ག་ཤེལ་ཁྲི་ཆེན་གྱི་གསུང་འབུམ་དཔར་བསྐྲུན་སྐོར་གྱི་གནས་བསྡུས་དང་འགྲེམ་སྤེལ་གསལ་བརྡ།

[ཟླ་ཚེས། 2021-09-02 16:29:21][རྩོམ་པ་པོ། ག་ཤེལ་དགོན་གསུང་འབུམ་སྒྲིག་ཞུ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཚོགས་ཟུང་རྒྱ་མཚོའི་ཀློང་ནས་ལེགས་འཁྲུངས་ཤིང་།།བསླབ་གསུམ་ནོར་བུའི་གཙུག་ན་མངོན་མཐོ་བ།།
གངས་ཅན་མཁས་དགུའི་དབུས་ནས་རྒྱུ་སྐར་བཞིན།།ས་གསུམ་འགྲན་བྲལ་དྲུང་མུ་ཝེར་ཞིར་མཆོད།།
གསང་ཆེན་རིག་པ་འཛིན་པའི་སྐར་ཚོགས་དབུས།།མཁྱེན་དཔྱོད་ཉི་ཟླའི་འོད་སྣང་འབུམ་འཁྱུད་པའི།།
གསང་ཆེན་བྱེ་བའི་དཀྱིལ་གྱི་མཁས་གྲུབ་རྗེ།།གསང་བདག་བདེ་ཆེན་སྙིང་པོ་གཙུག་ན་རྒྱལ།།
སྤང་ལམ་དྲི་བྲལ་པད་མོའི་སྡོང་པོ་ལ།།བསྒྱུར་ལམ་རིམ་གཉིས་ཧ་ལོའི་འདབ་སྟོང་རྒྱས།།
གྲོལ་ལམ་རིག་པའི་ཟེའུའབྲུ་འབུམ་བཞད་པའི།།རྒྱུད་གསུམ་བསྟན་པའི་མཛོད་འཛིན་་ཤེལ་སྟོན་རྗེ།།
རྨད་བྱུང་བོན་སྒོ་ནོར་བུའི་གླིང་ཆེན་ནས།།ཟབ་མོའི་གཏེར་ཆེན་འགྲོ་ལ་འབབ་དུ་དྲངས།།
ཟབ་དཀར་བསྟན་པའི་དབུ་འཕང་འདེགས་པ་པོ།།ཟབ་ལམ་སྔགས་ཀྱི་བདག་ཉིད་དཔའ་བོ་ཆེ།།
སྔོན་བྱོན་དྲན་དབང་གསེར་རིའི་ཕྲེང་བ་ལས།།གྲུབ་སྙན་རིང་ལུགས་རྨ་མེད་བྱེ་བའི་དབུས།།
དགོངས་རྟོགས་རིན་ཆེན་གཏེར་གྱི་མཛོད་འཆང་བ།།གྲུབ་པའི་ཁྱུ་མཆོག་ཤེལ་སྟོན་ཆེན་མོར་འདུད།།
གངས་ཅན་རི་རྒྱལ་སྤུ་རྒྱལ་གངས་ཀྱི་འདབས།།སྟོན་པའི་རྒྱལ་པོ་དྲུང་མུ་ཝེར་ཞི་ཡིས།།
བསྟན་པའི་རྒྱལ་པོ་གཡུང་དྲུང་བོན་སྤེལ་བའི།།བཀའ་དྲིན་དྲན་པའི་གཤེན་དབྱངས་ངག་གིས་ཕུལ།།
   གསང་ཆེན་བསྟན་པའི་གསལ་བྱེད་ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་ནི་དུས་རབས་བཅུ་དགུའི་སྨད་ལོ་རབས་དགུ་བཅུའི་ཕྱི་ལོ་༡༨༩༣ལོར་ཁྱུང་ཡུལ་སྟོད་ཀྱི་གནས་མཆོག་སྤུ་རྒྱལ་གངས་རིའི་ཉེ་འདབས་ག་ཤེལ་སྦྲ་ནག་བླ་བྲང་དུ་སྐུ་འཁྲུངས། རིན་པོ་ཆེ་ཁོང་སྐུ་ན་