ཀུན་མཁྱེན་ཤར་རྫ་བའི་གདན་ས་ནས་སྐབས་དང་པོའི་མཁན་པོའི་མཛད་སྒོ།

[ཟླ་ཚེས། 2022-05-15 11:38:10][རྩོམ་པ་པོ། བསོད་ནམས་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཤར་རྫའི་རྒྱལ་ཚབ་གསུམ་པ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ།

  ཉིན་དང་པོ། དུས་འདིར་བསྐལ་བཟང་དགེ་བའི་ཉི་མ་ངང་གིས་ཤར་ཞིང་རྒྱལ་བསྟན་གསེར་གྱི་རི་དབང་མངོན་པར་མཐོ་བའི་བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོ་སྟེ། སྤྱི་ལོ་2022བོད་ཟླ་5ཚེས་6པའི་ཞོགས་པའི་དུས་ཚོད་༩སྟེང་དུ་འཚོགས་བརྡ་བཏང་ནས། སྐྱབས་མཆོག་འགྲོ་བའི་མགོན་པོ་གསང་གསུམ་བོན་གྱི་མཛོད་འཛིན་ཆེན་པོ་ཤར་རྫའི་རྒྱལ་ཚབ་གསུམ་པ༧འཇིགས་མེད་སྨྲ་བ་རིག་པའི་དབང་ཕྱུག་རིན་པོ་ཆེ་མཆོག་དང་། མཁན་ཆེན་དམ་པ་རིག་འཛིན་དབང་རྒྱལ་གཙོས་བཤད་སྒྲུབ་སྒོམ་པའི་འདུས་སྡེ་རྣམས་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་ཚོགས་ཏེ་བཞུགས་གྲལ་དུ་འཁོད་ཅིང་། ཚོགས་འདོན་གྱིས་དབུར་བཟུང་ཞིང་དུས་ཚོད་༩ནས་༡༠དང་སྐར་མ་༣༠བར། ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་ཚུལ་བཞིན་གནང་སྟེ་སྦྱོང་པ་མཐའ་རུ་ཕྱིན་པའི་ཐེངས་འདིའི་མཁན་པོ་འཇའ་ལུས་ཉེར་དྲུག་གི་གྲངས་ལྡན་གྱི་མཐར་ཕྱིན་པ་རྣམ་པས།

  ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་ལྔའི་ནང་ཚན་སྡེ་སྣོད་རིན་པོ་ཆེ་མཛོད་ལས་རང་མོས་ལྟར་མདོ་སྔགས་སེམས་གསུམ་གྱི་རྩ་བ་དང་སྦྲེལ་བོན་འཆད་གནང་རྒྱུ་ནི། དགེ་འདུན་དཔལ་འབྱོར་གྱིས་རྒྱུ་ལས་ཁྱད་པར་འཕགས་ཚུལ། འཇམ་དབྱངས་ཉི་མས་རྫོགས་ཆེན་རིག་པ་གཞི་མེད་སྐོར། ཚུལ་ཁྲིམས་བསྟན་འཛིན་གྱིས་སྔགས་ཕྱི་ནང་གི་ཁྱད་པར། བསྟན་འཛིན་སྨོན་ལམ་གྱིས་རྫོགས་ཆེན་ལྟ་བའི་འགག བསྟན་འཛིན་ཉི་མས་སྒྲོན་མ་བཞི། མཐུ་སྟོབས་ཚེ་རིང་གིས་རྫོགས་ཆེན་འབྲས་བུ། བསོད་ནམས་དབང་རྒྱལ་གྱིས་བསྐྱེད་རྫོགས་ཀྱི་སྐོར་ནས་འཆད་རྒྱུགས་ཚུལ་དུ་བོན་འཆད་གནང་བ་དང་། ཆུ་ཚོད་༡༠དང་སྐར་༣༠ནས་༡༡བར་ངལ་གསོས།

