ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་བརྡ་སྦྱོར། 2022

[ཟླ་ཚེས། 2022-06-20 11:59:25][རྩོམ་པ་པོ། དྲུང་ཡིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  
༧ སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་རིང་ལུགས་འཁྲུལ་བ་མེད་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་ཕྱག་ལས་ཟབ་མོ་དེ་རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་འཛིན་པ་ལ་སྐུ་དྲིན་བླ་ལྷག་ཏུ་ཆེ་བའི་མདོ་དབུས་ཁམས་གསུམ་རྒྱལ་ཕྱི་ནང་ཀུན་ལ་འཚོ་ཞིང་བཞུགས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་ཞུ་གསོལ། 
   འདིར་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་ལོ་རེའི་འཆར་ཅན་ལྟར་སྐབས་དང་པོའི་དཔྱད་གླེང་ཚོགས་འདུ་ཐེངས་གསུམ་པ་རྒྱལ་རོང་དུ་འཚོག་རྒྱུ་ཡིན་ལ།  ཚོགས་འདུ་དངོས་སུ་འཚོག་པའི་དུས་ཚོད་ནི་སྤྱི་ལོ 2022 ལོ་སྟེ་ད་ལོའི་སྤྱི་ཟླ 8 པའི་ཚེས 4 ལ་ཚོགས་ཞུགས་དགེ་བའི་བཤེས་གཉེན་རྣམས་ཀྱི་མཚན་ཐོ་འགོད་རྒྱུ་དང་། ཚེས 5-6-7 བསྟུད་མར་ཉིན་གསུམ་ལ་དཔྱད་གླེང་ཚོགས་འདུ་འཚོག་རྒྱུ་ཡིན། ཚེས 8 ཉིན་དགེ་བའི་བཤེས་གཉེན་རྣམས་མཉམ་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གདན་ས་སྟེགས་ཅོག་དང་གཡུང་དྲུང་ལྷ་སྟེང་ལི་ཝེར་གནའ་བོའི་བྲག་བརྐོས་རི་མོ་སོགས་ལ་གནས་མཇལ་དུ་ཕེབས་སྐྱེལ་ཞུ་རྒྱུ་དང་ངལ་གསོ་བའི་དམིགས་བསལ་གྱི་དུས་ཚོད་ཅིག་བཀོད་སྒྲིག་བྱས་ཡོད།
   སྒོས་སུ་ཚོགས་འདུ་འདི་ལ་ཆེད་ཕེབས་གནང་མཁན་གྱི་རྒྱལ་ཕྱི་ནང་མདོ་དབུས་ཁམས་གསུམ་ཡུལ་གྲུ་གང་ནས་ཕེབས་པའི་དགེ་བའི་བཤེས་གཉེན་སུ་ཞིག་ཡིན་རུང་ལམ་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སྔར་བཞིན་ཚོགས་པ་གཞུང་ནས་གཏོང་རྒྱུ་ཡིན་ལ།  ཐུགས་ལ་ངེས་དགོས་པ་ཞིག་ལ་འགྲོ་གྲོན་ཆ་ཚང་འཛིན་ཡིག་ལྟར་རྩིས་སྤྲོད་གནང་རྒྱུ་ཡིན་པས་དེ་བཞིན་ཁྱེད་དགེ་བའི་བཤེས་གཉེན་རྣམ་པས་འགྲོ་གྲོན་གྱི་མང་ཉུང་ལ་མ་ལྟོས་པར་འགྲོ་སོང་ཅི་ཞིག་བཏང་ན་དེ་ལ་འཛིན་ཡིག་རེ་བསྣམས་རྒྱུ་མ་བརྗེད་ཅིག  
