སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པའི་གནས་བསྡུས།

[ཟླ་ཚེས། 2021-08-09 21:14:20][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 
༢༠༢༡/༨/༤ཉིན་ཁྱུང་པོ་སྟེང་ཆེན་ཁུལ་ངས་པ་མར་ཁུ་དགོན་གཡུང་དྲུང་དར་རྒྱས་གླིང་གི་སྡེ་དགོན་ཐུན་མོང་གིས་སྣེ་ལེན་གཟབ་རྒྱས་འོག ཐེངས་འདིའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་རྒྱུན་ལས་པ་རྣམས་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་དབུ་འཛིན། མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུ་དབུས་པའི་ཚོགས་ཞུགས་མི་སྣ་བརྒྱད་ཅུ་ལས་བརྒལ་བས་འབྱོར་ཐོ་བཀོད།
 
     ཚེས་ལྔ་སྟེ་ཉིན་གཉིས་པར་དཔལ་གཤེན་བསྟན་ངས་པ་མར་ཁུ་དགོན་གཡུང་དྲུང་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོར་དངོས་གཞིའི་བགྲོ་གླེང་དབུ་འཛུགས་བྱས་ཤིང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ཚོ་ཆུང་གི་ཚོགས་གཙོ་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་མཆོག་གིས། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ལས་དོན་དང་འབྲེལ་བའི་སྐབས་ཀྱི་མཛད་རིམ་རྣམས་ཁྱབ་བསྒྲགས་གནང་། དེ་རྗེས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུས«སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་དམིགས་ཡུལ་དང་ཁ་ཕྱོགས»ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གསུང་གླེང་ཟབ་རྒྱས་གནང་། རིམ་པ་བཞིན་ཐེངས་འདིའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྐུ་མགྲོན། སྟེང་ཆེན་རྫོང་སྨན་རྩིས་ཁང་གི་དབུ་འཛིན་འབུམ་རམས་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས་མཆོག་གིས། «དུས་རབས་བདུན་པའི་གོང་དུ་བོད་ལ་ཡི་གེ་ཡོད་པའི་གྲོས་གླེང»ཞེས་པའི་བགྲོ་གླེང་གནང་། དེ་ནས་རིམ་པ་བཞིན། ཚོགས་གཙོ་དགེ་བཤེས་བསོད་ནམས་ཚུལ་ཁྲིམས། དྲུང་ཡིག་པ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན། རྒྱུན་ལས་པ་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས། ལོ་དེབ་སྤུ་རྒྱལ་གངས་དཀར་གྱི་གཙོ་སྒྲིག་པ་གངས་སྙུག  དགེ་བཤེས་རིན་ཆེན་རྒྱལ་མཚན། དགེ་བཤེས་གཡུང་དྲུང་ཉི་མ་བཅས་ཀྱིས། ཞང་བོད་རྒྱལ་རབས་ལོ་རྒྱུས། སྔོན་བྱོན་སྐྱེས་ཆེན་རྣམ་ཐར། ཁྱུང་རབས་ལོ་རྒྱུས་ཡིག་ཚང་། བོད་ཀྱི་ཡིག་གཟུགས་ལོ་རྒྱུས། ཁྱུང་པོ་རི་ཆུ་རིག་གནས་ཀྱི་སྐོར་གཙོས་པའི་ལོ་རྒྱུས་རིག་གནས་འབྲེལ་བའི་བགྲོ་གླེང་གནང་།
 
