བོད་ལྗོངས་ཀྱི་ཞང་ཞུང་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་བཙུགས་འདུག

[ཟླ་ཚེས། 2022-07-05 08:29:58][རྩོམ་པ་པོ། མི་དམངས་དྲ་བ།][རྩོམ་ཁུངས། 人民网藏文版][ཀློག་གྲངས། ]

  “བོད་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ”བཙུགས་པའི་ཡོངས་བསྒྲགས་ཚོགས་འདུ་ཚེས་1ཉིན་གྱི་ཕྱི་དྲོར་ལྷ་སར་འཚོགས་པ་རེད། བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པ་དང་། མངའ་རིས་དང་། ནག་ཆུ། གཞིས་ཀ་རྩེ། ཆབ་མདོ་བཅས་ས་ཁུལ་དང་གྲོང་ཁྱེར་བཞིའི་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་རོགས་གཉེར་བྱས་པ་རེད།

  བོད་ཀྱི་གནའ་བོའི་ཞང་ཞུང་རིག་གནས་ནི་བོད་མི་དམངས་ཀྱི་སྲོལ་རྒྱུན་རིག་གནས་ཤིག་རེད། ལོ་ངོ་3000ལྷག་གྱི་གོང་ནས་ད་ལྟའི་བར་ཞང་ཞུང་རིག་གནས་ཀྱི་ལམ་བུ་མང་པོ་ཞིག་གིས་གནམ་མཚོ་དང་། སེར་གླིང་མཚོ། གངས་རིན་པོ་ཆེ། བྲག་མདའ་ས་གླིང་སོགས་འཕྲེད་ནས་བརྒལ་བ་དང་། གནའ་བོའི་ཤེས་དཔལ་གནའ་ཤུལ་དང་བརྗིད་ཆགས་ཀྱི་གངས་རི། ནགས་ཁྲོད་སོགས་མཉམ་དུ་གནས་པའི་ཐོག་ནས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་ནས་ཡོད། ཞང་ཞུང་རིག་གནས་ཀྱིས་བོད་ཀྱི་ནུབ་བྱང་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གལ་ཆེན་དག་འབྲེལ་མཐུད་ཡོད་པའི་ཐོག་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ལམ་ཐིག་སྤུས་དག་ཁག་ཅིག་ཆགས་ཡོད་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། ཞང་ཞུང་རིག་གནས་ཁུངས་སྣེར་བྱས་ཏེ་བོད་ཀྱི་ནུབ་བྱང་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་འབྲེལ་མཐུད་བྱས་ནས། “བོད་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ”བཙུགས་པའི་དམིགས་ཡུལ་ནི། “གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ། གཉིས་ཕན་མཉམ་རྒྱལ”བཅས་རྩ་དོན་དུ་བཟུང་ནས་བོད་ནུབ་བྱང་གི་ཡུལ་སྐོར་སྐོར་ལམ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་བྱེད་པ་དང་། ས་ཁོངས་ལས་བརྒལ་བའི་ཡུལ་སྐོར་མཉམ་ལས་དམ་འཛིན་བྱ་གཞིར་བྱེད་པ། མཉམ་ལས་ལམ་སྲོལ་བཙུགས་ཐོག་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་སྤེལ་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། ཡུལ་སྐོར་ཁྲོམ་ར་མཉམ་འབྲེལ་གྱིས་གསར་སྤེལ་དང་ཐུན་མོང་ཐོག་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱེད་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། བོད་ནུབ་བྱང་རྒྱུད་ཀྱི་ཡུལ་སྐོར་སྤུས་རྟགས་ཐུན་མོང་ཐོག་གཏོད་པ། འཛམ་གླིང་རིམ་པའི་བོད་ཀྱི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ས་ཁོངས་ཡུལ་སྐོར་མཐུན་སྦྱོར་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་ཕྱིར་དེ་རེད།

  ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ཀའོ་ཅན་ཧུང་གིས། “ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་བོད་ཀྱི་ཤར་ལྷོའི་ས་ཁོངས་ཀྱི་ཡུལ་སྐོར་མཉམ་ལས་མནའ་འབྲེལ་ཁོངས་མིའི་ཚན་པ་དང་མཉམ་དུ། བོད་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་ལ་ལེགས་གྲུབ་བྱུང་བའི་ཉམས་མྱོང་ངོ་སྤྲོད་བྱ་རྒྱུ་དང། བོད་ལྗོངས་ནུབ་བྱང་གི་ཞང་ཞུང་ཡུལ་སྐོར་ཁྱབ་སྤེལ་མནའ་འབྲེལ་དང་མཐུན་སྦྱོར་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མཉམ་འབྲེལ་ཐོག་རྒྱ་ཆེའི་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་གྱི་བོད་ཀྱི་ཡུལ་སྐོར་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས། བོད་ཀྱི་ཡུལ་སྐོར་ཐོན་ལས་ཉིད་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དོན་འཁྱོལ་བྱེད་པའི་ཐད་དང་།ཡུལ་སྐོར་ཐོན་ལས་སྤུས་དག་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།