   དམིགས་བསལ་དུ་ལམ་སྐབས་ཀྱི་མགྲོན་ཁང་སྒོར 150 ཅན་དང་གསོལ་ཟས་ཐུན་གཅིག་ལ་སྒོར 30 བཅས་ཚོགས་པ་གཞུང་ནས་གཏན་འཁེལ་བྱས་པ་བཞིན་དགེ་བའི་བཤེས་གཉེན་རྣམ་པས་དེ་བཞིན་ཐུགས་ལ་དགོངས་པར་མཛོད།  ལམ་སྐབས་ཀྱི་སྐྱེལ་འདྲེན་རིགས་གནམ་གྲུ་དང་མེ་འཁོར་རེས་འཁོར་སོགས་གང་ལ་བཞུགས་ནས་ཕེབས་པ་ཡིན་ན་འཛིན་ཡིག་དེ་ཚོགས་པའི་རྩིས་གཉེར་གཉིས་ཀྱི་ཕྱག་ཏུ་འཕྲོད་དགོས་ལ་དེ་བཞིན་སྒེར་འཁོར་བསྐོར་ནས་ཕེབས་པ་ཡིན་ན་ལམ་སྐབས་སྣུམ་རིན་གྱི་འཛིན་ཡིག་བསྣམས་ཏེ་ཚོགས་པའི་རྩིས་གཉེར་གཉིས་ཀྱི་ཕྱག་ཏུ་འཕྲོད་པར་བྱས་ན་འཛིན་ཡིག་ལྟར་རྩིས་སྤྲོད་བྱེད་རྒྱུ་ཡིན།
ཚོགས་པ་ངོ་སྤྲོད། བོད་སྐད།
   དཔྱད་རྩོམ་སྐོར་གྱི་དམིགས་བསལ་གསལ་བཤད།  དགེ་བའི་བཤེས་གཉེན་རྣམ་པའི་དཔྱད་རྩོམ་གྱི་བརྗོད་བྱ་ནི་མདོ་སྔགས་རྫོགས་གསུམ་རིག་གནས་ལོ་རྒྱུས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཀུན་གྱི་དཀའ་གནད་རྣམས་ལས་སོ་སོའི་ཐུགས་མོས་ཇི་བཞིན་བརྗོད་དོན་བདམས་ཏེ་ལུང་རིགས་ཀྱི་མཐའ་དཔྱད་པར་བྱ་རྒྱུ་ལས། སྐབས་སུ་བབས་པའི་བཀོད་སྒྲིག་ཚོགས་ཆུང་ལ་དམིགས་བསལ་གྱི་བརྗོད་དོན་འདི་ཞེས་གཏན་འཁེལ་དང་ཚད་བཀག་གི་ས་མཚམས་ཅི་ཡང་མེད་མོད། འོན་ཀྱང་ཁྱེད་དགེ་བའི་བཤེས་གཉེན་རྣམ་པས་མཁྱེན་གསལ་ལྟར་དཔྱད་རྩོམ་ཧྲིལ་བོའི་བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་ཀུན་ལ་རྩོམ་པ་པོ་རང་རང་གིས་ཞུ་དག་དང་ལེགས་བཅོས་གནང་རྒྱུ་གལ་ཆེ་བ་ཡིན་ལ། དཔྱད་རྩོམ་རྣམས་ད་སྔར་དུས་དེབ་དང་སྤྱི་ཚོགས་སོགས་སུ་བཀྲམ་མ་མྱོང་བའི་གསར་རྩོམ་ཡིན་དགོས་ཤིང་ཡིག་གྲངས་མ་མཐའ་ལྔ་སྟོང་དང་ཡ་མཐའ་ཁྲི་གཅིག་ལས་བརྒལ་མི་ཉན་པར་ཡིག་གཟུགས་ངེས་པར་དུ་ཧི་མ་ལ་ཡིན་དགོས། དཔྱད་རྩོམ་འབྲི་སྟངས་ནི་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་གཤམ་གྱི་དཔྱད་མཆན་སོགས་ཚང་དགོས་པ་ཡིན་ལ།  མཆན་དུ་བཀོད་པའི་ལུང་ཚིག་རྣམས་ལག་བྲིས་དང་ལྕགས་པར་སོགས་གང་ནས་དྲངས་ན་དེ་ལུགས་བཞིན་དཔེ་ཆའི་མིང་དང་རྩོམ་པ་པོའི་མཚན། ཤོག་ངོས་དང་ཐིག་འཕྲེང་སོགས་གསལ་བོ་འགོད་དགོས།
ཡང་ཁྱད་འདིར་བླ་མ་དང་སྤྲུལ་སྐུ་མཁན་པོ་དང་དགེ་བཤེས་མང་པོ་ཞིག་གིས་བསྟན་པའི་གནས་བབས་དང་རིག་གནས་ཀྱི་སྟོང་ཆ་སོགས་གལ་ཆེ་ས་དང་འགང་ཆེ་ས་རུ་ཐུགས་བསམ་ནན་བཞེས་བྱས་ཏེ་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པ་ལ་ཐུགས་རེ་བཏོན་པ་བཞིན། སྐབས་བབས་ཀྱི་བཀོད་སྒྲིག་ཚོགས་པའི་རྒྱུན་ལས་ཚོགས་ཆུང་གི་སྟེང་དུ་གྲོས་སུ་མོལ་ཏེ་ཐུགས་མཐུན་བྱུང་བའི་གྲོས་གཞི་སྣ་གཅིག་དགེ་བའི་བཤེས་གཉེན་རྣམས་ལ་རེ་ཞུ་ཙམ་ཞིག་གི་དོད་དུ་འབུལ་བར་བྱ་རྒྱུ་ནི། དཔྱད་རྩོམ་གྱི་བརྗོད་བྱ་ལ་ཟ་དྲུག་དང་ན་དྲུག་གི་སྐོར་དང་བཞུགས་ཁྲི་སྣ་ཚོགས་ཀྱི་ཁྱད་པར་གསས་ཁང་འདྲ་མིན་བཞེངས་ལུགས། ཆོ་ག་སོ་སོའི་རྫས་ཆ་དང་མཆོད་ཆས་རྒྱན་རྫས་དང་སྦྱིན་སྲེག་གི་ལག་ལེན་སོགས་རི་མོའི་ལམ་ནས་ངོ་སྤྲོད་གནང་རྒྱུ་དང་། རྒྱུད་སྡེ་བཞི་ལ་ཐུན་མོང་མ་ཡིན་པའི་ཆས་གོས་དང་།  