  ཆུ་ཚོད་༡༡ནས་༡༢བར། གཞན་ཕན་དབང་ཕྱུག་གིས་ཐོད་རྒལ་གྱི་སྐོར་དང་། གཡུང་དྲུང་ཚེ་དབང་གིས་གསང་སྔགས་ཀྱི་རྒྱུད་སྡེ་བཞི་ལས་རིགས་ལ་དགོངས་པ། བཀྲ་ཤིས་དགེ་ལེགས་ཀྱིས་ཐེག་དགུའི་རྩེ་མོ་བཤད་པ། ཕུན་ཚོགས་དབང་རྒྱལ་གྱིས་འོད་གསལ་གྱི་སྐོར། གཙུག་ཕུད་འོད་ཟེར་གྱིས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་བསྲུང་བྱ་སྡོམ་པ་གསུམ་ལ་འདུས་ཚུལ་བཅས་བོན་འཆད་གནང་ཞིང་། གཤེན་བསྟན་ཉི་མས་རྒྱུད་སྡེའི་ལས་སྒྲུབ་སྡེའི་ལུགས་བཤད་པ། ཆུ་ཚོད་༡༢ཐོག་ཉིན་གུང་གསོལ་ཚིགས་བཞེས། ཕྱི་དྲོ་ཆུ་ཚོད་༢ནས་༣དང་སྐར་༣༠བར་མཐར་ཕྱིན་པ་རྣམས་གོ་རིམ་བཞིན་དམ་བཅའ་བཞུགས། དགེ་བའི་བཤེས་གཉེན་རྣམས་དང་གླིང་དང་པོའི་རིགས་ལམ་པས་གོང་ནས་མར་མདོ་སྔགས་སེམས་གསུམ་གྱི་སྐོར་ནས་རྩོད་པ་གནང་།

  ཉིན་གཉིས་པ། སྔ་དྲོ་ཆུ་ཚོད་༩པའི་ཐོག་འདུ་ཁང་ཆེན་མོའི་ནང་ཡར་ཚོགས་ཏེ་ཚོགས་འདོན་གནང་ཞིང་། ཆུ་ཚོད་༩དང་སྐར་༡༠ནས་༡༠དང་སྐར༣༠བར་མཐར་ཕྱིན་མཁན་པོ་རྣམ་པས་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་ལྔའི་ནང་ཚན་སྡེ་སྣོད་རིན་པོ་ཆེ་མཛོད་ལས་རང་མོས་ལྟར་མདོ་སྔགས་སེམས་གསུམ་གྱི་རྩ་བ་དང་སྦྲེལ་བོན་འཆད་གནང་རྒྱུ་ནི། ཚུལ་ཁྲིམས་སྐལ་བཟང་གིས་སེམས་རིག་གཉིས་ཀྱི་སྐོར། དྲི་མེད་ཉི་མས་རྒྱུ་ལས་ཁྱད་པར་འཕགས་ཚུལ། གཤེན་བསྟན་དབང་རྒྱལ་གྱིས་བསྐྱེད་རིམ་གྱི་སྐོར། ཡེ་ཤེས་བསྟན་འཛིན་གྱིས་སེམས་ཅན་དང་སངས་རྒྱས་ཀྱི་གཞི། གཡུང་དྲུང་དར་རྒྱས་ཀྱིས་རྫོགས་རིམ་ཐབས་དྲུག་གི་སྐོར། ཁྲོ་བོ་རྒྱལ་མཚན་གྱིས་འཁོར་བ་ལ་ཐོག་མཐའ་ཡོད་མེད་སྐོར། སྦྱིན་པ་རྒྱལ་མཚན་གྱིས་གསང་སྔགས་གཞི་དྲུག་གི་སྐོར་ནས་འཆད་པ་གནང་། ཆུ་ཚོད་༡༠་དང་སྐར༣༠ནས་༡༡བར་ངལ་གསོས།

  ཤེས་རབ་ཚེ་རིང་གིས་རིག་པ་ཁུ་བྱུག་གི་ལུང་དོན་བཀྲལ་ནས་རྫོགས་པ་ཆེན་པོའི་རྒྱུད་སྡེ་སྟོན་ཚུལ། བཤད་སྒྲུབ་བསྟན་འཛིན་གྱིས་བར་དོ་བཞི་ལས་ཕ་རོལ་སྲིད་པའི་བར་དོ། དགེ་ལེགས་རབ་རྒྱས་ཀྱིས་རྫོགས་རིམ་གཏུམ་མོའི་སྒོམ་པ་རླུང་གནད་ཀྱི་སྐོར། ཤེས་རབ་ཉི་མས་རྫོགས་པ་ཆེན་པོའི་ཁྱད་བོན་སྐོར། འོད་གསལ་རྒྱལ་མཚན་གྱིས་སྐུ་གསུམ་གྱི་སྐོར། ཟླ་བ་བསྟན་འཛིན་གྱིས་བར་དོ་བཞིའི་སྐོར་བཅས་བོན་འཆད་གནང་།

