པཎ་ཆེན་རིན་པོ་ཆེ་མཆོག་གིས་དཀའ་ཆེན་གྱི་མཚན་རྟགས་བཞེས་པ།

[ཟླ་ཚེས། 2021-10-29 17:43:13][རྩོམ་པ་པོ། རྩོམ་སྒྲིག་པ། རིག་གྲོལ།][རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།][ཀློག་གྲངས། ]

པཎ་ཆེན་རིན་པོ་ཆེ་མཆོག་གིས་དཀའ་ཆེན་གྱི་དམ་བཅའ་འཇོག་པའི་ཡུལ་དངོས།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བརྒྱབ།
 ཟླ10པའི་ཚེས26ཉིན་གྱི་དགོང་མོར། དུས་ཡུན་ཆུ་ཚོད་གཉིས་ལ་ཉེ་བའི་དམ་བཅའ་ལ་བཞུགས་པ་བརྒྱུད།  དགུང་ལོ31ལ་ཕེབས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གདན་ས་བཀྲ་ཤིས་ལྷུན་པོར་དམ་བཅའ་ལེགས་པར་གྲུབ་ནས་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མདོ་ཕྱོགས་ཀྱི་བསླབ་གནས་མཐོ་ཤོས་ཏེ་དཀའ་ཆེན་གྱི་མཚན་རྟགས་བཞེས།
 དཀའ་ཆེན་ནི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་པའི་དོན་ཏེ་ཕལ་ཆེར་དེང་རབས་སློབ་གསོའི་འབུམ་རམས་པའི་བསླབ་གནས་དང་མཚུངས།
  སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ནས་བཟུང་བོད་དུ་དར་ཞིང་། ལོ་ངོ་སྟོང་གཅིག་ལྷག་གི་ལོ་རྒྱུས་ཀྱི་ཁྲོད་དུ་གྲུབ་མཐའ་སོ་སོར་ཐུན་མོང་མ་ཡིན་པའི་སློབ་གཉེར་གྱི་ལམ་ལུགས་ཆགས་པ་དང་། སྐྱེས་ཆེན་དམ་པ་མང་པོ་ཞིག་གསོ་སྐྱོང་མཛད།
  བཀྲ་ཤིས་ལྷུན་པོ་ནི1447ལོར་ཕྱག་བཏབ་ཅིང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན་ལ་ད་ལྟའི་བར་དུ་འཐུས་སྒོ་ཚང་བའི་སློབ་གཉེར་གྱི་ལམ་ལུགས་ཟམ་མ་ཆད་པར་རྒྱུད་འཛིན་གནང་བ་དང་།  དགོན་པའི་ནང་དུ་ད་ལྟ་དཀའ་ཆེན56བཞུགས། 
 ཉིན་དེའི་དགོང་མོར། སྨི་གྲུ་བཞི་མ600ཡོད་པའི་འདུ་ཁང་དུ་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དགེ་བཤེས་དང་། བཀྲ་ཤིས་ལྷུན་པོའི་དགེ་འདུན་པ། དད་ལྡན་མང་ཚོགས་བཅས་མི800ལྷག་མཉམ་དུ་འཛོམས་ཤིང་།  འདུ་ཁང་དུ་རྒྱལ་སྐྱོང་འགྲོ་ཕན་ཞེས་པའི་སྒོ་བྱང་མཐོན་པོར་བཀལ་འདུག 
 ཕྱི་དྲོའི་ཆུ་ཚོད17དང་སྐར་མ30ཡི་ཐོག་ཏུ།  སྤོས་སྣ་འདྲེན་མཁན་གྱིས་པཎ་ཆེན་རིན་པོ་ཆེ་ཉིས་ཐོག་གི་བཞུགས་ཁྲིའི་སྟེང་ཏུ་གདན་དྲངས་པ་དང་། ཕྱི་དྲོའི་ཆུ་ཚོད18དང་སྐར་མ20ཡི་ཐོག་ཏུ་སྤོས་སྣ་འདྲེན་མཁན་གྱིས་ཕྱག་སྣེ་གནང་བ་བརྒྱུད་པཎ་ཆེན་རིན་པོ་ཆེ་བཞུགས་ཁྲིའི་སྟེང་ནས་དམ་བཅའ་འཇོག་ཡུལ་དུ་ཕེབས།
 དམ་བཅའ་ལ་རེས་འཁོར་གཉིས་སུ་ཕྱེ་ཡོད་པ་དང་། རེས་འཁོར་རེ་རེར་དུས་ཡུན་སྐར་མ30ཡིན། པཎ་ཆེན་རིན་པོ་ཆེས་རྟགས་གསལ་གནང་བ་དང་། དམ་བཅར་བཞུགས་པ་རེད།
  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ནི་བོད་ལྗོངས་ཀྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་ཤིང་། 1995ལོར་གསེར་བུམ་དཀྲུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆོག་མཆན་ཐོབ་པ་བརྒྱུད་བཀྲ་ཤིས་ལྷུན་པོར་ཁྲི་འདོན་མཛད། ཁོང་གིས་རིགས་གཞུང་ལ་སྦྱངས་པ་མཐར་ཕྱིན་གནང་ནས་དཀའ་ཆེན་ལ་བཞུགས་པའི་སྔོན་འགྲོའི་རྩོད་རྒྱུགས་ལེགས་འགྲུབ་བྱུང་།
 བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ལྷུན་པོའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས་ཀྱིས།  དཔེ་ཆ་སྦྱོང་མཁན་གྱི་དགེ་འདུན་པ་ཞིག་དགོན་པར་ཞུགས་པ་ནས་དཀའ་ཆེན་གྱི་གོ་མིང་བཞེས་པའི་བར་ལ་སྤྱིར་བཏང་དུ་ལོ18འགོར་གྱི་ཡོད་ཅེས་གསུངས།
 པཎ་ཆེན་རིན་པོ་ཆེའི་མཚན་ཞབས་པ་དཀའ་ཆེན་རྡོ་རྡོར་གྱིས། ང་ལོ40ལ་སླེབས་སྐབས་སུ་དཀའ་ཆེན་གྱི་གོ་མིང་ལེན་པའི་རྣམ་པ་དེ་རིང་དང་འདྲ་བར་ཚང་མ་སྲོལ་རྒྱུན་གྱི་ཆོ་ག་ལྟར་ནན་ཏན་ངང་གཉེར་བ་ཡིན་ཞེས་གསུངས།
 རྩོད་པ་མཇུག་བསྒྲིལ་རྗེས། བླ་མ་སྐྱེས་ཆེན་གྱི་སྐུ་ཚབ་སོགས་ཀྱིས་པཎ་ཆེན་རིན་པོ་ཆེར་མཎྡལ་དང་མཇལ་དར་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཞུས།