ཆུང་དུས་ནས་སྦྲ་ནག་བླ་བྲང་གིས་གཟིགས་སྐྱོང་འོག་འབྲི་ཀློག་སོགས་རིག་གནས་ཁག་ལ་སློབ་གཉེར་ཚུལ་མཐུན་མཛད་ཅིང་། ཁྱད་པར་དུ་ཁྱུང་ཡུལ་གྱི་སྐྱེས་ཆེན་གཙོས་པའི་སྐྱེས་ཆེན་དུ་མའི་དྲུང་དུ་བོན་གྱི་མདོ་སྔགས་གཞུང་ལུགས་ཀུན་ལ་གསན་བསམ་རྒྱ་ཆེར་མཛད་པས་འགྲན་པའི་ཟླ་དང་བྲལ་བའི་ཉམས་རྟོགས་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཏེ་སྔ་དར་རིག་འཛིན་གོང་མ་ལྟ་བུའི་ལྟ་བའི་གདེང་ལྡན་ཞིང་སྒོམ་པའི་ཉམས་འབར་བའི་རྣལ་འབྱོར་པ་ཡང་རབས་སུ་གྱུར། མ་ཟད་བརྡ་དག་རིག་གནས་དང་། རྩོམ་རིག་སྡེབ་སྦྱོར། ཆོ་ག་བཅའ་འདོན། གསོ་བ་རིག་པ་སོགས་རིག་གནས་ཀུན་ལ་མཁྱེན་རྩལ་ཕུལ་དུ་བྱུང་ཞིང་མདོར་ན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་སྲིད་ན་དཀོན་པ་ཞིག་ཡིན།
   ཁོང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱོང་སྟོབས་ཀྱི་ཡོན་ཏན་གཉིས་ཆར་འཛོམས་པའི་བླ་མ་ཞིག་ཡིན་ལ། སྔོན་བྱོན་གཤེན་གྱེར་རྨ་དབྱིལ་དང་འདྲ་བའི་གཏེར་གྱི་བོན་སྒོ་དུ་མའི་མངའ་བདག་དང་། ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་དང་འདྲ་བར་གྲུབ་ཐོག་སྙན་ཁུང་རྒྱུད་པའི་མདོ་འཛིན་སྙན་རྒྱུད་བོན་སྒོ་དུ་མའི་མཛོད་འཛིན་དུ་གྱུར། བོན་གྱི་ལོ་རྒྱུས་ཁྲོད་དུ་གཏེར་སྟོན་དང་། སྙན་རྒྱུད་བླ་མ་ཧ་ཅང་མང་ཡང་། གཏེར་དང་སྙན་རྒྱུད་གཉིས་ཆ་འཛོམས་མཁན་དཀོན་པོ་ཡིན། ཁོང་ནི་གཏེར་དང་སྙན་རྒྱུད་ཀྱི་མངའ་བདག མཁས་དང་གྲུབ་པའི་དབང་ཕྱུག་ཡིན་པས་བོན་གྱི་ཉེ་དུས་ལོ་རྒྱུས་ཁྲོད་ནས་ཁོང་འདྲ་བ་ཉུང་ཉུང་བྱུང་བས། བླ་མ་འདིའི་རྣམ་ཐར་དང་མཛད་པ་ནི་བོད་ཀྱི་སྐྱེས་ཆེན་ཁྲོད་ནས་འབུར་དུ་ཐོན་ཞིང་རྨད་དུ་བྱུང་བ་ཞིག་ཡིན། ཁོང་གིས་གཏེར་ནས་དྲངས་པའི་རྟེན་གསུམ་གྱི་རིགས་ཧ་ཅང་མང་པོ་ཡོད་ལ། དེ་དག་འགའ་ཞིག་ད་ཆ་གྲྭ་ས་སྨན་རི་དང་། ག་ཤེལ་དགོན་སོགས་དགོན་སྡེ་དུ་མའི་ནང་དུ་བཞུགས་ཡོད་ལ། མང་པོ་ཞིག་གཏོར་བརླག་ཡང་བྱུང་ཟིན་པ་ཡིན། གཏེར་དང་སྙན་རྒྱུད་ཅི་རིགས་སུ་བྱུང་བའི་གླེགས་བམ་གྲངས་དུ་མ་ཡོད་ལ་དེ་དག་ཁྲོད་ནས་བོར་གཏོར་བྱུང་ཟིན་པ་ཡང་མང་པོ་ཡོད།
