ཁྲོ་སྐྱབས་ཕུ་དུ་བླ་མའི་ཡང་སྲིད་ཁྲི་བཞེངས་ཀྱི་གནས་འཕྲིན།

[ཟླ་ཚེས། 2022-05-06 10:50:37][རྩོམ་པ་པོ། ས་ཁའི་བློ་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྲོ་སྐྱབས་ཕུ་དུ་བླ་རབས་ཉི་ཤུ་པ་སྤྲུལ་སྐུ་ཚེ་དབང་འགྱུར་མེད་མཆོག་བོན་གྱི་གདན་ས་གོང་མ་བཀྲ་ཤིས་སྨན་རི་ནས་ཁྲི་བཞེངས་མཛད་པ།
   ཁྲོ་སྐྱབས་དབུ་བླ་རྣམ་གསུམ་གྱི་ཐུ་བོ་ལི་ཤུ་སྐུ་འཕྲེང་སོ་བརྒྱད་པ་ལི་ཤུ་གཤེན་རྒྱལ་མདོ་སྔགས་བསྟན་འཛིན་གཙོས་པའི་འབྲུག་རི་བཀྲ་ཤིས་ཁྱུང་དགོན་གྱི་གྲྭ་ཚང་ལྷ་འབངས་དང་བཅས་ནས། མཆོག་སྤྲུལ་འདི་ཉིད་འགྲོ་མང་བསོད་ནམས་འཕེལ་བའི་འདྲེན་པ་རུ་བྱོན་པའི་དད་གསུམ་འཁྲི་ཤིང་གསར་བའི་དབུ་ལོས་གུས་པས་བཏུད་ཅིང་གསོལ་འདེབས་སྨོན་ལམ་བཟང་པོའི་དད་སྟོབས་མངོན་པར་ཕྱུངས་ནས། ལུགས་སྔ་མའི་སྲོལ་ལྟར་བཀྲ་ཤིས་སྨན་རི་འདུས་སྡེ་སོགས་གདན་ས་ཁག་ལ་ཁྲི་བཞེངས་གདན་འཇགས་གསོལ་དགོས་པ་ལྷ་དང་སྲུང་མར་གྲོགས་དན་ཆེན་པོ་བགྱིད་པ་ནི། འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ཟླ་བ་གསུམ་པའི་ཚེས་གཅིག་གི་ཉིན། རྩ་བའི་གདན་ས་ཆེན་མོ་གཙང་སྨན་རིའི་འདུས་སྡེ་ཡོངས་ཀྱིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རེ་ཁཱས་བཀྲ་བའི་ལྷ་དར་དང་རིན་ཆེན་གཉིས་པ་ལས་གྲུབ་པའི་མ་འདལ་སྣང་སྲིད་བཅུད་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚོམ་བུ་དར་ལྔའི་རྒྱན་འཆང་བ་ཐོག་དྲངས། མཚན་ལྡན་བླ་མའི་མཆོད་ཐབས་ཀྱི་སྒོ་ནས་ཁོང་ཕུ་དུ་བླ་མ་མི་འགྱུར་ཁྲི་འཕང་ལ་བཞེངས་སུ་གསོལ་ཞིང་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་འགྲུབ་པའི་ལྷ་ཕྱག་འཚལ། ཁྲི་གདུགས་ཉི་མའི་གུར་ཁྱིམ་གྱི་རྟེན་འབྲེལ་བཟང་པོ་ངོ་མཚར་དང་ཁྱད་འཕགས་ཀྱིས་ཤར་བའི་འོག་གདན་ས་བར་མ་མཁར་སྣ་བསམ་གཏན་གླིང་དང་གདན་ས་འོག་མ་གཡུང་དྲུང་གླིང་དུ་ཞབས་ཀྱི་པདྨོ་རྣམ་པར་བསྒྱུར་ཏེ། བཀྲ་ཤིས་པའི་ཁྲི་གསོལ་གྱི་འཕྲིན་ལས་རྒྱ་ཆེར་དར་བ་དང་། མཛད་འཕྲིན་ཉི་མའི་དཀྱིལ་འཁོར་སྲིད་པ་གསུམ་ལ་ཤིན་ཏུ་ནས་གསལ་བའི་ཆེད། མང་ཇ་མང་འགྱེད་ཀྱི་མཆོད་འབུལ་ཚོགས་བསགས་ཀྱི་དགེ་བ་མ་བསྐུལ་དང་བླང་གིས་བསྒྲུབས་ནས་བསྟན་འཛིན་བྱེ་བའི་རྣམ་ཐར་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པར་ཞུས་པ་བཅས་ཕུ་དུ་བླ་མའི་ཡང་སྲིད་གང་ཉིད་ཁྲི་བཞེངས་ཀྱི་གནས་འཕྲིན་ཉུང་ཐུས་སུ་སྤེལ་བ་དགེ་ལེགས་སུ་གྱུར་ཅིག
