རྩོམ་བརྡ།

[ཟླ་ཚེས། 2022-02-07 22:23:10][རྩོམ་པ་པོ། ཚས་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་མཁྱེན་ལྡན་གྱི་རྩོམ་པ་པོ་རྣམ་པར་ཞུ་གསོལ་«སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་»ཡི་སློབ་དཔོན་ཆེན་མོ་སྨན་དགེ་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་སྐུ་ཞི་བར་གཤེགས་ནས་མི་ལོ་ཧྲིལ་པོ་བཅུ་གཅིག་འཁོར་ཡོད་ཅིང་། ད་ལམ་སྨན་དགེ་དམ་པ་མཆོག་གི་གསུང་རྩོམ་དང་རྣམ་ཐར་སོགས་གང་འཛོམས་བསྡུ་བསྒྲིག་བྱ་འཆར་ཡོད་པར་མ་ཟད། “རྗེས་དྲན་མེ་ཏོག་ཚོམ་བུ་”ཞེས་པའི་དེབ་ཕྲེང་ཞིག་ཀྱང་བསྐྲུན་རྒྱུ་ལགས་པས། དེར་དམ་པ་མཆོག་གི་སློབ་མ་དང་མཆེད་གྲོགས་ཡོངས་ཀྱིས་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༧ཚེས་༨ཚུན་ཆད་ལ་རྗེས་དྲན་སྙན་རྩོམ་རེ་གནང་རྒྱུ་ཐུགས་འཇགས་འཚལ་ཞུ་ཞུ།
    ཡིག་སྒམ། 1310336682@qq.com
འབྲེལ་གནས། 180 7695 3567
               181 8900 1616
ལོ་རྒྱུས་རགས་བསྡུས།
       བོད་ཀྱི་གསོ་རིག་འཚོ་མཛད་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་ནི་སྤྱི་ལོ་༡༩༤༠ལོར་ཁམས་ཁྱུང་པོ་རི་གཞུང་རག་ཤི་ཚང་དུ་ཡབ་རག་ཤི་སྟག་རྒྱལ་དང་། ཡུམ་སྐྱང་ཟ་བསོད་ནམས་ལྷ་གཡང་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཕ་མེས་རྒྱུད་པར་གསོ་རིག་སྨན་གྱི་ཕྱག་ལེན་གནང་མཁན་ཡིན་པའི་ཁར། དམ་པ་ཁོང་གིས་ཀྱང་གསོ་རིག་གི་རྨང་གཞིའི་ཤེས་བྱ་རྣམས་བསླབས་ཤིང་། དགུང་ལོ་དགུ་ལོན་ནས་ཁྱུང་པོ་གྲུབ་ཆེན་བཟོད་པ་རྒྱལ་མཚན་མདུན་དུ་བོན་སྒོར་ཞུགས། དགུང་པོ་༡༣ཐོག་གསོ་རིག་རྒྱུད་གཞུང་དང་མཐུན་པར་རྩ་ཆུ་ངོས་འཛིན། ནད་ཀྱི་རྒྱུ་རྐྱེན། ནད་སྨན་བརྡ་སྤྲོད་སོགས་ལ་ཟབ་སྦྱོང་གནང་། དེ་ནས་བླ་ཁྲི་ཚུལ་ཁྲིམས་ཉི་མའི་དྲུང་ནས་སྔོན་འགྲོ་དངོས་གཞི་གསན་སྦྱངས་མཛད། རང་དགོན་ངང་རྫོང་དགོན་དུ་ལོ་ལྔ་ཙམ་ལ་དགོན་པར་ཞབས་ཕྱི་ཞུས། སྤྱི་ལོ་༡༩༦༠ཡས་མན་ནས་བཟུང་ལོ་བཅུ་གཉིས་ཙམ་གྱི་རིང་ལ་གཞུང་འབྲེལ་ཐོག་ཕ་ཡུལ་དུ་སྨན་པ་བྱས། དེ་ནས་ཀོང་པོ་བོན་རི་དང་གངས་ཏི་སེ་སོགས་ལ་གནས་སྐོར་དུ་ཕྱིན་རྗེས། སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་མཇལ་ཏེ་སོ་ཐར་གྱི་སྡོམ་ཁྲིམས་ཞུས། སྨན་རིའི་མཁན་སློབ་རྣམ་གཉིས་དང་། བརྩོན་འགྲུས་རིན་པོ་ཆེ་སོགས་ཀྱིས་མདུན་ནས། བོན་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་དུ་མར་གསན། ལྷག་ཏུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་རྫོགས་ཆེན་བོན་སྐོར་དབང་ལུང་ཁྲིད་གསུམ་ཆེད་དུ་ཞུས།
  ཌོར་ཐང་གི་ཡུལ་ལ་སྨན་པ་ཤིན་ཏུ་དཀོན་སྟབས་མི་དམངས་ཀྱི་བདེ་རྩའི་ཆེད་དམིགས་ནས་སྤྱི་ལོ་༡༩༨༧ལོར་ཕེབས་བཞུགས་གནང་། མཐུན་རྐྱེན་གང་དགོས་རང་གིས་བསྐྲུན་ནས་སྤྱི་ལོ་༡༩༨༨ལོར་ད་ཡོད་༼སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་༽ཞེས་པ་འདིའི་དབུ་འཛུགས་གནང་ཐུབ་པ་བྱུང་།  རྗེས་སུ་ཚང་མའི་མིག་སྔར་མངོན་པའི་སྨན་ཁང་དང་། སྨན་གྱི་སློབ་ཁང་། ནད་པའི་ཉལ་ཁང་སོགས་གསར་བཞེངས་གྲུབ་ནས། སློབ་ཕྲུག་རྣམས་ལ་གསོ་རིག་སློབ་གཉེར་ལོ་དགུའི་སྦྱོང་ཚར་འཕར་རིམ་དང་བསྟུན་ནས་སྨན་གྱི་སློབ་མ་མཐར་སོན་དུ་མ་སྐྱོང་། གཞན་ཡང་སློབ་ཁྲིད་གནང་ཞོར་དུ་མི་རིགས་རིས་མེད་ཀྱིས་སྨན་རིན་སྤྲོད་ཐུབ་མིན་ལ་མ་ལྟོས་པར་སྨན་སྦྱིན་བླ་མེད་དུ་བསྩལ་བ་དང་། བོད་ཀྱི་གསོ་རིག་སྐོར་ལ་དགོས་མཁོ་ཆེ་བའི་དཔྱད་བརྗོད་མང་ཞིག་བརྩམས་གནང་། མཐར་སྤྱི་ལོ་༢༠༡༠ལོར་དགོངས་པ་བོན་དབྱིངས་སུ་ཐིམ་སྟེ་དེར་ཡོད་ཀུན་གྱིས་མཐོང་བ་སྐུ་ཕུང་ཆ་ལུགས་ལྔ་ལྡན་ངང་བཞུགས་ནས་གཤེགས་སོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།