ཀླུ་ཕུག་དགོན་ཆེན་གྱི་སྐབས་བཞི་པའི་དགེ་བཤེས་མཛད་སྒོ་སྤེལ་བའི་གནད་བསྡུས།

[ཟླ་ཚེས། 2021-09-04 11:16:40][རྩོམ་པ་པོ། 《གངས་ལྗོངས་ཤེས་རིག》རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཀླུ་ཕུག་དགོན་ཆེན་༧དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་སྐབས་བཞི་པའི་དགེ་བཤེས་མཛད་སྒོ་སྤེལ་བའི་གནད་བསྡུས།

   ཁམས་སྟོད་བོན་གྱི་གྲྭ་ས་ཆེན་མོ་ཀླུ་ཕུག་དགོན་ཆེན་༧དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་གི་བཤད་སྒྲུབ་སློབ་གླིང་དུ། བགྲང་བྱ་ཧྲིལ་པོ་བཅོ་ལྔའི་རིང་ལ་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་བརྒྱད་དང་། ཐུན་མོང་བཅུ་ཕྲག་རིག་པའི་གནས་བཅས་ལ་བརྡར་ཤ་ལེགས་པར་བཅད་ནས། འཆད་རྩོད་རྩོམ་གསུམ་གྱི་ལག་རྗེས་དོན་ལ་སྨིན་པ་བཀའ་རམས་པ་བཅུ་གཅིག་ལ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གྱི་ཅོད་པན་བསྩལ་བའི་སྐལ་བཟང་མཛད་སྒོའི་གོ་རིམ་གཤམ་གསལ།
   བདག་ཅག་གི་སྟོན་པ་བདེ་བར་གཤེགས་པ་འཛམ་བུ་གླིང་དུ་སྐུ་མངོན་པར་བལྟམས་ནས་བགྲང་བྱ་༡༨༠༣༨སྟེ། གཤེན་གྱི་འབྱུང་ལྡན་༣༠༡ཉག་མ་༣༨བོད་མེ་གླང་ལོའི་བོད་ཟླ་༧པའི་ཚེས་༡༨ སྤྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༢༥ཉིན་ནས་༢༨བར་ཞོགས་པ་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་ཐོག་བཤད་སྒྲུབ་འདུ་ཁང་ཆེ་མོའི་སྟེང་ནས་ཐོག་རོལ་དང་། འདུ་ཁང་གི་གཡས་ཕྱོགས་ནས་དགོན་གྱི་ཁྲི་འཛིན་སྐྱབས་རྗེ་མཁན་ཆེན་༧ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་དང་། གཡོན་ངོས་ནས་རྒྱལ་བ་སྨན་རིའི་དགེ་བཤེས་ཆེན་མོ་སྐྱབས་རྗེ་དཔོན་སློབ་༧ཤེས་རབ་གཡུང་དྲུང་གཙུག་ཕུད་རིན་པོ་ཆེ་རྣམ་གཉིས་སེར་ཕྲེང་གིས་ཕེབས་བསུ་དང་། མདུན་ངོས་ནས་ཞུ་བླ་དགེ་བཤེས་༧གཡུང་དྲུང་རྒྱ་མཚོ་རིན་པོ་ཆེ་མཆོག་དང་བཀའ་རམས་པ་རྣམ་པ་བཅུ་གཅིག་ཉིན་རིམ་ལྟར་སྤོས་འདྲེན་དང་ལྗགས་གླིང་གིས་སྣ་དྲངས་ནས། བཤད་སྒྲུབ་འདུ་ཁང་ཆེན་མོའི་ནང་དུ་གདན་འདྲེན་ཞུས་ཏེ་འདུས་པ་རྒྱ་མཚོའི་ཚོགས་དང་དད་འདུན་སེར་སྐྱ་ལྷན་འཛོམས་ཐོག  བཀའ་རམས་པ་རྣམ་པའི་དད་སྦྱིན་ཁག་ནས་འདུས་པ་རྒྱ་མཚོར་ཟབ་ཇ། འབྲས་སིལ། སྐུ་འགྱེད་རྒྱས་འབུལ་དང་འབྲེལ། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་བཤད་པའི་གཞུང་སྒྱུར་གོང་འོག་ཉིན་རིམ་ལྟར་གསུངས་རྗེས་བཀའ་རམས་པ་རྣམས་ཀྱིས་རིམ་པར་བཤད་པ་ཕུལ། ཕྱི་དྲོ་ཆུ་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་ཐོག་རོལ་སོགས་གོང་ལྟར་བྱས་ལ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་། ཞུ་བླ་དགེ་བཤེས་གཡུང་དྲུང་རྒྱ་མཚོ། བཀའ་རམས་པ་རྣམས་ཉིན་རིམ་ལྟར་སྤོས་དུད་ལྗགས་གླིང་གིས་བསུས་ནས་གསས་ཁང་ནང་དུ་གདན་དྲངས་ཏེ་འདུས་མང་ལ་བཀྲ་ཇ་དང་འོ་ཞོ་ཕུལ་རྟིང་། བཀའ་རམས་པ་རྣམ་པས་རིམ་པར་བཀྲ་ཤིས་གསོལ་བ་དང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་སོགས་ཉིན་རིམ་ལྟར་བཀའ་རམས་པ་རྣམས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་ལེགས་པར་གྲུབ།

