ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་ཚུལ་སྤྱི་བསྒྲགས།
[ཟླ་ཚེས། 2021-09-26 17:27:40][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་ཚུལ་སྤྱི་བསྒྲགས།
སྤྱི་ལོ༢༠༢༡/༩/༡༧ནས་འགོ་བརྩམས་ཏེ། དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་དགོན་གྱི་ཁྲི་འཛིན་ཤེལ་སྲས་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་ཡེ་ཤེས་དཔལ་བཟང་པོ་མཆོག་དང་། རྒྱལ་གཤེན་རིག་སློབ་གླིང་གི་སྐབས་དང་པོའི་བཀའ་རམས་པ་རྣམས་དྲི་ཞིམ་སྤོས་ཀྱི་དུད་པས་སྣ་དྲངས་ཏེ། ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་གསས་ཁང་སྐལ་བཟང་འགྲོ་འདྲེན་གྱི་ཚོགས་དབུས་སུ་དགྱེས་འཛོམ་མཛད་པ་དང་ཆབས་གཅིག་ཕྱོགས་གང་ས་ནས་ཕེབས་པའི་འདུས་སྡེ་རྒྱ་མཚོ་རྣམས་རིམ་བཞིན་ཚོགས་གྲལ་དུ་འཁོད་པའི་དབུས་སུ། དུས་ཡུན་ཉིན་གསུམ་རིང་བཀའ་རམས་པ་གོ་རྣ་དྲང་སྲོང་ཤེས་རབ་ཕུན་ཚོགས་རྣམ་རྒྱལ་དང་། བཀའ་རམས་པ་འབེ་ཚ་དྲང་སྲོང་ཁྲི་གཙུག་རྒྱལ་མཚན་རྣམ་གྲོལ། བཀའ་རམས་པ་དཔོན་ཚང་དྲང་སྲོང་ཤེས་རབ་ཚུལ་ཁྲིམས་དཔལ་ཆེན་རྣམ་པ་གསུམ་གྱིས། དགེ་བཤེས་ཀྱི་་སྔོན་འགྲོའི་བཤད་པ་ཕུལ་བ་དང་། བཀའ་རམས་པའི་གཏོང་སྒོའི་སྦྱིན་བདག་ནང་མི་སྤུན་མཆེད། ཡུལ་མི་ཉེ་འབྲེལ་རྣམས་ཀྱིས་མང་ཇའི་མཆོད་སྤྲིན་དང་སྐུ་འགྱེད་བཅས་རྒྱས་འབུལ་མཛད།
ཚེས་ཉི་ཤུ་ཉིན་བཀའ་རམས་པ་རྣམ་པ་གསུམ་གྱིས་གཞུང་ཆེན་དམ་འཇོག་གནང་བ་དང་། དམ་བཅའ་གོང་འོག་གཉིས་ཀྱི་ངག་རྒྱུགས་རིམ་པར་ཕུལ་རྗེས། དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན། སྤུ་རྒྱལ་རིག་སློབ་ཁང་། ག་ངས་ཅོང་རི་དགོན། སྒང་རི་དར་རྒྱས་དགོན། ཁྱུང་སེར་བྱ་ཟེ་དགོན། སྟེང་ཆེན་མཐོང་གྲོལ་རི་ཁྲོད། ཀོ་དགོན་བདེ་ཆེན་ཀུན་གྲགས་གླིང་། མདོ་སྨད་སྣང་ཞིག་དགོན་ཆེན། བདའ་ཆེན་དཀར་མོ་རི་ཁྲོད། བྲག་འགོ་རྒྱལ་རོང་དགོན་བཅས་ནས་ཕེབས་པའི་བླ་མ་དང་། སློབ་དཔོན། དགེ་རྒན། སློབ་གཉེར་བ་རྣམས་ཀྱིས་རིམ་པ་བཞིན་མདོ་སྔགས་སེམས་གསུམ་དང་གབ་མཛོད་ས་གསུམ་གཙོས་པའི་གཞུང་ཆེན་ཡིག་ཆ་ཁག་ནས་བརྒལ་བརྟག་གི་རྩོད་པ་ལེགས་པར་གནང་སྟེ་ལུང་རིགས་གཏན་ཚིགས་ཀྱི་མཆོད་པ་ཕུལ་གནང་མཛད།
ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་པའི་ཐོག་ཏུ། འདུས་པ་རྒྱ་མཚོ་ཡོངས་ཀྱིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་སྒོ་དབྱེའི་ཚིག་བཤད་དང་བཅས། ཤེལ་སྲས་གཡུང་དྲུང་འབྲུག་གྲགས་དང་མཁན་པོ་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ཀྱིས་གསལ་བའི་སྒྲོན་མེ་འདེག་བཞིན། དར་མཚོན་སྣ་ལྔའི་སྒོ་དར་ཕྱེས་ཏེ་དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་གསས་ཁང་སྐལ་བཟང་འགྲོ་འདྲེན་དབུ་འབྱེད་མཛད།
དེ་ནས་འདུས་སྡེ་རྒྱ་མཚོ་རྣམས་གཙུག་ལག་ཁང་ཆེན་མོའི་ཚོགས་གྲལ་དུ་དགྱེས་འཛོམ་མཛད་པ་དང་ཆབས་གཅིག དགེ་བཤེས་ཤེས་རབ་སྦྱིན་པས་གཙོ་སྐྱོང་གནང་སྟེ། ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་ནམ་ཤེལ་སྟོན་ཚེ་དབང་བདེ་ཆེན་སྙིང་པོའི་གསུང་འབུམ་དབུ་འབྱེད་ཀྱི་མཛད་རིམ་གསལ་བསྒྲགས་གནང་། རིམ་པ་བཞིན། ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་གྱི་གསུང་འབུམ་རྩོམ་སྒྲིག་གི་དབུ་འཛིན་དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་། དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། དགེ་བཤེས་ཚུལ་ཁྲིམས་གཙུག་ཕུད། གསུང་འབུམ་ལག་བསྟར་རྩོམ་སྒྲིག་པ་རྩོམ་པ་པོ་ལྡོང་སྐལ་བཟང་བཅས་ཀྱིས་འབྲེལ་ཡོད་གསུང་བཤད་དང་བགྲོ་གླེང་གནང་། ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་ཁྲི་འཛིན་ཤེལ་སྲས་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་མཆོག་ནས། ག་ཤེལ་ཁྲི་ཆེན་གྱི་གསུང་འབུམ་དཔེ་ལུང་གནང་བ་དང་། དད་ལྡན་མི་དམངས་ཡོངས་ནས་མཇལ་ཁ་ཞུས། ཉིན་དེའི་ཕྱི་དྲོར་བླ་སྤྲུལ་འདུས་པ་རྒྱ་མཚོ་ཡོངས་ནས་གསས་ཁང་སྐལ་བཟང་འགྲོ་འདྲེན་གྱི་རྟེན་དང་བརྟེན་པར་མངའ་དབུལ་རབ་གནས་མཛད།
ཚེས་ཉེར་གཉིས་ཀྱི་ཞོགས་པར་བཀྲ་ཤིས་དམ་བཅའ་འཚོགས་ཏེ། འདུས་སྡེ་རྒྱ་མཚོས་བཀའ་རམས་པ་རྣམ་པ་གསུམ་ལ་ལྷ་ཀླུ་མི་ཡི་གཤེན་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་གྲངས་ལྡན་ཞེས་པ་སོགས་ཀྱི་མཚན་གྱི་ཆེ་རྟགས་གསོལ་བ་སོགས། བཀྲ་ཤིས་པའི་ཐལ་ཕྲེང་གི་མཆོད་པ་ཕུལ་བར་མཛད།