ཞྭ་ལ་རིགས་ལྔ་དང་གར་མོ་རྩེ་རྒྱལ། ལྷ་ཡི་ཕྱག་མཚན་དང་རོལ་མོ་དཀྲོལ་ལུགས་གླིང་བུ་འབུད་སྟངས། གར་འཆམ་གྱི་སྟངས་སྟབས་དང་འབག་ཞལ་བཟོ་སྐྲུན་སྐོར། བུམ་རྫས་ཉེར་ལྔ་དང་སྨན་ལྔ་སྤོས་ལྔ། སྦྱིན་སྲེག་གི་རྫས་དང་གཏོར་མ་བཅའ་གཞི། ཡང་ན་རྔ་ལ་ཞི་རྒྱས་དབང་དྲག་གི་སྐོར་དང་། ཆོ་ག་སོ་སོའི་ཁུངས་བཀའ་གང་དུ་གསལ་མིན། ཆོ་ག་གང་ཡིན་ན་ཐོག་མར་བཀའ་ལས་ཁོལ་ཕྱུང་བྱས་ཏེ་སྒྲིག་མཁན་སུ་ཡིན་སྐོར།  སྲུང་འཁོར་དང་གཟུངས་གཞུགས་འཁོར་ལོ་དཀྲི་ལུགས། སྔགས་ཆས་དང་འདུལ་ཆས་སྐོར། ཐོད་བརྒལ་ལམ་འོད་གསལ་གྱི་སྣང་བ་དང་འཕྲོ་འདུ་དྲུག་པོའི་ཏིང་འཛིན་སྒོམ་རིམ། རྩ་རླུང་འཁྲུལ་འཁོར་དང་འབྱུང་རྩིས་ཀྱི་གཞུང་དོན་སོགས་གཟུགས་རིས་ཀྱི་ལམ་ནས་ངོ་སྤྲོད་བྱེད་པ་དང་བརྗོད་བྱ་དེ་རྣམས་ཀྱི་རིགས་སུ་གྱུར་བའི་དགོན་སྡེའི་ཁོར་ཡུག་དང་གྲྭ་བའི་འཚོ་བ་ལ་ཉེ་བར་མཁོ་བའི་སྔ་མའི་ཕྱག་སྲོལ་རྣམས་དཔྱད་རྩོམ་གྱི་བརྗོད་སྙིང་དུ་བླངས་ཏེ་སྐུ་ཚེགས་དང་ཐུགས་ངལ་ལ་མི་འཛེམས་པར་གཟུགས་རིས་དང་བཅས་པའི་སྒོ་ནས་འདིར་རེ་ཞུ་བྱས་པའི་བརྗོད་བྱ་དེ་དག་གི་སྟེང་ནས་དཔྱད་རྩོམ་ལེགས་འབུལ་གནང་མཁན་ཡོད་ན་དམིགས་བསལ་གྱི་བཀའ་དྲིན་མཚོན་བྱེད་དུ་བྱ་དགའ་ཞིག་ཀྱང་འབུལ་རྩིས་ཡོད། སྤྱིར་ལོ་སྔོན་མ་ནས་དགེ་བཤེས་རྣམ་པའི་དཔྱད་རྩོམ་རེ་རེ་ལ་རྩོམ་ཡོན་གྱི་དོད་དུ་འགྱེད་སྐལ་རེ་ཕྱག་འབུལ་ཞུས་པ་ཡིན་མོད་འདིར་རྩོམ་ཡོན་དེ་དག་ཕུད་པའི་གོང་ཞུས་ཀྱི་བརྗོད་བྱ་དེ་དག་དང་འབྲེལ་བའི་དཔྱད་རྩོམ་ལ་གཟུགས་རིས་དང་ལྡན་ཞིང་སྣ་སྒོ་མོ་ཀུན་ནས་ཕུན་སུམ་ཚོགས་པར་བྱས་པའི་དཔྱད་རྩོམ་རྣམས་ལ་དམིགས་བསལ་གྱི་བྱ་དགའ་ཞིག་འབུལ་འཆར་ཡོད་པ་ཡིན།
   འདི་ནི་སྐབས་བབས་ཀྱི་བཀོད་སྒྲིག་ཚོགས་པས་རེ་ཞུ་ཙམ་དང་དམིགས་བསལ་ད་ལྟའི་ང་ཚོའི་ཁོར་ཡུག་ལ་བརྗོད་བྱ་དེ་དག་དང་འབྲེལ་བའི་འགྲེལ་བཤད་དང་དཔྱད་རྩོམ་ཧ་ཅང་ཉུང་ལ་ཤིན་ཏུ་དཀོན་པས་སྟོང་ཆ་དེ་ཁ་སྐོང་གི་ཀུན་སློང་ཙམ་ཡང་ཡིན་ནོ།།
འབྲེལ་གཏུགས་བྱ་ཡུལ། 
18283744456
13408378655
ཞེས་ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་སྐབས་དང་པོའི་དྲུང་ཡིག་ཚན་ཆུང་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།