    བླ་མ་འདི་ཉིད་ཀྱིས་དུ་རབས་ཉི་ཤུའི་སྟོད་དུ་ཁྱུང་ཡུལ་ག་ཤེལ་དགོན་དུ་གསུང་རབ་འབྲི་བཞེངས་ཀྱི་ཕྱག་ལས་དབུ་བཙུགས་ཏེ། གླེགས་བམ་སྟོང་ཕྲག་ལྷག་རྟེན་བཞེངས་གནང་བ་དང་། ཡུལ་དེ་གའི་ས་གནས་སུ་ཡིག་བྲིས་པ་གསོ་སྐྱོང་མཛད་ནས་ཁྱུང་གཟབ་དང་། ཁྱུང་པོའི་འབྲུ་ལྗིབ་གཙོས་པའི་བོད་ཀྱི་ཡིག་གཟུགས་ཡར་སྐུལ་གྱི་ལས་འགུལ་སྤེལ་ནས། ཡིག་བྲིས་པ་རྩེ་ཕུད་རྣམས་ལ་གཟེངས་བསྟོད་དང་ཆེ་མཐོང་མཛད་ནས་བོད་ཀྱི་ཡིག་གཟུགས་འཕེལ་རྒྱས་ཐད་སྐུལ་འདེད་ནན་ཏན་མཛད་ཡོད། དུས་དེར་ཁྱུང་ཡུལ་སྤུ་རྒྱལ་ཁུལ་དུ་བྱུང་བའི་ཁྱུང་པོའི་ཡིག་བྲིས་པ། མ་ནུ་དང་། ཞང་ཞུང་། རིག་ཚ། ཁྲ་སོགས་ཀྱིས་བྲིས་པའི་ཡིག་གཟུགས་ཀྱི་སྤུས་ཚད་ལ་དེང་དུས་བྲིས་པས་རྗེས་མི་ཟིན་པའི་ཡིག་གཟུགས་ཟབ་ཚད་བྱུང་ཡོད། མཛད་པ་དེ་དག་གིས་ཁྱུང་པོའི་ཡིག་གཟུགས་འཕེལ་རྒྱས་ལ་སྐུལ་འདེད་ནན་པོ་བྱས་པ་མ་ཟད། ད་ཆ་ཁྱུང་པོའི་ཡིག་གཟུགས་ཀྱི་མཚན་སྙན་ཕྱོགས་གང་སར་མཆེད་པའི་མཆོང་བསྐྱོད་ལ་ཤུགས་སྣོན་འཕར་མ་ཞིག་བླ་མ་འདི་ཉིད་ཀྱིས་བྱིན་ཡོད།  ད་ལན་ཁོང་ལ་སྙན་རྒྱུད་བབས་པ་དང་གཏེར་ལས་དྲངས་པ། དེ་མིན་ཁོང་གིས་མཛད་པ་བཅས་གསུང་འབུམ་དཔེ་གཟུགས་ཅན་པོད་བཅུ་བཞིའི་བདག་ཉིད་ཅན་ཞིག་དཔར་བསྐྲུན་ལེགས་གྲུབ་བྱུང་བ་ནི་དགའ་འོས་པའི་བྱ་བ་ཞིག་ཏུ་བརྩི་བཞིན་ཡོད་ལ། ཁོང་གི་གསུང་འབུམ་ལ།  གསས་མཁར་གསང་བ་སྒོ་དགུ། གསས་མཁར་མཆོག་ལྔ་དང་། དབལ་གསས། ལྷ་རྒོད། དྲན་པ་ཡང་གསང་།  