ཁྱུང་སེར་རིག་རྩལ་བང་མཛོད་སློབ་གླིང་གི་ལོ་སྨད་གནད་བསྡུས།

[ཟླ་ཚེས། 2022-03-18 18:12:23][རྩོམ་པ་པོ། གོ་སྒྲིག་ཚན་ཆུང།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཁྱུང་སེར་རིག་རྩལ་བང་མཛོད་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལྟེ་གནས་སམ་གཡུང་དྲུང་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་ལོ་སྨད་གནད་བསྡུས།

  རྣམ་པར་དག་པའི་ལྷག་བསམ་གྱིས་ཕྱུག་པའི་སློབ་གཙོ་ཆེན་མོ་གཡུང་དྲུང་ཚེ་རིང་ངམ་མཚན་གཞན་དུ་དྲུང་མུ་ཨ་ཡུ་མཆོག་གིས་རང་མི་རིགས་ལ་དམིགས་སུ་བཀར་ཏེ། མི་རིགས་ཀྱི་རྩ་བ་ཁོ་ནར་གཞིགས་ནས་ཉིན་མཚན་ལྟོས་མེད་ངང་དུ་ནུས་ཤུགས་ཡོད་རྒུ་བཏོན་པས། ཁྱུང་སེར་རིག་རྩལ་བང་མཛོད་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལྟེ་གནས་དེ་ཉིད་སྤྱི་ལོ་༢༠༡༦ལོ་དབུ་བརྙེས་ཞིང་། དེང་དུས་བོད་ཀྱི་རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་བཟོ་རིག་ལས་མཆེད་པའི་སྨྱུག་རྩལ་གྱི་གོམས་འགྲོས་ལྡིང་བའི་སྦྱང་བྱ་ཕུན་སུམ་ཚོགས་པ་ཞིག་དང་། ཁྱུང་པོ་སེར་ཚའི་ལྟེ་བར་སེར་ལམ་མེར་གནས་ཤིང་ཡིད་དུ་འོང་བའི་ཁོར་ཡུག་ཅིག་ཏུ་གྱུར་པའོ།།

  མེས་རྒྱལ་གྱི་སྲོག་ཤིང་རྒྱལ་གཙོ་ཞིས་ཀྲུང་ཞི་ཡིས་ཡང་དག་པའི་མཛུབ་སྟོན་གྱིས་གྲངས་ཉུང་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་འདི་དག་ལ་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཀྱི་གུ་ཡངས་སྲིད་ཇུས་བསྩལ་བར་དྲིན་ཚོར་དྲིན་གསབ་ཆེད། ངེད་རིག་རྩལ་བང་མཛོད་དགེ་སློབ་རྣམས་ཀྱིས་གོང་རིམ་གྱིས་གཟིགས་བཟོས་མཐོང་ཆེན་དང་། བླ་ན་མེད་པའི་རྒྱབ་སྐྱོར་མཛད་བཞིན་པའི་གོ་སྐབས་རྩ་ཆེན་འདི་དག་དོན་མེད་སྟོང་ཟད་དུ་མ་སོང་པར་འབད་པ་ཆེན་པོས་རྒྱུད་འཛིན་བྱེད་བཞིན་ཡོད་དེ། དྲོད་འཇམ་ལྡན་པའི་ཏང་གི་སྲིད་ཇུས་བཟང་པོའི་འོག་ནས། ད་ཐེངས་ངེད་ཁྱུང་སེར་རིག་རྩལ་བང་མཛོད་ཀྱི་ལོ་འཁོར་རྒྱུགས་སྤྲོད་དང་བཤམ་སྟོན་གྱི་མཛད་སྒོ་ཞིག་སྤེལ་བར་ལགས།

