ཆོས་ལུགས་ལས་དོན་ཁྲིམས་ཀྱིས་སྐྱོང་བའི་ཐད་སྐས་རིམ་གསར་པར་བུད་པ།
[ཟླ་ཚེས། 2021-06-07 23:08:13][རྩོམ་པ་པོ། མཚོ་སྔོན་བོད་ཡིག་གསར་འགྱུར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《མི་དམངས་ཉིན་རེའི་ཚགས་པར》གྱི་དཔྱད་གཏམ་པས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་མཛད་དེ་ཆོས་ལུགས་ལས་དོན་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་དུ་བཞག ན་ནིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ངོ15ཡི་རྗེས་སུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་ཐེངས་གཅིག་བསྐྱར་དུ་འཚོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས།ཆོས་ལུགས་ལས་དོན་གྱི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་ཚན་རིག་གི་སྒོ་ནས་དབྱེ་ཞིབ་མཛད་ཅིང་། ཆོས་ལུགས་གནད་དོན་དང་ཆོས་ལུགས་ལས་དོན་ཐད་བསམ་བློ་གསར་པ་དང་ལྟ་ཚུལ་གསར་པ།བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཏེ། གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཁ་ཕྱོགས་གསལ་པོར་བསྟན་པ་དང་བརྩི་སྲུང་བྱེད་དགོས་ས་འདོན་སྤྲོད་བྱས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལྷག་ཏུ་ནན་གྱིས་བསྟན་དོན། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཤིང་། སྲིད་གཞུང་གིས་ཆོས་ལུགས་དོ་དམ་བྱེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་སྟེང་ནས་ཚད་ལྡན་དུ་གཏོང་བ་དང་། བཅའ་ཁྲིམས་ཀྱིས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་སྙོམ་སྒྲིག་བྱེད་དགོས།
གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》དེས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་བདག་གི་ཁེ་དབང་འགན་སྲུང་བྱེད་པའི་རྩ་དོན་སྔར་ལས་ཀྱང་ལེགས་པར་མཚོན་ཡོད། ཆོས་ལུགས་དད་མོས་རང་དབང་ནི་རང་རྒྱལ་གྱི《རྩ་ཁྲིམས》ཀྱིས་སྤྱི་དམངས་ལ་བསྩལ་པའི་གཞི་རྩའི་ཁེ་དབང་ཞིག་ཡིན་ལ། ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ནི་ཏང་དང་སྲིད་གཞུང་གིས་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཀྱང་རེད། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང《རྩ་ཁྲིམས》ཀྱི་རྩ་དོན་སྔར་ལས་ཀྱང་ཞིབ་ཕྲར་བཏང་བ་དང་། གནོད་པ་སྐྱེལ་བ་འགོག་པའི་ཆེད་དུ། ཆོས་ལུགས་ལས་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སྔར་ལས་ཀྱང་བཅའ་ཁྲིམས་ཀྱི་རྣམ་པས་གཏན་འཁེལ་གསལ་པོ་བྱས་ཡོད། ཆོས་ལུགས་ལས་རིགས་ལ་མཚོན་ནས་བཤད་ན། 《སྲོལ་ཡིག》བརྩི་སྲུང་བྱས་ཏེ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁྱབ་ཁོངས་ནང་ཆོས་ལུགས་བྱ་འགུལ་སྤེལ་བ་ནི། ཆོས་ལུགས་དད་མོས་རང་བདག་ཁེ་དབང་ལོངས་སུ་སྤྱོད་པའི་སྔོན་འགྲོ་དང་འགན་སྲུང་ཡིན་པས། ཁོ་ཚོར་ཆེས་ཆེ་བའི་སྒོ་ནས་འགན་སྲུང་བྱས་པ་རེད།
གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ལས་ཆོས་ལུགས་སོ་སོའི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་དང་།རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་།མི་རིགས་མཐུན་སྒྲིལ་བཅས་དངོས་གནས་སྲུང་སྐྱོབ་བྱེད་པའི་རྩ་དོན་སྔར་ལས་ཀྱང་ལེགས་པར་མཚོན་ཡོད། ཆོས་ལུགས་ནི་ཁྲིམས་ཕྱི་ཡི་ཞིང་ཁམས་ཤིག་མིན་པར་ཆོས་ལུགས་བྱ་འགུལ་ལའང་བཅའ་ཁྲིམས་ཀྱི་གཅུན་ནུས་ཐེབས་སུ་འཇུག་དགོས། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང“ཁྲིམས་མཐུན་དག་སྲུང་སྐྱོབ་དང་ཁྲིམས་དང་འགལ་བ་འགོག་པ། ཐལ་མཐའ་ལ་བཀག་འགོག སིམ་འཛུལ་ལ་རྒོལ་བ། ནག་ཉེས་བཟོས་པར་རྡུང་རྡེག”ཅེས་པའི་ཆོས་ལུགས་གནད་དོན་ཐག་གཅོད་པའི་གཞི་རྩའི་རྩ་དོན་འདི་ལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་ནས་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱི་ཁེ་དབང་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་དབང་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་ཚད་གཞི་ལྡན་པའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཆོས་ལུགས་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ཐལ་མཐའ་རིང་ལུགས་དྲིལ་སྒྲོག་བྱེད་པ། འཇིགས་སྐུལ་བྱ་འགུལ་སྤེལ་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ཡོད།
གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ལས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་རྩ་དོན་སྔར་ལས་ཀྱང་ལེགས་པར་མཚོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རིག་ནུས་དང་ཚན་རིག་དང་མཐུན་པ། འགན་དབང་ཁྲིམས་ཀྱིས་བཅད་པ། ཁྲིམས་བསྟར་ནན་མོ། དྲང་གཞག་དང་གཞུང་དྲང་ཡིན་པ། སྤྱོད་གཙང་ཕན་མཐོ། ཁྲིམས་སྲུང་དང་ཁ་བཤད་དོན་གནས་བཅས་ཀྱི་སྲིད་གཞུང་ཞིག་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ལས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་བྱ་སྤྱོད་སྔར་ལས་ཀྱང་ཚད་ལྡན་དུ་བཏང་སྟེ། སྔར་ལས་ཀྱང་འཐུས་ཚང་ཡིན་པའི་དོ་དམ་བྱེད་ཐབས་དང་སྔར་ལས་ཀྱང་ཚད་ལྡན་ཡིན་པའི་བཅའ་ཁྲིམས་གོ་རིམ་གཏན་ལ་ཕབ་པ་དང་། སྲིད་གཞུང་དང་འབྲེལ་བའི་འགན་འཁྲི་དང་དབང་མཚམས་གཏན་འཁེལ་གསལ་པོ་བྱས་པས། ཏང་སྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་འདུ་ཤེས་སྔར་ལས་བཟང་པོ་འཛིན་པ་དང་། ཁྲིམས་ལྟར་སྲིད་འཛིན་ནན་མོ་བྱེད་པ།སྔར་ལས་ཀྱང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་པས་ཆོས་ལུགས་གནད་དོན་ཐག་གཅོད་པར་ཕན་ངེས་ཡིན།
གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》2018ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་ནི། ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཡང་དག་པས་ཐག་གཅོད་པའི་རྩ་བའི་ཐབས་ལམ་ཞིག་རེད།《སྲོལ་ཡིག》ལག་བསྟར་གང་ལེགས་བྱེད་པ་ནི་གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།ཆོས་ལུགས་གནད་དོན་དུས་ནམ་ཡང་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་ཐད་ངེས་པར་ཐག་གཅོད་གང་ལེགས་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་ཡིན། ཆོས་ལུགས་ལས་དོན་ལ་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ཁྲོད་དམིགས་བསལ་ཅན་གྱི་གལ་ཆེན་རང་བཞིན་ལྡན་པ་དང་། དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་བར་འབྲེལ་བ་ཡོད་ཅིང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བར་འབྲེལ་ཡོད། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་ཅིང་།རྒྱལ་ཁབ་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་དང་འབྲེལ་བ་ཡོད་པས། ང་ཚོས་བསམ་བློ་དེ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་གྱི་གནས་བབ་ལ་བཅད་པའི་བརྡར་ཤའི་སྟེང་དུ་གཅིག་གྱུར་བྱེད་པ་དང་། འགུལ་སྐྱོད་ཚང་མ་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་ཆེན་པོ་སྟེང་དུ་གཅིག་གྱུར་བྱེད་དགོས་ཤིང་། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ལག་བསྟར་དངོས་འབེབས་བྱེད་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་སྒྲུབ་པའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་འཇགས་དངོས་གནས་སྲུང་སྐྱོབ་བྱེད་ཅིང་། སྔར་ལས་ཀྱང་རྒྱ་ཆེའི་ཆོས་དད་མང་ཚོགས་རྩ་འཛུགས་བཟང་པོ་དང་གོང་བུར་འགྲིལ་བར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ“ལོ་ངོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཆེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་བའི་ཀྲུང་གོའི་འདུན་མ་མངོན་འགྱུར་ཆེད་དུ་འབད་འཐབ་བྱེད་པ་དང་། གྲུབ་འབྲས་ཕུལ་བྱུང་བསྐྲུན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །
《མི་དམངས་ཉིན་རེའི་ཚགས་པར》ལྟར།