ནང་ཆེན་རྫོང་སྡོམ་པ་ཤང་གི་བོན་གྱི་དཔེ་རྙིང་བྲག་ཕུག་ཏུ་མཇལ་སྐོར་ཕྱིན་པའི་མཐོང་ཐོས།

[ཟླ་ཚེས། 2021-05-06 22:02:46][རྩོམ་པ་པོ། ཤར་དྲུང་མུ་ཧ་ར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  སངས་རྒྱས་གཡུང་དྲུང་བོན་གྱི་རིག་གཞུང་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་བྱ་རིག་གནས་ཤ་སྟག་ཡིན་ལ། ལོ་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ནས་བོན་གྱི་དཔེ་རྙིང་སྣ་ཚོགས་དང་དེ་འབྲེལ་གྱི་གནའ་བོའི་ཅ་ལག་རྙིང་པ་གང་མང་ཞིག་མཐོང་ཐོས་བྱུང་དང་འབྱུང་བཞིན་པ་ནི་ཁ་བ་གངས་ཅན་པའི་ཤ་ཁྲག་ལུས་ལ་འདྲེས་པའི་མི་བུ་སུས་ཀྱང་དགའ་ཚོར་བསྐྱེད་དགོས་པའི་གནས་སུ་ཁུམས། ཉེ་ལམ་སྐད་འཕྲིན་གྱི་ཚོགས་པ་དང་འཕྲིན་སྟེགས་ཁག་ཏུ་རི་བླ་དགོན་གྱི་མཁན་པོ་མཆོག་གིས་ནང་ཆེན་རྫོང་སྡོམ་པ་ཤང་གི་བོན་གྱི་དཔེ་རྙིང་རྙེད་སའི་བྲག་ཕུག་མཚམས་སྦྱོར་དང་བྲག་ཕུག་ནང་དུ་བཞུགས་པའི་བོན་གྱི་དཔེ་རྙིང་གི་གྲངས་ཚད། ས་གནས་དེའི་མང་ཚོགས་རྣམས་ཀྱིས་ངག་ནས་ངག་ཏུ་བརྒྱུད་པའི་གཏམ་རྒྱུད་དང་། མི་སྒེར་གྱི་མཐོང་སྣང་སོགས་ཁྱད་མཚར་བའི་སྐད་ཆ་ཞིག་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་དེར། གུས་པས་ཀྱང་ཚར་གཅིག་མཉན་པ་ཡིན། བྲག་ཕུག་ནང་དུ་ད་དུང་ཡང་དཔེ་རྙིང་ཡོད་རབས་ཀྱི་སྐད་ཆ་ཐོས་བྱུང་བས། གལ་ཏེ་དཔེ་རྙིང་པོ་ཏི་རེ་ཟུང་ལག་སོན་བྱུང་ཚེ་བོད་ཀྱི་རིགས་གནས་སྤྱི་དང་ཁྱད་པར་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱིས་མཚོན་པའི་རིག་གཞུང་ཀུན་འཕེལ་རྒྱས་སུ་འགྲོ་བར་ཕན་ངེས་པའི་ཀུན་སློང་འོག་ས་གནས་དེར་མཇལ་སྐོར་དུ་འགྲོ་རྒྱུ་ཐག་བཅད།

  ང་ལ་ནང་ཆེན་གྱི་ལོ་རྒྱུས་དང་ནང་ཆེན་ཕྱོགས་ཀྱི་བོན་བསྟན་དར་ནུབ་ཀྱི་འཕེལ་འགྲིབ་ཇི་ལྟར་བྱུང་མིན་ཆ་རྒྱུས་མེད་ཀྱང་། ལོ་ཤས་གོང་ནང་ཆེན་རྟ་རྣ་བྱ་ཁྱུང་ཁུ་བྱུག་གནམ་རྫོང་དུ་མཇལ་སྐོར་ཕྱིན་སྐབས། «རྟ་རྣའི་ཐེག་མཆོག་ནོར་བུ་གླིང་གི་སྔོན་གྱི་བྱུང་བ་གསལ་བར་བརྗོད་པ་གཟུར་གནས་དགྱེས་པའི་གཏམ»ལས་གནས་འདིར་སྙ་ཆེན་ལི་ཤུ་རྗེ(སྙ་ཆེན་ལི་ཤུ་སྟག་རིང)ཡིས་ཞང་ཞུང་ནས་བོན་སྡེ་ཁྲི་ཕྲག་ཅིག་གདན་དྲངས་ཏེ་བོན་ཐོག་མར་དར་བ་དང་། བོད་རྒྱལ་གཉའ་ཁྲི་ཡབ་སྲས་ཀྱི་དུས་སྐབས་སུ་ཞང་སྟོན་གཡུང་དྲུང་འོད་ཟེར་བའི་བླ་མ་ཞིག་གིས་ཐོག་མར་དགོན་པར་བཏབ། བླ་མ་འདིས་འཁོར་སློབ་ཀྱིས་གཡུང་དྲུང་གི་བོན་སྤེལ་བས་ཡུལ་འབངས་རྣམས་ཀྱང་སངས་རྒྱས་གཡུང་དྲུང་བོན་གྱི་དད་ལྡན་པ་ཤ་སྟག་གྱུར། གནས་འདིའི་གཡས་ཕྱོགས་སུ་རི་ཆོ་ལོ་ཁ་ཞེས་པར་གཤེན་བསྟན་ཕུན་ཚོགས་གླིང་ཞེས་པའི་དགོན་པ་ཞིག་ཆགས་མྱོང་བའི་གྱང་ཤུལ་ད་ལྟའང་མཐོང་རྒྱུ་ཡོད་ཅིང་ད་དུང་དེ་ཡར་ཙམ་ལ་གཤེན་རུ་གྲོང་པ་ཟེར་བ་ཞིག་འདུག རིག་གསར་སྐབས་བོན་གྱི་ལྷ་སྐུ་དང་བྲིས་ཐང་མང་པོ་ཞིག་ཀྱང་གནས་འདི་ནས་ཐོན་འདུག་ཀྱང་དོ་དམ་མ་ཐུབ་པར་ཆག་ཉམས་སོང་ཚུལ་སོགས་མཇལ་བ་དང་། ནང་ཆེན་སྡོམ་པ་ཤང་གི་བོན་གྱི་གནས་ཚུལ་ཐོས་པས། གནའ་བོའི་ནང་ཆེན་ནི་སངས་རྒྱས་གཡུང་དྲུང་བོན་གྱི་རིག་གནས་རྔམས་མཐུག་སའི་ས་དམིགས་ཤིག་ཡིན་པའི་ངེས་ཤེས་ཤིག་ཤུགས་ཀྱིས་སྐྱེས་ཡོང་།