  ​​སྤྱི་ལོ་ཉེར་སྟོང་ཉི་ཤུ་རྩ་གཅིག་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བདུན་ནས་ཉེར་བརྒྱད་བར་དང་། བོད་ཟླ་བཅུ་པའི་ཚེས་ཉི་ཤུ་གསུམ་དང་ཉེར་བཞི་གཉིས་ལ་རྒྱུགས་སྤྲོད་བྱས་པའི་དུས་ཚོད་ཡིན། སྐབས་བབ་ལོ་སྨད་རྒྱུགས་ལེན་རྒྱུའི་སྡེ་ཚན་ནི་རིག་གནས་སྐོར་ལ་དག་ཡིག་དང་བརྡ་སྤྲོད་གཉིས་དང་། བརྡ་སྤྲོད་རྩ་ཚིག་དང་སློབ་ཆུང་དག་ཡིག་བློ་རྒྱུགས་ལེན་རྒྱུ་དང་། དེ་བཞིན་དུ་བྲིས་གཟུགས་དང་ལྷ་རིས་སོགས་སྡེ་ཚན་ལྔ་རུ་གྲུབ་པ་སྟེ། སྤྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་དང་རེས་གཟའ་ཟླ་བ་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་ཐོག་ཏུ་སློབ་མ་ཀུན་གྱིས་ཕྱི་ནང་ཀུན་ལ་གཙང་སྦྲ་ལེགས་པར་བྱས་ཤིང་། སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་དུས་སུ་རིག་སློབ་ཚང་མ་སློབ་གླིང་གི་ར་བའི་ནང་དུ་གྲལ་བསྒྲིགས་ཤིང་། དགེ་རྒན་རྣམ་པས་བརྡ་སྤྲོད་ཀྱི་རྒྱུགས་ཤོག་སྤྲད་ནས། ཆུ་ཚོད་གཅིག་གི་རིང་ལ་རྒྱུགས་ཤོག་འབྲི་བའི་དུས་ཚོད་གནང་ནས་བརྡ་སྤྲོད་ཀྱི་གཞུང་རྒྱུགས་བླངས། ཉིན་གུང་ཆུ་ཚོད་བཅུ་གཉིས་དུས་སུ་དགེ་སློབ་ཡོངས་ཀྱིས་གུང་ཟས་ལ་རོལ་ནས། དེའི་ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་ཏུ་སློབ་མ་ཀུན་ལ་དཔོད་བྲིས་བཏང་ཚར་རྗེས་རང་ཤག་ཏུ་ཡིག་ཐང་འབྲི་རུ་བཅུག་ནས་ཉིན་དེར་འཇུག་རྫོགས་པའོ།།

  སྤྱི་ཚེས་ཉེར་བརྒྱད་ཉིན་ལ་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཐོག་ལ་དག་ཡིག་རྒྱུགས་ཤོག་སྤྲད་དེ་ཆུ་ཚོད་གཅིག་གི་རིང་ལ་རྒྱུགས་ཤོག་བྲིས་ནས་དག་ཡིག་གམ་མིང་ཚིག་རྒྱུགས་སྤྲོད་བྱས་པ་སྟེ། གུང་ཟས་གསོལ་ཚར་རྗེས་ཆུ་ཚོད་གཉིས་པའི་ཐོག་དགེ་སློབ་ཚང་མ་ཚོགས་ཁང་དུ་ཕེབས་ནས། བརྡ་སྤྲོད་རྩ་ཚིག་དང་སློབ་ཆུང་དག་ཡིག་གཉིས་དགེ་རྒན་ཆེན་མོ་གཡུང་དྲུང་ཚེ་རིང་དང་། ཤེས་རབ་བསྟན་འཛིན་གཉིས་ཀྱི་རྩར་སློབ་མ་རྣམས་ཀྱིས་བློ་རྒྱུགས་ཕུལ། ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག་ནས་ལྔ་པའི་བར་དུ་ལྷ་ཡི་ཐིག་རྩ་དང་ལྷ་རིས་གཉིས་ལྷན་དུ་དགེན་མཐུ་སྟོབས་རྣམ་རྒྱལ་གྱིས་རྒྱུགས་བླངས་ནས་འཇུག་གྲུབ་པར་མཛད།