ཉིན་དང་པོའི་བཤད་པ་གྱེར་མཁན། གཙང་ཚ་དྲང་སྲོང་ཚུལ་ཁྲིམས་བཟོད་པ་མཐར་ཕྱིན། ཇུ་མུར་དྲང་སྲོང་གཡུང་དྲུང་བསྟན་པ་ལྷ་རྒྱལ། བླ་སར་དྲང་སྲོང་ཤེས་རབ་སྦྱིན་པ་གཙུག་ཕུད།

ཉིན་གཉིས་པའི་བཤད་པ་གྱེར་མཁན། ནག་རུ་དྲང་སྲོང་བརྩོན་འགྲུས་རྣམ་དག་ཉི་མ། བན་སར་དྲང་སྲོང་མཐའ་ཡས་སྦྱིན་པ་རྒྱ་མཚོ། ཁྱུང་པོ་དྲང་སྲོང་ཚུལ་ཁྲིམས་འགྱུར་མེད་རྒྱལ་མཚན།

ཉིན་གསུམ་པའི་བཤད་པ་གྱེར་མཁན། ཕྱྭ་ག་དྲང་སྲོང་ཚུལ་ཁྲིམས་གཡུང་དྲུང་རྣམ་དག བྲ་བོ་དྲང་སྲོང་ཚུལ་ཁྲིམས་བློ་གསལ་ཉི་མ། རག་ཤི་དྲང་སྲོང་བསམ་གཏན་མཐར་ཕྱིན་འབྱུང་གནས།

ཉིན་བཞི་པའི་བཤད་པ་གྱེར་མཁན། གཙང་ཚ་དྲང་སྲོང་བསམ་གཏན་རིན་ཆེན་བློ་གྲོས། འཇང་དྲང་སྲོང་ཚུལ་ཁྲིམས་འགྱུར་མེད་བསྟན་འཛིན།

   དངོས་གཞིའི་མཛད་སྒོ་ཉིན་ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་ལ་བཀའ་རམས་པ་རྣམས་ནས་ཉིན་ལྟར་སྔ་དྲོ་དམ་བཅའི་ཚིག་བཤད་ངག་རྒྱུག་ཕུལ་བ་དང་། ཕྱི་དྲོ་ཆུ་ཚོད་གཉིས་དང་སྐར་སུམ་ཅུ་ནས་ཆུ་ཚོད་དྲུག་པའི་བར་དུས་ཚོད་གསུམ་ལྷག་རིང་དགེ་བཤེས་རྣམ་པ་གཙོས་པའི་སྔགས་རྫོགས་འཛིན་གྲྭ་ནས་བཟུང་གཞུང་ཆེན་ཁག་གི་འཛིན་གྲྭ་སོགས་མཁས་མང་འདུས་སྡེའི་དབུས་སུ་དམ་འཇོག་རྩོད་རྒྱུགས་གནང་།
   

ཉིན་དང་པོའི་དམ་བཅའ་དགེ་བཤེས་རྣམ་པ་གསུམ།

ཉིན་གཉིས་པའི་དམ་བཅའ་དགེ་བཤེས་རྣམ་པ་གསུམ།

ཉིན་གསུམ་པའི་དམ་བཅའ་དགེ་བཤེས་རྣམ་པ་གསུམ།

ཉིན་བཞི་པའི་དམ་བཅའ་དགེ་བཤེས་རྣམ་པ་གཉིས།

   ཉིན་དགུ་པར་བཀྲ་ཤིས་དམ་བཅའ་དང་མཆོད་ཚིག་ཕུལ། སྐྱབས་རྗེ་༧དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚན་རྟགས་གསུང་ཞིང་། སྐྱབས་རྗེ་༧མཁན་རིན་པོ་ཆེ་ནས་བསྔོ་སྨོན་གྱིས་རྒྱས་གདབ་སྟེ་བཀའ་རམས་པ་བཅུ་གཅིག་ལ་མགུར་དར་དང་ཕྱག་མདུད། ཕྱག་ཁྱེར་བཅས་བསྩལ་གནང་མཛད།
   དེ་ནས་བཀའ་རམས་པ་རྣམས་ཀྱིས་ཚིག་བཀྲ་གསུངས་ཤིང་འདུ་ཁང་སྐོར་བ་ཕེབས་པ་དང་ཁྲུས་གསོལ་གྲུབ་རྟིང་། སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་ཞེས་སྐལ་བཟང་གི་ཤིས་ཚིག་གསུང་པ་དང་འབྲེལ། འདུས་པ་རྒྱ་མཚོ་དང་དད་འདུན་སེར་སྐྱ་ཡོངས་ཀྱིས་སྐལ་བཟང་གི་འབོད་སྒྲ་འུར་དིར་དིར་དུ་ངང་།
   དགེ་བཤེས་རྣམ་པ་བཅུ་གཅིག་ཁྲི་གསོལ་ཁང་དུ་ལྗགས་གླིང་དང་སྤོས་དུད་ཀྱིས་སྣ་དྲངས་ཏེ་གདན་འདྲེན་ཞུས་ནས། འདུས་མང་དད་འདུན་ཡོངས་ནས་མཛད་འཕྲིན་བསྟན་འགྲོར་སྨན་པའི་ཤིས་སྨོན་སྐལ་བཟང་བརྗོད་བཞིན་ཁྲི་གསོལ་བཀྲ་ཤིས་ཁ་བཏགས་གུས་འབུལ་བྱེད་ཀྱིན་དགེ་བཤེས་ཁྲི་གསོལ་མཛད་སྒོའི་མཇུག་ཡོངས་སུ་གྲུབ་བོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།