     སྤྲུལ་བའི་སྐུ་ཕུ་དུ་ཚེ་དབང་འགྱུར་མེད་ཚང་ནི། ༡༩༨༡ལོའི་ཟླ་བ༥པའི་ཚེས༡༥ཉིན། སི་ཁྲོན་རྔ་བ་ཁུལ་ཆུ་ཆེན་རྫོང་ཐུགས་ཆེན་ལྕགས་ཟམ་ཁ་དང་ཉེ་བའི་ས། ཁུ་རའི་ཡུལ་གྲུ་རུ་སྐུ་འཁྲུངས་པ་དང་། ཁྱུང་ཁུར་བླ་མ་ཚུལ་ཁྲིམས་བསྟན་འཛིན་མཆོག་གིས་སྐྱེས་མིང་ལ་ཚེ་དབང་འགྱུར་མེད་དུ་བཏགས། ༡༩༨༨ལོ་ནས༡༩༩༤ལོའི་བར་ཁུ་ར་ཡུལ་ཚོ་དཀྱིལ་སྙིང་སློབ་གྲྭ་ནས་རྒྱའི་སྐད་ཡིག་ལ་སྦྱངས་པ་གནང་།༡༩༩༧ལོར་གནས་ཆེན་ལྔའི་ཡ་གྱལ་བཀྲ་ཤིས་འབྲུག་རི་ཁྱུང་རྫོང་གི་གནས་སུ་བླ་མ་བསྟན་འཛིན་ཚུལ་ཁྲིམས་ལས་བོད་ཡིག་སློབ་གཉེར་གནང་། ༢༠༡༣ལོར་ཁྲོ་སྐྱབས་རྒྱལ་པོའི་དབུ་བླ་རྣམ་གསུམ་གྱི་ནང་ཚན་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ཚང་ནས་ཁྲོ་ཆེན་དབུ་བླ་ཕུ་དུ་སྤྲུལ་སྐུའི་ཡང་སྲིད་ཉི་ཤུ་པར་ཐུགས་ཐག་བཅད་རྗེས། ཤར་རྫ་རི་ཁྲོད་དུ་ཆས་ཏེ་ལོ་བཞིའི་རིང་ཐོས་བསམ་སྒོམ་སྒྲུབ་མཛད། ༢༠༡༥ལོར་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་ལས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཏེ་མཚན་ལ་བསྟན་འཛིན་ཚུལ་ཁྲིམས་སུ་གསོལ། ༢༠༡༧ལོ་ནས་ཆུ་ཆེན་རྫོང་མཚོ་སྟེང་དགོན་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དུ་ཞུགས་ཏེ་ལོ་བཞིའི་རིང་སྨན་རིའི་དགེ་བཤེས་ཆེན་མོ་སྒོ་རིགས་ཤེས་རབ་གྲགས་པ་མཆོག་ཚུལ་བཞིན་དུ་བསྟེན་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལ་དོན་གཉེར་གནང་ནས་མཐར་ལེགས་པར་ཕྱིན།  ༢༠༢༢ལོའི་བོད་ཟླ་གཉིས་པའི་གནམ་གང་གི་ཐོ་རངས་སུ་དཔོན་སློབ་བསྟན་འཛིན་ཕུན་ཚོགས་ལས་དག་པ་དྲང་སྲོང་གི་སྡོམ་པ་མནོས་ཏེ་མཚན་ལ་མདོ་སྔགས་ཤེས་རབ་བསྟན་འཛིན་ཞེས་པར་གསོལ། ཁྲོ་སྐྱབས་ཀྱི་དབུ་བླ་གང་དང་གང་ཡིན་ནའང་ཐུགས་ཐག་བཅད་རྗེས་གཡུང་དྲུང་བོན་གྱི་གདན་ས་ཁག་ནས་གསེར་ཁྲིར་མངའ་གསོལ་མཛད་དགོས་ཀྱི་སྔ་མའི་ལུགས་སྲོལ་རྒྱུན་འཛིན་སྤྱི་འཐུས་ཡོང་ཆེད། བླ་མ་ལི་ཤུ་ཚང་གི་དགོངས་བཞེད་དང་ཡུལ་དགོན་གཉིས་ནས་ངོས་ལེན་རེ་ཞུ་ཡོང་བ་ལྟར། ཧོར་ཟླ་བཞི་པ་གསར་དུ་ཚེས་པའི་གཟའ་སྐར་འཕྲོད་སྦྱོར་གྱི་དུས་མཚམས་སུ་གདན་ས་གོང་མ་ནས་ཁྲི་བཞེངས་བཞུགས་གསོལ་མཛད། ད་ལྟ་ཤར་རྒྱལ་མོ་རོང་གི་ཁྲོ་སྐྱབས་ཞིང་ཁམས་ཀྱི་མགོན་སྐྱབས་སུ་བཞུགས་ཐོག་དབུས་གཙང་མངའ་རིས་དང་བཅས་པའི་གྲུབ་གནས་ཁག་བརྒྱུད་ནས་གངས་ཏི་སེ་ལ་གངས་བསྐོར་དུ་ཕེབས་ཀྱིན་པ་ལགས་སོ༎
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།