  སྤྱི་ལོ་ཉེར་སྟོང་ཉི་ཤུ་རྩ་གཉིས་ལོའི་ཟླ་བ་དང་པོའི་ཚེས་སུམ་བཅུ་དང་བོད་ཟླ་བཅུ་གཅིག་པའི་ཚེས་པ་ཉི་ཤུ་བརྒྱད་ཉིན་དགེ་སློབ་འགའ་ཡིས་གསེར་དངུལ་གྱི་གླེགས་བམ་དང་། ལྷ་རིས། ཡིག་ཐང་བརྒྱ་ལྷག་ཙམ་བཤམས་བཀོད་ལེགས་པར་བྱས་ནས་བཤམས་སྟོན་གྱི་སྟ་གོན་ལ་ཞུགས། ཕྱི་ཉིན་སྤྱི་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་བརྒྱད་ཐོག་ནས་བཤམས་སྟོན་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་ཏེ། གཞུང་གི་དབུ་ཁྲིད་རྣམ་པ་དང་། ཁྱུང་ཡུལ་གྱི་བྲིས་པ་དབུ་མཛད་རྣམ་པ་གདན་འདྲེན་ཞུས།

  ཉིན་དེའི་ཆུ་ཚོདབཅུ་པའི་ཐོག་ནས་ཉིན་གུང་ཆུ་ཚོད་གཉིས་པའི་བར་དུ་གསེར་དངུལ་གྱིས་བཞེངས་པའི་གླེགས་བམ་དང་། ཡིག་ཐང་ལྷ་རིས་སོགས་གོང་གི་དབུ་ཁྲིད་རྣམ་པ་དང་། བྲིས་པ་དབུ་མཛད་རྣམ་པས་གཟིགས་སྐོར་དལ་མོར་གནང་སྟེ། ལྟད་མོ་མིག་གི་ལོངས་སྤྱོད་དུ་གྱུར་ཞིང་དགེ་སློབ་ཚང་མར་བསྟོད་བསྔགས་དང་དགའ་མགུ་ཡི་རང་བཅས་གནང་། དེ་ཡི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་ལ་ཀུན་ཀྱང་ཚོགས་ཁང་ཆེན་མོ་ནང་དུ་ཕེབས་ཤིང་། ཁྱུང་ཡུལ་གྱི་བྲིས་པ་དབུ་མཛད་རྣམ་པས་སློབ་མ་རྣམ་ལ་ཡིག་གཟུགས་འབྲི་སྟངས་སྐོར་དང་། དེ་བཞིན་སློབ་གསོ་དང་འབྲེལ་བའི་གསུང་བཤད་རིམ་བཞིན་གནང་ནས། འཇུག་མཐར་བསྟན་རྒྱས་སྨོན་ལམ་མགྲིན་གཅིག་ཏུ་གྱེར་ཏེ་ཉིན་དེར་གྲོལ།

