གཡུ་རི་བཤད་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་དགེ་བཤེས་མཛད་སྒོ།
[ཟླ་ཚེས། 2022-08-10 21:17:29][རྩོམ་པ་པོ། སྐབས་གཉིས་པའི་དགེ་བཤེས་གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བླ་ཁྲི་གཡུང་དྲུང་བོན་གཡུ་རི་ཆེས་མཐོའི་བཤད་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།
མཚན་བརྗོད་པར་དཀའ་བ་སྐྱབས་རྗེ༧བདེ་བར་གཤེགས་པ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས། བླ་ཁྲི་རྒྱལ་བ་གཡུང་དྲུང་འཁྲུལ་ཞིགས་ཕེབས་སའི་ས་གནས་བྱིན་ཆེན་བླ་ཁྲི་གཡུ་ཁྱུང་ནང་དུ། སྔར་ཡོད་དགོན་པའི་མལ་གདན་འགབ་ཀྱི་མན་དལ་ཐང་དུ་བླ་ཁྲི་གཡུ་རིའི་བཤད་གྲྭ་ཕྱག་བཏབ་སྟེ་མ་འོངས་འབྱུང་འགྱུར་བཤད་སྒྲུབ་ཀྱི་བསྟན་པ་དར་རྒྱུ་ཡོད་པའི་ཞལ་བཞེས་གནང་། དེ་རྗེས་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་ཡབ་སྲས་དང་། ལྷོ་ཁོག་བོན་དགོན་ཁག་གི་དབུ་བླ་ལས་འཛིན་ལྷན་རྒྱས་མ་གྲོས་ཐུགས་བསམ་གཅིག་མཐུན་གྱིས་བཤད་གྲྭ་མཉམ་འཛུགས་དགོས་པའི་ཐུགས་གྲོས་གཞིར་བཟུང་འོག ཉེ་བའི་ལོ་ངོ་བཅོ་ལྔ་ཙམ་གྱི་སྔོན་ནས་གྲུབ་ཆེན་རིན་པོ་ཆེ་དང་བླ་ཁྲི་རྒྱལ་བ་གཡུང་དྲུང་། དགེ་བཤེས་བསོད་ནམས་ཕུན་ཚོགས། མང་སྤྲུལ་བསོད་ནམས་གཡུང་དྲུང་། སྐམ་ཚང་ཡེ་ཤེས་རང་ཤར། དཔོན་རྒན་ཏི་སེ་རྒྱལ་བ། སྨན་སྤྲུལ་བློ་གྲོས་ཉི་མ། དགེ་བཤེས་ཕུན་ཚོགས་བློ་གྲོས། མཁན་པོ་ཟླ་བ་དར་རྒྱས་ལ་སོགས་དགོན་བཞིའི་རྒྱུན་ལས་རྣམ་པས་བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་ཕྱོགས་ནང་མོལ་ཐུགས་གྲོས་གནང་དོན་ལྟར། དགོན་བཞིའི་དབུ་བླ་རྣམ་པས་གཟིགས་རྟོགས་བརྩེ་གཟིགས་བླ་ལྷག་གིས་བདག་རྐྱེན་དང་། སྤྱོད་ཡོན་མཚུངས་ཟླ་མ་མཆིས་པ༧ གདན་ས་སྨན་རིའི་བཤད་སྒྲུབ་མཁན་ཟུར་དགེ་བའི་བཤེས་གཉེན་ཆེན་མོ་དཔོན་སློབ་བསྟན་འཛིན་ཕུན་ཚོགས་མཆོག་གིས་གཙོ་བོའི་འཛིན་སྐྱོང་དང་དཔེ་ཁྲིད་གནང་ཞིང་། མང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་དང་། མཁན་པོ་ཟླ་བ་དར་རྒྱས། མཚན་ཉིད་རྒན་ཁྲི་སྤྲུལ་དགེ་བཤེས་སྐལ་བཟང་སྨོན་ལམ། མཚན་ཉིད་རྒན་དགེ་བཤེས་ཕྲིན་ལས་རྣམ་རྒྱལ། མཚན་ཉིད་རྒན་དགེ་བཤེས་ཕྲིན་ལས་ཀུན་ཁྱབ་བཅས་ཀྱིས་དཔེ་ཁྲིད་ལ་སོགས་ཀྱི་འགན་བཞེས་གང་ལེགས་གནང་བ་ལ་བརྟེན་ཏེ། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དབུ་བརྙེས་པ་ནས་བཟུང་། ད་ལྟའི་བར་དོན་གཉེར་ཅན་གྱི་སློབ་མ་མང་པོ་བསྐྱེད་བསྲིང་བྱེད་དེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་གསུམ་བྱེད་མུས་སུ་ལགས་ཤིང་།
སྤྱི་ལོ་ ༢༠༢༠ ལོར་སྐབས་དང་པོའི་དགེ་བཤེས་ཀྱི་མཛད་སྒོ་ཟབ་རྒྱས་འཚོགས་ནས་བསྟན་དང་འགྲོ་བའི་དོན་ཆེན་ལེགས་པར་སྒྲུབ་གནང་མཛད། འདི་ལོར་སྐབས་གཉིས་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་༢༠༢༢ ལོའི་ ༧ ཚེས་ ༦ ཉིན་༧གདན་ས་སྨན་རིའི་ལུགས་བཟང་ལྟར་དངོས་སུ་དབུ་འཛུགས་གནང་སྟེ། སྔ་དྲོའི་ཕྱག་ཚོད་ ༨:༣༠ སྟེང་། བཤད་སྒྲུབ་བསྟན་པའི་སྲོག་ཤིང་དཔོན་སློབ་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་ཕུན་ཚོགས། དགོན་བཞིའི་བསྟན་བདག་དབུ་བླ་རྣམ་བཞི་དང་བླ་སྤྲུལ་དགེ་བཤེས་རྣམ་པ་མཁན་ཟླ་བ་དར་རྒྱས། མཚན་ཉིད་དགེ་རྒན་རྣམ་གསུམ་གཙོས་པའི་བཀའ་རམས་པ་ཁྲ་རུག་དྲང་སྲོང་ཤེས་རབ་ཉི་མ་བསྟན་འཛིན། བཀའ་རམས་པ་དགེ་བཟང་དྲང་སྲོང་ཤེས་རབ་སེང་གེ་འབྲུག་གྲགས། བཀའ་རམས་པ་ཇིང་གེར་དྲང་སྲོང་ཤེས་རབ་བསྟན་པའི་རྒྱལ་མཚན། བཀའ་རམས་པ་ཆེ་བོ་དྲང་སྲོང་ཤེས་རབ་གཡུང་དྲུང་ཚེ་དབང་། བཀའ་རམས་པ་གོ་འཇོ་དྲང་སྲོང་ཤེས་རབ་བསྟན་པ་འགྱུར་མེད། བཀའ་རམས་པ་བེ་རི་དྲང་སྲོང་ཤེས་རབ་གཞན་ཕན་བློ་གྲོས། བཀའ་རམས་པ་ཨ་འཐེ་དྲང་སྲོང་ཤེས་རབ་ནམ་མཁའ་ཚུལ་ཁྲིམས། བཀའ་རམས་པ་དབལ་མེ་དྲང་སྲོང་ཤེས་རབ་གཡུང་དྲུང་དགྲ་འདུལ། བཀའ་རམས་པ་དོས་ཕ་དྲང་སྲོང་ཤེས་རབ་མི་འགྱུར་ལྷུན་གྲུབ་བཅས་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ཏེ། གཙུག་ལག་ཁང་དུ་གདན་འདྲེན་ཞུས། དགོན་བཞི་བཤད་གྲྭ་ཇོ་དགོན་དང་བཅས་པའི་ཚོགས་མང་འདུས་པ་རྒྱ་མཚོ་འདུ་ཁང་དུ་མཉམ་འཛོམས་གནང་རྗེས། ཟབ་ཇ་དང་འབྲས་སིལ་གྱི་མཆོད་སྤྲིན་རྒྱས་འབུལ་ཞུས་པ་དང་འབྲེལ་ཚོགས་བསགས་བསྙེན་བཀུར་དུ་སྐུ་འགྱེད་བཏང་རྗེས། དཔོན་སློབ་རིན་པོ་ཆེ་དགེ་བཤེས་བསོད་ནམས་ཕུན་ཚོགས་མཆོག་གིས་སྔོན་འགྲོའི་གཞུང་བཤད་གསུངས་རྗེས་བཀའ་རམས་པ་ལྔ་ཡིས་རིམ་བཞིན་སྔོན་འགྲོའི་གཞུང་བཤད་གྱེར་རྒྱུགས་ཕུལ། ཉིན་གུང་ཕྱག་ཚོད་ ༡༢:༣༠ ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཕྱག་ཚོད་ ༣:༠༠ པའི་སྟེང་སྔར་མུས་ལྟར་གདན་འདྲེན་ཞུས་ཏེ་གུར་མོ་ཆེའི་ནང་དུ་འཚོགས་ནས་བཀྲ་ཇ་དང་འཁུར་ཟས་ཕུལ། བཀའ་རམས་པ་ལྔ་ཡིས་གོ་རིམ་བཞིན་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་ཚིག་ཕྲེང་རྗེ་རྒྱལ་བ་སོགས་བསྔོ་བ་སྨོན་ལམ་གྱིས་མཐར་བརྒྱན་ཏེ་ཉིན་དང་པོའི་མཛད་སྒོ་མཇུག་གྲུབ་པར་བྱས།
ཉིན་གཉིས་པའི་དགེ་བཤེས་མཛད་སྒོ།
སྔ་དྲོ་ཕྱག་ཚོད་ ༨:༣༠ སྟེང་སྔར་མུས་ལྟར་སྤོས་རྒྱ་སྤྱན་མེས་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དགོན་བཞི་བཤད་གྲྭ་ཇོ་དགོན་དང་བཅས་པའི་ཚོགས་མང་འདུས་པ་རྒྱ་མཚོ་འདུ་ཁང་དུ་མཉམ་འཛོམས་གནང་རྗེས། ཟབ་ཇ་དང་འབྲས་སིལ་གྱི་མཆོད་སྤྲིན་རྒྱས་འབུལ་ཞུས་པ་དང་འབྲེལ་ཚོགས་བསགས་བསྙེན་བཀུར་དུ་སྐུ་འགྱེད་བཏང་རྗེས། དཔོན་སློབ་རིན་པོ་ཆེ་དགེ་བཤེས་བསོད་ནམས་ཕུན་ཚོགས་མཆོག་གིས་སྔོན་འགྲོའི་གཞུང་བཤད་གསུངས་རྗེས་བཀའ་རམས་པ་བཞི་ཡིས་རིམ་བཞིན་སྔོན་འགྲོའི་གཞུང་བཤད་གྱེར་རྒྱུགས་ཕུལ། ཉིན་གུང་ཕྱག་ཚོད་ ༡༢:༣༠ ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཕྱག་ཚོད་ ༣:༠༠ པའི་སྟེང་སྔར་མུས་ལྟར་གདན་འདྲེན་ཞུས་ཏེ་གུར་མོ་ཆེའི་ནང་དུ་འཚོགས་ནས་བཀྲ་ཇ་དང་འཁུར་ཟས་ཕུལ། བཀའ་རམས་པ་བཞི་ཡིས་གོ་རིམ་བཞིན་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་ཚིག་ཕྲེང་རྗེ་རྒྱལ་བ་སོགས་བསྔོ་བ་སྨོན་ལམ་གྱིས་མཐར་བརྒྱན་ཏེ་སྔོན་འགྲོའི་མཛད་སྒོ་ཡོངས་སུ་མཇུག་གྲུབ་པར་བྱས། ཕྱི་དྲོ་ཕྱག་ཚོད་ ༥:༠༠ པའི་སྟེང་དགེ་བཤེས་དམ་བཅའ་ཆེན་མོའི་སྟ་གོན་ཚགས་སུ་ཚུད་པར་མཛད་རྗེས་བཀའ་རམས་པ་དགུ་ཡིས་སྔ་རྗེས་བཞིན་དམ་ཁྲི་ཐོག་ནས་ཞལ་ཡར་ཕྱོགས་ཏེ་དམ་བཅའ་ཆེ་ཆུང་གོ་རིམ་བཞིན་སྒྲ་དག་ཚིག་གསལ་ངང་བློ་རྒྱུགས་ལེགས་པར་ཕུལ་གནང་མཛད།
དགེ་བཤེས་མཛད་སྒོ་ཉིན་གསུམ་པ།
སྔ་དྲོའི་ཕྱག་ཚོད་ ༨:༣༠ སྟེང་སྔོན་འགྲོའི་བཤད་པ་སྐབས་ཀྱི་མཛད་རིམ་ལྟར། དཔོན་སློབ་རིན་པོ་ཆེ་དབུས་པའི་དགོན་བཞིའི་དབུ་བླ་མཁན་པོ་དགེ་བཤེས་རྣམས་དང་། བཀའ་རམས་པ་རྣམ་པ་གསུམ་བཅས་སྤོས་རྒྱ་སྤྱན་མེས་མདུན་བསུས་ཏེ། གཙུག་ལག་ཁང་གུར་མོ་ཆེའི་ནང་དུ་གདན་འདྲེན་ཞུས་རྗེས་ཚོགས་མང་འདུས་པ་རྒྱ་མཚོ་གདན་ལ་བཞུགས། འབྲས་སིལ་དང་ཟབ་ཇ་འདེགས་འབུལ་སྐུ་འགྱེད་བཅས་ཕུལ་མཚམས། འཛིན་རིམ་གོང་མ་བཀའ་རམས་པ་བཞི་ཡིས་གྲལ་མཇུག་ནས་གུས་ཕྱག་གསུམ་རེ་ཕུལ་ཞིང་མཇལ་བཅའ་ཞུ་བ་སོགས་དངོས་གཞི་དམ་བཅའི་སྟ་གོན་གྲུབ་པར་གནང་རྗེས། གདན་ས་སྨན་རའི་དགེ་བཤེས་མང་སྤྲུལ་བསོད་ནམས་གཡུང་དྲུང་། སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ། ཁྲི་སྤྲུལ་དགེ་བཤེས་སྐལ་བཟང་སྨོན་ལམ། དགེ་བཤེས་འཕྲིན་ལས་རྣམ་རྒྱལ། དགེ་བཤེས་ཕྲིན་ལས་ཀུན་ཁྱབ། མདོ་སྨད་སྣང་ཞིག་དགོན་ཆེན་ནས་ཕེབས་པའི་རིག་ལམ་པ་དང་འདི་གའི་བཤད་སྒྲུབ་འདུས་སྡེའི་རིག་ལམ་པ་རྣམས་འཛིན་རིམ་གོང་ནས་རིམ་བཞིན་བླ་མེད་རྫོགས་པ་ཆེན་པོའི་གཞུང་དང་། གསང་སྔགས་རྒྱུད་སྡེ་བཞི། འདུལ་བ། མཛོད། དབུ་མ། ཕར་ཕྱིན། ས་ལམ། གྲུབ་མཐའ། ཚད་མ། རྟགས་རིག་བཅས་ལ་དགག་