ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2022-07-05 18:44:46][རྩོམ་པ་པོ། ལས་འཛིན་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དེ་ཡང་མཐོ་སྒང་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ཞང་བོད་ཀྱི་ལྗོངས་ཆེན་མོ་འདིར་གནའ་རབས་ལོ་ངོ་ཁྲི་ཕྲག་ལྷག་གི་གོང་རོལ་ནས། འཇིག་རྟེན་ཁམས་ཀྱི་ཕན་བདེའི་གཞི་རྩ་གཞན་ཕན་ལྷག་བསམ་དང་དགེ་བཅུའི་དཔལ་ཡོན་བླ་ན་མེད་པ་འབར་བའི་དུས་སུ་སླེབས་ཤིང་། ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་དགུ་ཡོད་དོ་ཅོག་གི་མ་འདྲིས་པའི་མཛའ་བཤེས་ཆེན་མོ། རྩོད་ལྡན་ཚེ་ལོ་བརྒྱ་བའི་མགོན་པོ་སྟོན་མཆོག་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད། དམུ་རིགས་རྒྱལ་པོའི་རྒྱལ་སྲས་སུ་སྐུ་ཡི་སྐྱེ་བ་བཞེས་ཏེ། མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དུ་བསྟན། དེ་རྗེས་འཛམ་གླིང་སྲིད་པའི་ལྟེ་བ་ཞང་ཞུང་སྒོ་ཕུགས་བར་གསུམ་ཀུན་ཏུ་རྗེ་མཉམ་མེད་ཆེན་པོ་ལ་སོགས་མཁས་གྲུབ་གཉིས་འཛོམ་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན་ནས། རྒྱལ་བའི་བཀའ་དྲི་མ་མེད་པ་མདོ་འབུམ་རྒྱུད་མཛོད་ཀྱི་དགོངས་དོན་དཔྱད་སྟོབས་ལུང་རིགས་ཚད་མས་ལེགས་པར་བཀྲལ་ཞིང་། བསྟན་མཆོག་ལུང་རྟོགས་གཡུང་དྲུང་གི་བོན་རིན་པོ་ཆེ་ཞེས་ས་གསུམ་གྲགས་པ་དཀར་པོས་འགེངས་པ་འདི་ཉིད་ལྟོས་བཅས་འགྲོ་བ་ཡོངས་ཀྱི་དཔལ་དུ་བཞུགས་པའི་དུས་འདིར། དཔལ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་བརྩེའི་གྲིབ་བསིལ་སྣུམ་པོའི་འོག་འཛམ་གླིང་ཐ་གྲུ་ཀུན་ཏུ་ཞྭ་དཀར་གཡུང་དྲུང་བོན་བསྟན་འདི་ཉིད་འཁོར་ལོ་གསུམ་གྱི་དར་ཆ་དགུང་སྔོན་རྩེར་བཀོད་པའི་སྐབས་འདིར། ད་ལན་ཞང་ཞུང་སྒོ་པའི་ཆར་གཏོགས་སྦས་པའི་གངས་རི་ཆེ་བདུན་གྱི་ཡ་གྱལ། གནས་ཆེན་སྤུ་རྒྱལ་གངས་རིའི་ལྷོ་ངོས། ཁྱུང་པོ་སྤ་ཟླའི་ཡུལ་དུ་ཆགས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དགོན་སྡེ་ཆེན་མོ། གདན་ས་ཞུ་ཚང་དགོན་གཡུང་དྲུང་སྨིན་གྲོལ་གླིང་སྤུ་རྒྱལ་རིག་སློབ་ཁང་དུ། སྤྱི་ལོ་༢༠༢༢ལོའི་ཟླ་༧པའི་ཚེས་༢ནས་ཚེས་༤བར་ཁྱོན་ཉིན་གསུམ་གྱི་རིང་། ༼ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་མཛད་སྒོ༽དེ་ཉིད་རྒྱས་འཚོགས་གནང་།