སྟོང་རྒྱུང་སྒྲུབ་སྐོར། གསང་འདུས། ཚེ་སྒྲུབ་གཡང་སྒྲུབ། དྲན་པ། མ་ཏྲི། སྲིད་རྒྱལ། བླ་སྒྲུབ། བསྐང་བ་དང་གསོལ་ཁ། ཕྱག་མཆོད། ཕྱག་བཞེས། ཟིན་བྲིས། ཉམས་མགུར། མ་འོངས་ལུང་བསྟན། གསོལ་འདེབས། གསང་སྔགས་རྫས་ངོས་འཛིན། གསང་སྔགས་ཁྲིད་རིམ། རྫོགས་ཆེན་ཁྲིད་རིམ་སོགས་ཀྱིས་མཚོན་པའི་རྩ་ཆེའི་དཔེ་ཆ་དུ་མ་ཞིག་བཞུགས་ཡོད། དེ་དག་ཁྲོད་དུ་དམིགས་བསལ་ཁྱད་བོན་འབུར་དུ་ཐོན་པའི་གསང་སྔགས་སྒྲུབ་སྐོར་དུ་མ་ཡོད་འདུག་པ་ནི། ཆོ་ག་མཁན་གྱི་ལག་ལེན་ཙམ་མིན་པར་གསང་སྔགས་ཀྱི་གཞུང་ལ་གཟིགས་རྟོག་གནང་མཁན་ཀུན་ལ་མཁོ་གལ་ཆེ་བའི་དཔེ་ཆ་ཤ་སྟག་ཏུ་གྱུར། ལྷག་ཏུ་སྟོང་རྒྱུང་སྒྲུབ་སྐོར་དེ་ནི་རིག་འཛིན་བོན་སྐོར་ནས་ཆེས་རྒྱས་ཤོས་དེ་ཆགས་ཡོད། དེ་ལ་སྟོང་རྒྱུང་གི་གཅོད་དང་། སྔོན་འགྲོ། རྩ་རླུང་། བྱང་ངུ་། སྨན་སྒྲུབ། སྲུང་བ། བཟློག་པ། བསད་པ། སྦྱིན་བསྲེག་སོགས་ཆ་ལག་ཁ་ཚར་རིགས་སོགས་ཧ་ཅང་མང་པོ་བཞུགས་པ་ནི་རིག་འཛིན་བོན་སྐོར་གྱི་སྒོར་འཇུག་པའི་ལྡེ་མིག་ལྟ་བུ་གྱུར། ཁོང་གི་གསུང་འབུམ་གྱི་ཁྱད་བོན་གཞན་ཞིག་ནི། ཁོང་ཉིད་ཀྱིས་གཏེར་ནས་བཞེས་པ་དང་། སྙན་རྒྱུད་དུ་བབས་པའི་བོན་སྡེ་ཁག་ཏུ་གཏེར་བོན་རྣམས་གཏེར་ལས་ཇི་ལྟར་བཏོན་ཚུལ་དང་། སྙན་རྒྱུད་རྣམས་སྙན་དུ་རྒྱུད་ཚུལ་ཧ་ཅང་གསལ་པོ་བྲིས་ཡོད་པས། གཏེར་མ་དང་སྙན་རྒྱུད་རིགས་ལ་ཞིབ་འཇུག་བྱེད་མཁན་རྣམས་པས་དཔྱད་གཞིའི་ཡིག་ཆ་གལ་ཆེན་དུ་གྱུར་ཡོད། དཔེར་ན་སྙན་དུ་མ་རྒྱུད་པའི་སྔོན་དུ་འཆར་སྣང་བྱུང་ཚུལ་དང་དེ་རྗེས་སུ་སྙན་རྒྱུད་བབས་ཚུལ་དང་། སྙན་རྒྱུད་བྱུང་ནས་དུས་ཡུན་རིང་པོའི་རྗེས་སྙན་རྒྱུད་རྣམས་ཤོག་ཐོག་ཕབ་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཡིག་ཐོག་ཏུ་བཀོད་ཡོད་པ་ནི་ཐུན་མིན་གྱི་ཁྱད་བོན་ཞིག་ཏུ་སྣང་། གནས་ཚུལ་དེ་དག་ནི་ཆེས་གལ་ཆེ་བ་ཞིག་རེད་སྙམ། བོན་གྱི་བཀའ་བརྟེན་མ་མཐའ་བརྒྱ་ཆ་དགུ་བཅུ་གཏེར་མ་དང་སྙན་རྒྱུད་ཀྱི་གྲུབ་ཡོད་སྟབས་དེའི་གནས་ཚུལ་རྒྱུས་ལོན་བྱེད་པ་ནི་རྩ་བའི་བོན་ཞིབ་འཇུག་གི་གནད་དོན་ཞིག་ལ་ཐུག་ཡོད།  