སྒྲུབ་ཀྱི་མཆོད་འབུལ་ཚུལ་བཞིན་གནང་། ཕྱི་དྲོ་སྔར་མུས་བཞིན་འཛིན་རིམ་འོག་མའི་བཀའ་རམས་པ་ལྔ་དངོས་གཞི་དམ་བཅའ་རུ་བཞུགས་མཛད་དེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམ་པས་དགའ་སྒྲུབ་ཤན་འབྱེད་ཀྱི་རིག་པའི་མཆོད་པ་ཚུལ་བཞིན་རྒྱས་འབུལ་ཞུས། བར་དེར་སྐྱ་སེར་ཡོངས་རྫོགས་ལ་འཁུར་ཟས་དང་མང་ཇ་འདེགས་འབུལ་ཞུས་པ་བཅས་ཉིན་གསུམ་པ་དངོས་གཞི་རྩོད་རྒྱུགས་ཀྱི་མཛད་སྒོ་མཇུག་ལེགས་པ་གྲུབ་པར་བྱས།
དགེ་བཤེས་མཛད་སྒོ་ཉིན་བཞི་པ།
སྔ་དྲོ་ཕྱག་ཚོད་ ༦:༣༠ སྟེང་དཔོན་སློབ་རིན་པོ་ཆེ་དང་དགོན་བཞིའི་དབུ་བླ་མཁན་པོ་དགེ་བཤེས་རྣམ་པ་གཙོས་པའི་བཀའ་རམས་པ་རྣམ་པ་དགུ་བཅས་སྔར་མུས་བཞིན་སྤྱན་རྒྱ་སྤོས་མེས་མདུན་ལེགས་པར་བསུས་ཏེ། དགོན་བཞིའི་གལ་ཆེའི་མགྲོན་པོ་བརྒྱ་ལྷག་ཙམ་གྱིས། བོན་དར་ཚན་པ་ཅི་འབྱོར་གང་ཟབ་བསྣམས་ནས་རིམ་པར་ཕེབས་རྗེས། ཚོགས་མང་འདུས་པ་རྒྱ་མཚོ་དང་སེར་སྐྱ་སྟོང་ཕྲག་གཉིས་ལ་ཉེ་བས་གསོལ་འདེབས་དད་དབྱངས་ཞུས་ཤིང་གཙུག་ལག་ཁང་གུར་མོ་ཆེའི་ནང་དུ་ཕེབས། དེ་ནས་དགེ་བཤེས་དང་བཤད་གྲྭ་བ་རྣམ་པས་རིམ་བཞིན་བཀྲ་ཤིས་པའི་ཚིག་ཕྲེང་རྩོད་གནང་མཛད། བཀའ་རམས་པ་དགུ་ཡིས་མཆོད་ཚིག་སྨོན་པ་ཡོངས་འགྲུབ་གསུངས་ནས་མཆོད་འབྲུ་ནམ་མཁའ་ནས་ཆར་འབབ་པ་ལྟར་གཏོར་རྗེས། མདུན་གྲལ་ནས་གོ་རིམ་བཞིན་ཞལ་ཡར་ཕྱོགས་ནས་བཞེངས་ཏེ། དཔོན་སློབ་རིན་པོ་ཆེ་བསྟན་འཛིན་་ཕུན་ཚོགས་མཆོག་གིས་མཚན་བཏགས་རབ་དཀར་པད་མོའི་ཕྲེང་མཛེས་གསུངས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་གསོལ། དེ་ནས་བསྔོ་བ་བདེ་ལེགས་མ་གསུངས་ནས་ལོ་ངོ་བཅུ་གསུམ་ཡུན་དུ་བསགས་པའི་ཐོས་བསམ་འཆད་ཉན་གྱི་དགེ་ཚོགས་རླབས་པོ་ཆེ་དམིགས་མེད་ཤེས་རབ་ཆེན་པོའི་ཀློང་དུ་བསྔོ་བར་མཛད། དགེ་བཤེས་རྣམ་པ་དགུ་གྲལ་བར་ནས་ཡར་མར་ཕེབས་མུས་སུ་མཚན་ཉིད་ཚིག་བཀྲའི་རིམ་པ་བྱིན་ཆགས་པའི་ངང་ནས་སྐད་གསང་མཐོན་པོས་ལྷོད