  དེ་ཡང་མཛད་སྒོའི་ཉིན་དང་པོར་ཕྱོགས་སོ་སོར་ནས་ཕེབས་པའི་དགེ་བའི་བཤེས་གཉེན་རྣམ་པ་གདན་སར་ཕེབས་འབྱོར་གྱི་སྣེ་ལེན་ཞུས་ཐོག་ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་འབྱོར་ཐོ་བཀོད་དེ་བགྲོ་གླེང་མཛད་པའི་གོ་རིམ་རྒྱན་ཤོག་འཐེན།

  ཉིན་གཉིས་པར་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་དངོས་གཞིའི་བགྲོ་གླེང་དབུ་འཛུགས་གནང་ཞིང་ཐོག་མར་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་དང་། སྐྱབས་འགྲོ་སེམས་བསྐྱེད། མཛད་བཅུའི་བསྟོད་པ་སོགས་གསུངས། དེ་ནས་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་ཚོགས་གཙོ་འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་ཕྲིན་ལས་མཆོག་གིས་བགྲོ་གླེང་དབུ་འཛུགས་ཀྱི་གསུང་བཤད་གནང་། ཚོགས་གཞོན་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་དང་། དྲུང་ཡིག་སྡེ་དགེ་དགེ་བཤེས་དངོས་གྲུབ་ཕྲིན་ལས་རྣམ་གཉིས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཞིང་ཕྱོགས་ཁག་སོ་སོར་ནས་ཕེབས་པའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྲངས་བཅུ་བདུན་གྱིས་མདོ་སྔགས་སེམས་གསུམ། རིག་གནས་ལོ་རྒྱུས་སོགས་ཀྱི་གལ་གནད་སྐོར་བརྗོད་གཞིར་བྱས་པའི་དཔྱད་རྩོམ་བགྲོ་གླེང་དང་།

  དྲི་བ་དྲིས་ལན་ཟབ་ཅིང་རྒྱས་པ་ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་བར་མཛད་པ་དང་། བར་དེར་བགྲོ་གླེང་དྲན་རྟེན་གྱི་སྐུ་པར་མཉམ་བསྒྲོན་གནང་།

  དེ་ནས་གདན་ས་ཞུ་ཚང་དགོན་གཡུང་དྲུང་སྨིན་གྲོལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ད་ལན་དངོས་གཞིའི་བགྲོ་གླེང་གི་མཇུག་བསྡུའི་གསུང་བཤད་བསྩལ་བ་དང་། ཁྲི་འཛིན་བླ་མ་ཞུ་ཚང་ཀུན་བཟང་རང་གྲོལ་རིན་པོ་ཆེ་མཆོག་གིས་བགྲོ་གླེང་གནང་མཁན་རྣམས་ལ་མགུལ་དར་བསྒྲོན་ཅིང་། གོ་སྒྲིག་ཚོགས་པའི་ངང་ནས་རྩོམ་ཡོན་རྟེན་འབྲེལ་མཚོན་བྱེད་དུ་དམངས་སྒོར་ཕྲན་ཙམ་དང་དར་བཅས་ཕུལ་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གྱིས་མཐར་བརྒྱན་ཏེ་དངོས་གཞིའི་བགྲོ་གླེང་གྲུབ།

  ཉིན་གསུམ་པར་གདན་ས་ཞུ་དགོན་སྨིན་གྲོལ་གླིང་སྤུ་རྒྱལ་རིག་སློང་ཁང་གིས་གོ་སྒྲིག་ཞུས་པ་ལྟར། བགྲོ་གླེང་ལེགས་གྲུབ་གྱི་གཏང་རག་སྟེ་དགའ་སྟོན་ཐུགས་སྤྲོའི་ཚུལ་དུ་བགྲོ་གླེང་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་སྤུ་རྒྱལ་གངས་དཀར་གྱི་རི་མཚོའི་མཛེས་ལྗོངས་ལ་མཇལ་བསྐོར་སྤྲོ་གསེང་ཕེབས་པ་བཅས་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་མཛད་སྒོ་མཇུག་ལེགས་པར་གྲུབ་བོ། །

ཞེས་གནས་བསྡུས་སུ་ལས་འཛིན་ལྷན་ཚོགས་ནས། སྤྱི་ལོ་༢༠༢༢-༧-༥ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།