ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་རྩོམ་བསྡུའི་བརྡ་སྦྱོར།

[ཟླ་ཚེས། 2021-06-02 12:11:12][རྩོམ་པ་པོ། དྲུང་ཡིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པའི་ལོ་རེའི་འཆར་ཅན་ལྟར་ད་ལོ་ཡང་སྐབས་དང་པོའི་དཔྱད་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོག་ལ་ཉེ་བའི་སྐབས་འདིར་དགེ་བའི་བཤེས་གཉེན་རྣམས་ལ་ཆེད་དུ་ཞུ་རྒྱུ།
   རྒྱལ་ཕྱི་ནང་མདོ་དབུས་ཁམས་གསུམ་ས་ཕྱོགས་གང་དུ་བཞུགས་པའི་གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་སུ་ཞིག་ཡིན་རུང་ཚོགས་འདུ་འདི་ལ་ཆེད་ཕེབས་གནང་བ་ལ། ལམ་སྐབས་གྱི་གནམ་གྲུ་དང་མེ་འཁོར་གཞུང་འཁོར་དང་ཡང་ན་སྒེར་གྱི་རླངས་འཁོར་གྱི་སྣུམ་རིན་སོགས་གཙོས་པས་ལམ་གྱི་མགྲོན་ཁང་གསོལ་ཟས་དང་བཅས་པའི་འགྲོ་གྲོན་ཆ་ཚང་ཚོགས་པ་གཞུང་ནས་གཏོང་རྒྱུ་ཡིན་པ་དང་། ཐུགས་ལ་ངེས་དགོས་པ་ཞིག་ལ་འགྲོ་གྲོན་ཆ་ཚང་འཛིན་ཡིག་ལྟར་རྩིས་སྤྲོད་བྱ་རྒྱུ་ཡིན་པས་དགེ་བའི་བཤེས་གཉེན་རྣམ་པས་འགྲོ་གྲོན་གྱི་མང་ཉུང་ལ་མ་ལྟོས་པར་འགྲོ་སོང་ཅི་ཞིག་བཏང་ན་དེ་ལ་འཛིན་ཡིག་རེ་ངེས་པར་དུ་བསྣམས་ནས་ཕེབས་དགོས།  འཛིན་ཡིག་རྣམས་ངེད་ཚོགས་པའི་ལས་འཛིན་མི་སྣའི་ཕྱག་ཏུ་འཕྲོད་རྗེས་དེ་ལུགས་བཞིན་འགྲོ་སོང་ཚོགས་པ་གཞུང་ནས་རྩིས་སྤྲོད་བྱ་རྒྱུ་ཡིན།
   ལྷག་ཏུ་ཁྱེད་དགེ་བའི་བཤེས་གཉེན་རྣམ་པས་མཁྱེན་གསལ་ལྟར་དཔྱད་རྩོམ་ཧྲིལ་བོའི་བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་ཀུན་ལ་རྩོམ་པ་པོ་རང་རང་གིས་ཞུ་དག་དང་ལེགས་བཅོས་གནང་རྒྱུ་གལ་ཆེ་བ་ཡིན་ལ། དཔྱད་རྩོམ་རྣམས་ད་སྔར་དུས་དེབ་དང་སྤྱི་ཚོགས་སོགས་སུ་བཀྲམ་མ་མྱོང་བའི་གསར་རྩོམ་ཡིན་དགོས་ཤིང་ཡིག་གྲངས་མ་མཐའ་ལྔ་སྟོང་དང་ཡ་མཐའ་ཁྲི་གཅིག་ལས་བརྒལ་མི་ཉན་པར་ཡིག་གཟུགས་ངེས་པར་དུ་ཧི་མ་ལ་ཡིན་དགོས། དཔྱད་རྩོམ་འབྲི་སྟངས་ནི་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་གཤམ་གྱི་དཔྱད་མཆན་སོགས་ཚང་དགོས་པ་ཡིན་ལ།  མཆན་དུ་བཀོད་པའི་ལུང་ཚིག་རྣམས་ལག་བྲིས་དང་ལྕགས་པར་སོགས་གང་ནས་དྲངས་ན་དེ་ལུགས་བཞིན་དཔེ་ཆའི་མིང་དང་རྩོམ་པ་པོའི་མཚན། ཤོག་ངོས་དང་ཐིག་འཕྲེང་སོགས་གསལ་བོ་འགོད་དགོས། སྤྱི་ཟླ་བརྒྱད་པའི་ཚེས་གཅིག་ཚུན་ལ་དཔྱད་རྩོམ་རྣམས་དྲུང་ཡིག་པའི་ལག་ཏུ་ངེས་པར་དུ་འཕྲོད་དགོས་ལ་དགེ་བའི་བཤེས་གཉེན་རྣམས་ལ་རྩོམ་ཡོན་ནི་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་ཞིག་ཚོགས་འདུའི་ཡུལ་དངོས་ནས་འབུལ་རྩིས་ཡོད་པར་མ་ཟད།  ཟླ་བ་དུ་མའི་གོང་དུ་བརྡ་ཁྱབ་བརྒྱུད་དེ་སྙན་སྒྲོན་ཞུས་པ་ཇི་བཞིན་དམིགས་བསལ་བའི་བརྗོད་བྱ་དེ་དག་དཔྱད་རྩོམ་གྱི་བརྗོད་དོན་དུ་བདམས་ཡོད་པའི་རིགས་ལ་དེ་བས་ཀྱང་རྩོམ་ཡོན་འཕར་མ་བྱས་ཏེ་ཕུན་སུམ་ཚོགས་པ་ཞིག་འབུལ་རྩིས་བྱས་ཡོད། 
   སྤྱིར་ལས་སུ་བྱ་བ་འདི་ནི་སངས་རྒྱས་གཡུང་དྲུང་བོན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་དམིགས་བསལ་གྱི་ཕན་ཐོགས་དང་ཞབས་ཕྱི་གང་ནུས་རེ་ཨེ་ཡོང་སྙམ་པའི་འདུན་པ་གཙོར་བྱས་ཏེ་ཚོགས་པ་འདི་རྩ་འཛུགས་བྱས་པ་ཡིན་པས།   དེས་ན་ངེད་ལས་འཛིན་མི་སྣས་ཀྱང་ཚོགས་པའི་དམིགས་ཡུལ་དང་ཁ་ཕྱོགས་གཙོ་བོར་བཟུང་སྟེ་དགེ་བའི་བཤེས་གཉེན་རྣམས་ལ་ཞབས་ཕྱི་གང་ལེགས་ཤིག་ཨེ་ཡོང་བལྟ་རྒྱུ་དེ་དམིགས་ཡུལ་གྱི་གཙོ་བོ་ཡིན།
   ཚོགས་འདུའི་མཛད་སྒོ་སྤེལ་ཡུལ་གྱི་ས་གནས་དང་དུས་ཚོད་ནི་དུས་ཀྱི་རྐྱེན་པས་རེ་ཞིག་གཏན་དུ་མ་ཁེལ་བས་གཞུག་ནས་གསལ་བཤད་ཞུ་ཡོང་། 
འབྲེལ་བ་གནང་ཡུལ།  ཞང་བོད་རིག་གཞུང་ཞིབ་འཇུག་ཚོགས་པ།
འབྲེལ་གནས་ཨང་གྲངས།
18283744456
13408378655
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།