་པོར་གསུངས། དེ་ནས་འཆམ་རའི་ནང་དུ་བླ་སྤྲུལ་དགེ་བཤེས་རྣམ་པས་སེར་སྐྱ་ཀུན་ལ་ཁྲུས་གསོལ་མཛད་ནས། དཔོན་སློབ་རིན་པོ་ཆེས་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་ལན་གསུམ་གསུངས་ཏེ། སེར་སྐྱ་མི་མང་ཀུན་གྱིས་དད་མོས་དགའ་སྤྲོའི་ངང་ནས་སྐལ་པ་བཟང་ཞེས་པའི་སྒྲ་དབྱངས་གནམ་ས་གང་བ་ལྟ་བུར་མཛད་ནས་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམས་སྤྱན་རྒྱ་སྤོས་མེས་གཟིམས་ཤག་ཏུ་གདན་འདྲེན་ཞུས། ཉིན་གུང་སེར་སྐྱ་ཡོངས་རྫོགས་ལ་དགེ་བཤེས་གཏོང་སྒོ་ཆེན་མོ་འདེགས་འབུལ་ཞུས། ཉིན་རྒྱབ་ཙམ་ལ་རྗེས་བྱ་སྐལ་བཟང་དགེ་བཤེས་ཁྲི་བཞེངས་ཞུ་ཡུལ་གྱི་གུར་མོ་ཆེའི་ནང་དུ་དགེ་བཤེས་རྣམ་པ་དགུ་སྤོས་སྣ་རྒྱ་གླིང་གིས་གདན་འདྲེན་ཞུས་ནས་གཅན་ལྔ་རིན་ཆེན་མཛེས་པའི་ཁྲི་སྟེང་དུ་བཞུགས་སུ་གསོལ་རྗེས། བླ་སྤྲུལ་མཁན་པོ་དགེ་བཤེས་རྣམ་པ་དབུས་པའི་སེར་སྐྱ་ཀུན་གྱིས་སྐུ་གསུང་ཐུགས་རྟེན་དང་། དགུ་ཚན་ལ་སོགས་ཕན་ཐོགས་གང་འབྱོར་ཕུལ་ནས་དགེ་བཤེས་ཁྲི་བཞེངས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་ནས་ཉིན་བཞི་པའི་མཛད་སྒོ་གྲུབ་བོ། །
ཉིན་ལྔ་པའི་ཉིན་གདན་ས་སྨན་རིའི་འགྲོ་ཕྱོགས་ཇི་བཞིན་དགེ་བཤེས་རྣམ་པ་དགུ་ཡིས་བླ་སློབ་ཡོན་མཆོད་ཀུན་ལ་དགེ་བཤེས་མཛད་སྒོའི་མཇུག་མཐའི་དགའ་སྟོན་གྱི་གསོལ་ཟས་བཞེས་ལགས་འདེགས་འབུལ་ཞུས་པ་བཅས་སྔོན་དངོས་རྗེས་གསུམ་གྱི་མཛད་སྒོ་ཆ་ཚང་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་གྲུབ་པའི་གནས་བསྡུས་སུ།
སྐབས་གཉིས་པའི་དགེ་བཤེས་གོ་སྒྲིག་ལྷན་ཚོགས་ནས།
གསལ་བཤད། ས་གནས་འདི་གའི་ཁོར་ཡུག་དང་གནས་སྟངས་དུ་མའི་རྐྱེན་གྱིས་དུས་ལྟར་གསལ་གནས་དྲ་རྒྱ་ཆེ་རིགས་སྟེང་དུ་བཀོད་མ་ཐུབ་པས། སྔར་སོང་ཟིན་པའི་གནས་ཚུལ་རགས་བསྡུས་གཞི་ནས་ཁྱབ་བསྒྲགས་བྱས་པ་ལ་ཀློག་པ་པོ་ཡོངས་ཀྱིས་དགོངས་ཡངས་གནང་བཞེས་ཡོད་པར་ཞུ།