བཀྲ་ཤིས་ལྷུན་པོའི་དགེ་འདུན་པའི་སྡེ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བརྒྱབ།
 གཞིས་ཀ་རྩེ་གྲོང་ཁྱེར་གྱི་གྲོང་མི་ལྷག་པས།  རིན་པོ་ཆེ་ཁོང་ལ་གཟི་བརྗིད་དང་མཚན་སྙན་དེ་འདྲ་ཐོབ་པ་དངོས་སུ་མཐོང་བའི་སྐལ་བ་ལྡན་པ་འདི་ནི་ཆོས་དད་རང་མོས་ཀྱི་དཔེ་མཚོན་ཆེས་ཡག་ཤོས་རེད་ཅེས་བཤད། 
 དུས་རབས21པའི་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་པའི་ཆ་ནས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆུང་དུས་ནས་ཚན་རིག་རིག་གནས་ཀྱི་ཤེས་བྱར་སྦྱངས་པ་དང་། རྒྱ་བོད་དབྱིན་སོགས་སྐད་ཡིག་བྱང་ཆུབ་པར་མཛད་ཅིང་། ད་ལྟའི་བར་དུ་དགེ་ཚུལ་གྱི་སྡོམ་པ་དང་།  དགེ་སློང་གི་སྡོམ་པ།  མདོ་སྔགས་ཀྱི་དབང་ལུང་མང་པོ་ཐོབ་ཅིང་།  དད་ལྡན་མང་ཚོགས་ཁྲི་ཕྲག་མང་པོར་ཕྱག་དབང་གནང་བར་མ་ཟད།  དད་ལྡན་མང་ཚོགས་ཀྱི་དད་གུས་ཚད་མེད་ཐོབ་ཡོད་ལ།  པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱལ་གཅེས་ཆོས་གཅེས་གནང་ཞིང་།  སྐུ་ཕྲེང་རིམ་བྱོན་ལ་ད་ལྟའི་བར་དུ་ལོ་ངོ600ལྷག་ཙམ་གྱི་ལོ་རྒྱུས་ཡོད།
དགའ་ལྡན་དགོན་པའི་མཁན་པོ་ངག་དབང་ཆོས་འཕགས་ཀྱིས། པཎ་ཆེན་རིན་པོ་ཆེས་དཀའ་ཆེན་གྱི་གོ་མིང་བཞེས་པ་དེས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད་ཅེས་གསུངས།
 ས་ལུང་ཕུན་ལགས་ཀྱིས།  རིན་པོ་ཆེ་ཁོང་ལ་ལྷན་སྐྱེས་ཀྱི་ཤེས་རབ་དང་།  བྱམས་དང་སྙིང་རྗེ་ལྡན་པར་མ་ཟད།  ཁོང་ནི་ང་ཚོའི་རྩ་བའི་བླ་མ་རེད། རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་ཆོས་གཞུང་ལ་ཐོས་བསམ་སྒོམ་གསུམ་གནང་བ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་གནང་ནས། སྤྱི་ཚོགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།