  ཆུ་ཚོད་༡༢ཐོག་ཉིན་གུང་གསོལ་ཚིགས་བཞེས་པ་དང་། ཕྱི་དྲོ་ཆུ་ཚོད་༢ནས་༣དང་སྐར་༣༠བར་མཐར་ཕྱིན་པ་རྣམས་གོ་རིམ་བཞིན་དམ་བཅའ་བཞུགས། དགེ་བའི་བཤེས་གཉེན་རྣམས་དང་གླིང་གཉིས་པའི་རིགས་ལམ་པས་གོང་ནས་མར་མདོ་སྔགས་སེམས་གསུམ་གྱི་སྐོར་ནས་རྩོད་པ་གནང་། ཆུ་ཚོད་༣དང་སྐར་༣༠ནས་༤བར་ངལ་གསོ། ཆུ་ཚོད་༤ནས་༥དང་སྐར༣༠བར་དམ་བཅའ་བཞུགས། གླིང་གཉིས་པའི་རིགས་ལམ་པས་གོང་བཞིན་རྩོད་པ་གནང་། ཆུ་ཚོད་༥དང་སྐར་༣༠ནས་འཚོགས་འདོན་གྱིས་མཇུག་བསྡུས་ནས་འཚོགས་གྲོལ།

  ཉིན་གསུམ་པ། སྔ་དྲོ་ཆུ་ཚོད་༩པའི་ཐོག་འདུ་ཁང་ཆེན་མོའི་ནང་ཡར་ཚོགས་ཏེ། མཁས་ཤིང་གྲུབ་པའི་དབང་པོ་དཔལ་ཀུན་མཁྱེན་ཤར་རྫ་པའི་འཁྲུངས་མཆོད་དང་འབྲེལ་ཤར་རྫའི་ང་འདྲའི་སྐུ་པར་མཐོང་གྲོལ་ཆེན་མོ་མདུན་དུ་སེམས་དཔའ་འདུས་སྡེ་ཡོངས་ནས་མཚན་ལྡན་བླ་མའི་མཆོད་པ་དབྱངས་སུ་གྱེར་བཞིན་མཆོད་པའི་སྤྲིན་ཚོགས་ཡོངས་སུ་ཕུལ་བ་དང་། དེ་འཕྲལ་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མཆོག་གིས་བཀའ་སློབ་གསུངས་ཏེ་མཐར་ཕྱིན་པ་རྣམས་ལ་མཁན་པོའི་ལག་ཁྱེར་དང་ན་བཟའ་བཅས་གནང་ཞིང་། ཆུ་ཚོད་༡༠པའི་ཐོག་བཤད་གྲྭའི་འདུ་ཁང་ནས་མཐར་ཕྱིན་པ་རྣམས་སེར་ཕྲེང་གིས་མདུན་བསུས་ཏེ། འདུ་ཁང་ནང་དུ་མཁན་པོ་ཁྲི་གསོལ་བྱས་ཏེ་རིམ་བཞིན་འདུས་པ་ཡོངས་ཀྱིས་མཇལ་དར་ཕུལ།

  ཆུ་ཚོད་༡༢ཐོག་གསོལ་ཇ་བཞེས་པའི་མཐར་བསྟན་རྒྱས་སྨོན་ལམ་གྱིས་མཇུག་བསྐྱངས་ནས་སྒོ་རུ་ཕེབས་ཏེ་རྡོ་གཅའ་སྟེང་དུ་མཁན་པོ་རྣམས་བཞུགས་ཏེ་དད་ལྡན་མང་ཚོགས་རྣམས་ཀྱིས་མཇལ་ཁ་ཞུས་ཤིང་དགའ་དད་སྤྲོ་གསུམ་ངང་ནས་ཁ་གཡང་དང་སྨོན་འདུན་ཚུལ་གྱིས་བསྐལ་བ་བཟང་གི་འབོད་པ་འུར་ལྡིར་དུ་སྒྲོག་བཞིན་མཁན་པོ་རྣམས་སྤོས་དར་གྱིས་སྣ་དྲངས་ཏེ་རང་རང་གི་གཟིམ་ཤག་ཏུ་སྐྱེལ་ཕེབས་བྱས་ནས་གྲ་རྒྱས་པའི་སྟོན་མོ་མཛད་སྒོ་སྟེང་དུ་རྒྱལ་ཚབ་དང་མཁན་པོ་དགེ་བཤེས་མཆེད་གྲོགས་ཕུ་ནུ་གཉེན་ཉེ་རྣམས་ཕེབས་ཏེ་སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་བཀྲ་ཤིས་པའི་ཁ་དར་སོགས་ཕུལ་ཏེ་མཇུག་ལེགས་པར་གྲུབ་པ་དང་། མཐར་ཕྱིན་རྣམ་པས་འདུས་སྡེ་ཡོངས་ལ་གཏོང་སྒོ་དང་སྦྲགས་ཕྱག་འགྱེད་མང་ཇ་གསོལ་ཚིགས་མཆོད་མེ་བཅས་ཉིན་གསུམ་ལ་འགྲོ་གྲོན་ཡོངས་རྫོགས་ཕུལ་ཞིང་མཛད་སྒོ་མཇུག་ལེགས་པར་གྲུབ་པའོ། །ཐ་ཚན་མུ་ཙུག་སྨར་རོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།