སྤྱིར་ཁོང་ལ་གསུང་འབུམ་གྲངས་འབོར་ཆེན་ཡོད་འདུག་ནའང་། དུས་འགྱུར་སྐབས་སྨན་དཔེ་སོགས་རྩ་ཆེའི་གསུང་དཔེ་དུ་མ་ཞིག་མེ་ཆུའི་ཀློང་དུ་ཐིམས་ནས་གཏོར་བརླག་སོང་བ་ནི་རྒྱལ་བསྟན་སྤྱི་ལ་བྱུང་བའི་གོད་ཆགས་ཀྱི་གྲལ་ཞིག་རེད། དེའི་ཁྲོད་ནས་ཆེས་ཕངས་སེམས་ཤོར་གནས་ནི་ཉིད་ཀྱིས་བརྩམས་པའི་སྨན་དཔེ་རྣམས་བོར་བརླག་ཏུ་བྱུང་བ་དེ་གྱུར་ཡོད། ཁོང་ནི་སྤྱིར་རིག་གནས་གང་ཐད་ལ་མཁས་ཤིང་ཁྱད་པར་གསོ་རིག་དང་དེའི་ནང་ནས་རིམ་ནད་ལ་མཁས་པའི་བླ་མ་ཞིག་ཡིན་པ་མ་ཟད། གསོ་རིག་སློབ་མའང་སྐད་གྲགས་ཅན་དུ་མ་བྱུང་ཡོད་པ་རེད།  དམིགས་བསལ་དུ་དེང་དུས་ཚན་རྩལ་རིག་པ་དང་བསྟུན་ཏེ་ཁྱུང་པོ་སྟེང་ཆེན་དགོན་གྱིས་གཙོ་གཉེར་བྱས་པའི་ཁྱུང་པོའི་ཡིག་གཟུགས་འདི་དག་རྫོང་རིག་གནས་ཅུད་ནས་གཟིགས་སྐྱོང་དང་མཐོང་ཆེན་གྱིས་གནང་བ་ཐོབ་སྟེ་དངོས་སུ་འགྲེལ་སྤེལ་ཐུབ་པ་བྱུང་ཡོད་པ་མ་ཟད་དམ་པ་གང་ཉིད་ཀྱི་གསུང་འབུམ་དཔར་བསྐྲུན་གྱི་ལས་གཞི་ལེགས་གྲུབ་བྱུང་ནས་དཔར་བསྐྲུན་འགྲེམས་སྤེལ་གྱི་བྱ་འགུལ་སྤེལ་ལ་ཉེ་བ་དང་གསུང་འབུམ་དཔར་བསྐྲུན་ལས་དོན་ནང་ལ་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་མ་ཟད་དགེ་དེས་དཔལ་ལྡན་བླའི་བསྟན་པ་དར་ཞིང་རྒྱས་ལ་འགྲོ་ཁམས་ཞི་བདེའི་དཔལ་ལ་སྤྱོད་པའི་རྒྱུ་རུ་གྱུར་ཅིག་གུ། 
   ཟུར་དུ་དཔེ་ཆ་འདི་ཉིད་བསླུ་ཉོ་དགོས་མཁན་ཡོད་ན་མདོ་སྨད་ཕྱོགས་ནས་རྒན་རིན་སྤུངས་ཚུལ་བསྟན། ལྷ་ས་ནོར་བུ་བསམ་མཆོག །ཧོར་ཁྱུང་གཉིས་ག་ཤེལ་དགོན་བཅས་ལ་འབྲེལ་བ་གནང་ན་འདི་ནས་ཁྱེད་རྣམ་པའི་ཐུགས་འདུན་བཞིན་ཞབས་ཞུ་སྒྲུབ་རྒྱུ་ཡིན།
ག་ཤེལ་དགོན་གསུང་འབུམ་སྒྲིག་ཞུ་པས་༢༠༢༡/༩ཚེས་༢ཉིན།
འབྲེལ་གཏུག་བྱ་ཡུལ།
རིན་སྤུངས་ཚུལ་བསྟན། 139 9041 8773
ག་ཤེལ་དགོན། 135 4900 2277
ནོར་བུ་བསམ་མཆོག 173 0898 8589
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།