  སྤྱི་ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་སུ་དགེ་བའི་བཤེས་གཉེན་ཆེན་པོ་དུ་མར་གདན་འདྲེན་ཞུས་ཏེ། དགེ་སློབ་རྣམ་པའི་སོར་མོའི་རྩེ་ནས་འཁྲུངས་པའི་འཕྲུལ་གྱི་ཡི་གེ་དང་རི་མོ། མདོར་ན་རྒྱུན་འཛིན་ལྟེ་གནས་གྱི་ཁོར་ཡུག་སྒོ་ཀུན་ལ་ཁོང་རྣམ་པ་གཟིགས་སྐོར་ཕེབས་ཞིང་། ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་ཏུ་ཚོགས་ཁང་ཆེན་མོའི་ནང་དུ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་གནང་སྟེ། ཡུལ་མི་ལྷ་སྡེ་འམ་ཁྱིཡ་བདག་རྣམ་པ་དང་སློབ་མ་ཚང་མ་ཚོགས་གཅིག་ཏུ་བཞུགས་ནས་བགྲོ་གླེང་གི་དབུ་འཛུགས་པ་སྟེ། སྐབས་དེར་དགེ་རྒན་ཤེས་རབ་བསྟན་འཛིན་གྱིས་བགྲོ་གླེང་གཙོ་སྐྱོང་གནང་ནས་བརྗོད་བྱའི་གོང་རིམ་བཞིན་དུ་མཚམས་སྦྱོར་ལེགས་པར་གནང་པས། ཐོག་མར་དགེ་བའི་བཤེས་གཉེན་རྣམ་པས་ཁོར་ཡུག་ལ་སྒྲིག་ཁྲིམས་གང་ཞིག་ཡོད་པ་དེ་ལ་བརྩི་སྲུང་ལེགས་པར་དགོས་པའི་སློབ་གསོ་དང་། སློབ་སྦྱོང་ལ་འབད་པ་ཧུར་གྱིས་བརྩོན་དགོས་པའི་བཀའ་སློབ་ཟབ་རྒྱས་གནང་བ་དང་། དེ་ཡི་མཚམས་སུ་རིག་རྩལ་བང་མཛོད་སློབ་མ་བཅུ་བདུན་ཙམ་གྱིས་གླེང་སྟེགས་ཁར་ནས་སོ་སོའི་བརྗོད་བྱ་དང་འབྲེལ་སྟེ། ལོ་རྒྱུས་དང་། རྒྱུན་ཤེས། འཕྲོད་བསྟེན། སློབ་གསོ་དང་འབྲེལ་བའི་བགྲོ་གླེང་སོགས་རིམ་བཞིན་བྱས་པའོ།།

  མཇུག་ལ་དགེ་རྒན་ཆེན་མོ་གཡུང་དྲུང་ཚེ་རིང་མཆོག་གླེང་སྟེགས་ཁར་ཕེབས་ནས་ནམ་རྒྱུན་ཚོགས་ཞུགས་སྐབས་ལ་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་སྐོར་དང་སྤྱོད་ལམ་དེ་དག་ཁྱིམ་བདག་རྣམས་ལ་གསལ་བཤད་གནང་། དེ་བཞིན་མ་འོངས་པར་སློབ་སྦྱོང་ལ་ཁ་ཕྱོགས་དགོས་པའི་འབོད་བསྐུལ་ཁྱིམ་བདག་དང་སློབ་མ་ཡོངས་ལ་ཞུས། དེའི་མཇུག་ལ་རིག་རྩལ་བང་མཛོད་གླིང་དུ་ལོ་ངོ་བདུན་ཙམ་རིང་ལ་རིག་གནས་སྐོར་དང་བྲིས་སྣ་གང་མང་ཞིག་ལ་འབད་པ་ལྷོད་མེད་བྱེད་པའི་སློབ་མ་བསྟན་པ་ཕུན་ཚོགས་དང་། བློ་གྲོས། ཡེ་ཤེས་ཚེ་རིང་། རིག་འཛིན་ཚེ་རིང་རྣམས་ལ་སློབ་ཐོན་ལག་འཁྱེར་གནང་སྟེ། མ་ཟད་ཁོང་རྣམ་པ་བཞི་རིག་རྩལ་བང་མཛོད་གླིང་གི་དགེ་རྒན་བསྐོ་བཞག་མཛད་ཅིང་ཁ་དགེ་བཀྲ་ཤིས་པའི་མགུལ་དར་སྒྲོན་པའོ།། མཇུག་མཐར་རིག་གནས་སྐོར་དང་བྲིས་སོགས་རྒྱུགས་སྤྲོད་བྱས་པའི་འབྲས་རྟགས་ཨང་རིམ་བཞིན་དུ་དགེ་རྒན་རྣམ་པས་བྱ་དགའ་གཟེངས་བསྟོད་དང་དྲི་མེད་ཁ་བཏགས་དཀར་པོ་སོགས་བསྩལ་ནས་དགའ་བསུ་ཐལ་སྒྲའི་ངང་ནས་གུང་གསེང་ལ་གྲོལ་བར་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།