། བེད་སྤྱོད། ལག་ལེན་བཅས་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་ཐག་གཅོད་མཁས་པོ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་དང་འཚམ་མཐུན་ཡོང་བ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་སྒྲོག་འགྲེལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལག་བསྟར་བསམ་འཆར་བཟོ་བ། ལས་ཀའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས།་ཞེས་བསྟན་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། 
          ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་ཆོས་ལུགས་ལས་དོན་གྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞིའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།