ཕྱི་དྲོར་བཀའ་རམས་པ་རྣམ་གསུམ་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་གསོལ་ཞིང་། ཁྲི་འཛིན་བླ་མ་ཤེལ་སྲས་གཡུང་དྲུང་འབྲུག་གྲགས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ཀྱིས་དགེ་བཤེས་ཀྱི་ཕྱག་ཁྱེར་དང་རྟེན་འབྲེལ་མགུལ་དར་བཅས་གནང་སྟེ། བཀའ་རམས་པ་རྣམ་པ་གསུམ་གྱིས་མཆོད་ཚིག་སྨོན་པ་ཡོངས་འགྲུབ་དང་མཚན་ཉིད་ཚིག་བཀྲ་བཅས་གསུངས།
དེ་ནས་ཁྲི་འཛིན་བླ་མ་མཆོག་གིས་དད་ལྡན་རྣམས་ལ་ཁྲུས་ཆབ་གནང་བ་དང་། གདན་སའི་མཁན་སློབ་དགེ་བའི་བའི་བཤེས་གཉེན་རྣམས་དང་། འདུས་པ་རྒྱ་མཚོ་རྣམས་དུ་ཏྲི་སུ་ཡི་སྙིང་པོའི་སྒྲ་དབྱངས་སྒྲོག་བཞིན་གླིང་སྐོར་ཕེབས་རྗེས། གཙུག་ལག་ཁང་ཆེན་མོའི་སྒོ་འགྲམ་ནས་གདན་སའི་བླ་མ་དང་མཁན་སློབ། དགེ་རྒན་རྣམས་དང་། དད་ལྡན་བརྒྱ་ཕྲག་མང་པོས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་རྣམ་པ་གསུམ་ལ་སྐལ་པ་བཟང་བའི་སྨོན་ཚིག་གི་འུར་སྒྲས་གནམ་ས་ཁེངས་པར་མཛད། དེ་ནས་དགེ་བཤེས་རྣམ་པ་ཁྲི་བཞེངས་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་ཞབས་པད་ཁྲི་ལ་བཀོད་པ་དང་གྲྭ་བཙུན་འདུས་སྤྱི་དང་དད་ལྡན་མང་ཚོགས་རྣམས་ཀྱིས་སྐལ་པ་བཟང་བའི་ཤིས་སྨོན་གྱི་འུར་སྒྲས་གནམ་ས་ཁེངས་པ་བྱེད་བཞིན་བཀའ་རམས་པ་རྣམས་ལ་མཇལ་ཁ་ཞུས་པ་སོགས། དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་མཛད་རིམ་ལེགས་པར་གྲུབ་པ།
ཚེས་ཉེར་གསུམ་ཉིན་དགེ་བཤེས་རྣམ་པ་གསུམ་གྱིས་སྦྱིན་བདག་མཛད་དེ་མཛད་སྒོ་ལེགས་གྲུབ་ཀྱི་གཏང་རག་གི་གསོལ་སྟོན་དུ། འདུས་སྡེ་རྒྱ་མཚོ་རྣམས་སྤུ་རྒྱལ་གངས་རིའི་བྱང་ཕྱོགས་རྐྱང་གཞུང་དུ་ཕེབས་ཏེ། གནས་ཆེན་སྤུ་རྒྱལ་གངས་རིའི་མདུན་དུ་བསང་གསོལ་གསེར་སྐྱེམས་དང་། བསྟན་འབར་སྨོན་ལམ་དབྱངས་ལ་བསྐྱོན་པ་དང་། སྤུ་རྒྱལ་གངས་དཀར་གྱི་འཁྱག་རོམ་དང་མཚོ་མོ་དང་མཚེའུ། སྤང་ལྗོངས་བཅས་ལ་གཟིགས་མོ་མཛད་བཞིན། དགའ་སྟོན་རྟེན་འབྲེལ་ལ་རོལ་བ་བཅས་ཀྱི་གནས་བསྡུས་སུ། གོ་སྒྲིག་ལྷན་ཚོགས་ནས་སྤེལ། ༢༠༢༡/༩/༢༦ཉིན།