ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་གླིང་གི་སྐབས་དགུ་པའི་ལོ་འཁོར་རྒྱུགས་སྤྲོད།

[ཟླ་ཚེས། 2021-12-20 19:58:14][རྩོམ་པ་པོ། རྒྱལ་གཤེན་རིག་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༢༡ལོའི་༧དཔལ་ལྡན་ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་གླིང་གི་སྐབས་དགུ་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ།

      སྤྱི་ཚེས་༡༧ཉིན་སློབ་གཉེར་བ་རྣམས་ཀྱིས་རིག་གནས་ཁག་གི་རྒྱུགས་སྤྲོད་བྱས། སྤྱི་ཚེས་༡༨ཉིན་སྔ་དྲོ་ཕྱག་ཚོད་༡༠ཐོག་འགོ་བཙུགས་ཏེ་ཕྱག་ཚོད་གཅིག་རིང་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ཀྱི་གཞུང་རྒྱུགས་སམ་བྲིས་རྒྱུགས་བླངས། ཕྱི་དྲོར་བླ་མ་དགེ་བཤེས་རྣམ་པ་དབུ་ཞུགས་ཐོག་བཤད་གྲྭ་བ་རྣམས་ཀྱིས་རང་རང་གི་འཛིན་རིམ་བཞིན་གཞུང་ཆེན་རྣམས་ལ་བརྒལ་བརྟག་གི་ལམ་ནས་རྩོད་རྒྱུགས་སྤྲད།
   སྤྱི་ཚེས་༡༩ ཉིན་སྔ་དྲོར་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་རྣམ་གྲོལ་དང་། རིས་ཚ་དྲང་སྲོང་སྐལ་བཟང་རྒྱལ་མཚན། འགོ་ལ་དྲང་སྲོང་བློ་གྲོས་ཉི་མ་རྣམ་པ་གསུམ་གྱིས་རིག་གནས་ཁག་གི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་སློབ་དཔོན་བསྟན་འཛིན་ཡེ་ཤེས་མཆོག་གིས་ཁོང་རྣམ་པ་གསུལ་ལ་བཀའ་རམ་པའི་མཚན་གནས་བསྩལ།
   ཕྱི་དྲོར་བླ་མ་དང་དགེ་བཤེས་རྣམ་པ། བཤད་གྲྭ་རྣམས་ལྷན་འཛོམས་ཀྱིས་བཤད་སྡེའི་ཚོགས་གཙོ་མཆོག་ནས་ལོ་གཅིག་རིང་བཤད་གྲྭའི་བྱུང་སོང་གི་རྩིས་ཁྲ་སྐོར་དང་། དགེ་བསྐོས་མཆོག་ནས་ལོ་གཅིག་རིང་བཤད་གྲྭ་རྣམས་ནས་དགོངས་ཞུས་སྐོར་བཅས་གསལ་བསྒྲགས་གནང་། དེ་རྗེས་བཤད་སྒྲུབ་འདུས་སྡེའི་ལས་འཛིན་གསར་རྙིང་རྣམས་ཐུགས་རྗེ་ལེགས་འབུལ་གྱིས་མགུལ་དར་བསྒྲོན་ཏེ་ལས་འཛིན་བརྗེ་ལེན་གནང་།
   དེ་རྗེས་བཤད་གྲྭ་རྣམས་ལ་གཞུང་རྒྱུགས་དང་། རྩོད་རྒྱུགས། རིག་གནས་རྒྱུགས་སྤྲོད། དམིགས་བསལ་གྱིས་འགྲེལ་བ་རྒྱུགས་སྤྲོད། དེ་བཞིན་ལོ་མང་རིང་བཤད་གྲྭ་ཚོགས་རིང་དགོངས་ཞུ་མ་བྱས་པ་དང་། སྒྲིག་ཁུར་ཁྲིམས་སྲུང་དང་ཀུན་སྤྱོད་བཟང་བའི་མཚན་སྙན་ཐོབ་མཁན་རྣམས་ལ་གཟེངས་རྟགས་དང་དངུལ་དངོས་རྣམས་བསྩལ།
   འཇུག་སྡོམ་ཐོག་སློབ་དཔོན་བསྟན་འཛིན་ཡེ་ཤེས་མཆོག་ནས་དགོན་པའི་བཅའ་སྒྲིག་དང་ལོ་གཅིག་གི་རིང་སློབ་གཉེར་རྣམས་ཀྱི་གྲུབ་འབྲས། མ་འོང་པར་དགོན་པའི་བཅའ་སྒྲིག་དང་སློབ་གཉེར་གནང་སྟངས། ཁོར་ཡུག་གཙང་སྦྲ་དང་། འཕྲོད་རྟེན་མེ་ཟོན་སོགས་ཀྱི་སྐོར་དགེ་འདོན་སྐྱོན་སེལ་གྱིས་བཀའ་སློབ་གནད་དུ་སྨིན་པ་བསྩལ་ཏེ་མཛད་རིམ་འཇུག་གྲུབ་པའི་གནས་བསྡུས་སུ།
ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་གླིང་ནས་༢༠༢༡/༡༢/༡༩ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།