    དེ་ནས་ཕྱི་དྲོའི་མཛད་རིམ་དབུ་འཛུགས་གནང་ཞིང་།  ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་དཔོན་སློབ་དགེ་བཤེས་ཡོན་ཏན་ཕུན་ཚོགས་དང་། ངས་པ་མར་ཁུ་དགོན་གྱི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་བསྟན་རྒྱལ། འབུམ་རམས་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས། སྟེང་ཆེན་རྫོང་སློབ་ཆུང་དགེ་རྒན་གནམ་སྲས། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཤེས་རམས་ཞིབ་འཇུག་སློབ་མ་མེ་བཟའ་ཡེ་ཤེས་མཚོ་མོ། ཁྱུང་ཞང་ཞུང་ཐང་སྐུའི་སྒྱུ་རྩལ་སློབ་གླིང་གི་དབུ་འཛིན་དགེ་རྒན་ནོར་བུ་གཡུ་རྒྱལ། སེར་ཚ་རིག་རྩལ་བང་མཛོད་སློབ་གླིང་གི་འགན་འཛིན་གཡུང་དྲུང་ཚེ་རིང་། བོད་ལྗོངས་ཡིག་གཟུགས་འཐུས་ཚོགས་ཀྱི་ཚོགས་མི་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ། སྟེང་ཆེན་རྫོང་སྨན་རྩིས་ཁང་གི་སྨན་པ་དང་ལས་རིགས་ལག་རྩལ་སློབ་གྲྭའི་བོད་སྨན་དགེ་རྒན་སྐྱ་ཤོག་གངས་དགའ་གྲགས་པ། ཆབ་མདོ་སློབ་ཆེན་སློབ་མའི་སྤྱི་ཕན་ཚོགས་པའི་རྩོམ་སྒྲིག་འགན་ཁུར་པ་ཁྱུང་པོ་བསྟན་འཕེལ། སྟེང་ཆེན་རྫོང་ན་གཞོན་ཁེ་ལས་པ་ཁྱུང་ཡོན། སློབ་དཔོན་ནོར་བུ་འགྱུར་མེད། སྦྲ་ཆེན་རྫོང་མཐོང་གྲོལ་ཀུང་སིའི་འགན་འཛིན་ཞང་བོད་ཤེར་བསམ་སོགས་ཀྱིས་རང་ཉིད་ཀྱི་ལས་རིགས་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྟེ་ཉིན་དང་པོའི་མཛད་རིམ་རྣམས་ལེགས་པར་གྲུབ།
 
ཚེས་དྲུག་སྟེ་ཉིན་གསུམ་པའི་མཛད་རིམ་དབུ་འཛུགས་གནང་ཞིང་ཀོ་རྒྱལ་དགོན་གྱི་སློབ་གཉེར་བ་རྣམ་དག་ཡེ་ཤེས་དང་། ཚངས་སྲས་འཇིགས་མེད། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ལོ་དེབ་གཙོ་སྒྲིག་པ་སྒང་སྲས་དམུ་རྒྱལ་ཉི་མ། སློབ་གཉེར་བ་ཤེས་རབ་འོད་ཟེར། འགར་ཚུལ་ཁྲིམས་འགྱུར་མེད། ཞུ་ཚང་བསོད་ནམས་དབང་ལྡན། སྐལ་བཟང་ཉི་མ། ལྷ་མགོན། གངས་དབལ། བྱ་ཚང་དར་ཚོགས་བཅས་ཀྱིས་ཁྱུང་པོའི་དམངས་སྲོལ་རིག་གནས་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་རི་གནས་མཚོ། སྐྱེས་ཆེན་ལོ་རྒྱུས་སོགས་དང་འབྲེལ་བའི་བགྲོ་གླེང་ཟབ་རྒྱས་གནང་།
 
ཉིན་གུང་དུས་ཚོད་གཉིས་པའི་ཐོག་ཏུ་ཕྱི་དྲོའི་མཛད་རིམ་དབུ་འཛུགས་གནང་ཞིང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ལོ་དེབ་རྩོམ་སྒྲིག་པ། དགེ་བཤེས་དྲང་སྲོང་རྒྱལ་མཚན། ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་སློབ་གཉེར་བ་ཤེལ་ཞིག་ཁྲི་འོད་རྒྱལ་མཚན། ཞང་སྨྱུག་རྒྱན། དཔོན་ཚང་གཡུང་དྲུང་འོད་ལྡན། ཚུལ་ཁྲིམས་རྣམ་དག ཤར་བྲམ་ཟེ། འཆི་མེད་གཡུང་དྲུང་། ཟམ་ཞིག་རེ་ནེ་དགོན་གྱི་བཙུན་མའི་སློབ་གཉེར་བ་ཚུལ་ཁྲིམས་དབང་མོ། ཡེ་ཤེས་རང་གྲོལ་བཅས་ཀྱིས་གཡུང་དྲུང་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་དང་འབྲེལ་བའི་བགྲོ་གླེང་ཟབ་རྒྱས་གནང་།
 
ཚེས་བདུན་ཏེ་ཉིན་གསུམ་པའི་ཞོགས་པར། དབྲ་ཁྱུང་གཡུང་དྲུང་གཙུག་ཕུད། ཁྱུང་པོ་སྟེང་ཆེན་དགོན་གྱི་སློབ་གཉེར་བ་ཤེས་རབ་ཚུལ་ཁྲིམས། མཐོང་གྲོལ་རི་ཁྲོད་ཀྱི་སློབ་གཉེར་བ་གཡུང་དྲུང་འགྱུར་མེད། ཐེག་མཆོག་འོད་གསལ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་རྒྱུན་ལས་པ་དངོས་གྲུབ། གཞོན་སྐྱེས་སྨན་པ་གཡུང་དྲུང་ཚེ་དབང་། ཕུན་ཚོགས་སྐལ་ལྡན། གཤེན་ཚེ་ཤེས་རབ། སྦྲ་ཕྲུག་དོན་ལྡན་བཅས་ཀྱིས་བོད་ཀྱི་གསོ་བ་རིག་པ། རྩིས་དཀར་ནག སྐད་ཡིག་རིག་གནས་སོགས་དང་འབྲེལ་བའི་སྐོར་ནས་བགྲོ་གླེང་གནད་སྨིན་མཛད།
 
ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་ཏུ་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་རྒྱུན་ལས་པ་མཁན་མོ་ཡེ་ཤེས་བཟང་མོ། བྱ་ཟེ་དགོན་གྱི་སློབ་གཉེར་བ་གཟི་ཁྲ་རིལ། རྒྱུན་ལས་པ་གངས་དུངས། འབྲུག་ལྷ་ཚེ་རིང་། གཞོན་སྐྱེས་སྨན་པ་ཆོས་འབུམ་རྒྱལ། ཉི་མ་གྲགས་པ། གཡུང་དྲུང་མཐར་ཕྱིན་བཅས་ཀྱིས་སྤྱི་ཚོགས་སློབ་གསོའི་སྐོར་ནས་བགྲོ་གླེང་ཟབ་རྒྱས་གནང་ཞིང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་དངོས་གཞིའི་བགྲོ་གླེང་ཆེན་མོ་མཇུག་ཡོངས་སུ་གྲུབ།
 
   ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ཏུ་མཇུག་བསྡོམས་ཀྱི་མཛད་རིམ་སྟེ། དྲུང་ཡིག་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་། ངས་པ་མར་ཁུ་དགོན་གྱི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེས་ངས་པ་མར་ཁུ་དགོན་གྱི་སྐུ་ཚབ་གནང་སྟེ་གསུང་བཤད་གནང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གཉིས་པའི་ཚོགས་གཙོ་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་ཀྱིས་མཛད་སྒོའི་མཇུག་བསྡོམས་དང་འབྲེལ་བའི་གསུང་བཤད་གནང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ལོ་དེབ་ཀྱི་རྩོམ་སྒྲིག་པ་དགེ་བཤེས་དྲང་སྲོང་རྒྱལ་མཚན་གྱིས་རྩོམ་སྒྲིག་གི་བྱ་བ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་མཆོག་གིས། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཐུན་མོང་གི་སྐུ་ཚབ་གནང་སྟེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་རྒྱུན་ལས་མི་སྣ་ཁག་ལ་ལས་དོན་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་མགུར་དར་གནང་ཞིང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ལོ་དེབ་ཀྱི་དེ་སྔའི་རྩོམ་སྒྲིག་པ་དགེ་བཤེས་དྲང་སྲོང་རྒྱལ་མཚན། དགེ་བཤེས་ཤེས་རབ་སྙིང་པོ། བླ་མ་བསྟན་འཛིན་རྣམ་དག བླ་མ་ཚོགས་ལམ་བཟང་པོ། སྒང་སྲས་དམུ་རྒྱལ་ཉི་མ་བཅས་ལ་ལས་དོན་ལེགས་གྲུབ་བྱུང་བའི་མགུར་དར་གནང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ལོ་དེབ་རྩོམ་སྒྲིག་ལྷན་ཚོགས་ཀྱི་གྲལ་དུ། སྒང་སྲས་དམུ་རྒྱལ་ཉི་མ་ལགས་གཙོ་སྒྲིག་པ་བདམས་ཐོན་བྱུང་བ་དང་། དགེ་བཤེས་བསྟན་འཛིན་དགེ་ལེགས། དགེ་བཤེས་རིན་ཆེན་རྒྱལ་མཚན། དགེ་བཤེས་གཙུག་གཤེན་རྒྱལ་མཚན། མེ་བཟའ་ཡེ་ཤེས་མཚོ་མོ་བཅས་རྩོམ་སྒྲིག་ཁོང་མི་རུ་བདམས་ཐོན་བྱུང་།
   དེ་ནས། མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་མ་འོངས་ལས་དོན་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་རྗེས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བསྟན་འབར་སྨོན་ལམ་དབྱངས་ལ་བསྐྱོན་ཏེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་རྒྱལ་ཁའི་ངང་ནས་ལེགས་པར་གྲུབ་པ་བཅས་ཀྱི་གནད་བསྡུས་སུ།
སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ལྷན་ཚོགས་ནས། ༢༠༢༡ལོའི་ཟླ༨ཚེས༩ཉིན་སྤེལ། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།