  ༢༠༢༡/༤/༢༩ཉིན་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའ་ལ་ཕྱིར་མི་ལྡོག་པའི་དད་པ་བརྟན་པོ་ཐོབ་ཅིང་བསྟན་པར་ལྷག་བསམ་ཆེ་བའི་གྲོགས་པོ་ཉག་རོང་ཚེ་དབང་བསྟན་འཛིན་དང་ཨ་ཁོད་པད་མ་འབྲུག་གྲགས་དང་ཕྲན་བཅས་གསུམ་པོ། ཉག་རོང་ཚེ་དབང་བསྟན་འཛིན་གྱིས་རླངས་འཁོར་བསྐོར་དེ་ཞོགས་པའི་དུས་ཚོད་དྲུག་པའི་སྟེང་དཀར་མཛེས་རྫོང་ནས་ནང་ཆེན་ཕྱོགས་སུ་ལམ་ལ་ཆས་འགོ་བརྩམས། འདན་ཁོག་ནས་ཇ་ཞིག་འཐུང་ནས་ཡུལ་ཤུལ་དུ་སོང་། ཡུལ་ཤུལ་ནས་བྲག་ཁུང་དུ་འཛུལ་སྐབས་ཀྱི་མཁོ་ཆས་གློག་སྒྲོན་དང་ཐག་པ་སོགས་ཉོས་རྗེས་ནང་ཆེན་སྡོམ་པ་ཤང་དུ་སོང་། དེ་ནུབ་ཤང་གི་མགྲོན་ཁང་དུ་བསྡད་ནས་མགྲོན་ཁང་གི་བདག་པོ་ལ་བྲག་ཕུག་གི་གནས་ཚུལ་སོགས་ཀྱི་གཏམ་དྲིས། ཕྱི་ཉིན་ཞོགས་པ་སླར་ཡང་དུས་ཚོད་དྲུག་པའི་ཐོག་ལམ་ལ་ཆས་ཏེ་དུས་ཚོད་བརྒྱད་པ་ཡས་མས་སུ་རི་བླ་དགོན་དུ་འབྱོར། དེ་ནས་ཞོགས་ཇ་ཞིག་འཐུང་སྟེ་ཉིན་གུང་གི་གྲོ་ཁ་ཁུར་ཏེ་རྐང་ཐང་དུ་བོན་གྱི་དཔེ་རྙིང་བྲག་ཕུག་གི་ཕྱོགས་སུ་སོང་། རི་མཐོ་ལ་འགྲོ་ལམ་མི་བདེ་བས་ལུས་པོ་ཐང་ཆད་པའི་ཚོར་བ་ཞིག་བྱུང་། བྲག་ཕུག་གི་མདུན་དུ་སླེབས་རྗེས་པད་འབྲུག་སྔོན་དུ་བྲག་ཕུག་ཏུ་ཕྱིན། པད་འབྲུག་གིས་ཐག་པ་བསྣར་ཏེ་ཚེ་དབང་བསྟན་འཛིན་གྱིས་རྒྱབ་ནས་འདེགས་བཞིན་ཁོང་གཉིས་ཀྱིས་ང་རང་བྲག་ཕུག་ཏུ་བླངས་སོང་། གལ་ཏེ་ང་ལ་ཁོང་གཉིས་ལྟ་བུའི་རོགས་པ་འཇོན་ཡོད་གཉིས་མེད་ན་བོན་རྒན་བྲག་ཕུག་གི་འགྲམ་དུ་གལ་ལེར་འདུག་རྒྱུ་ལས་ནང་དུ་འཛུལ་དཀའ་བའི་ཚད་དུ་སྣང་།

  ངེད་གསུམ་བྲག་ཕུག་གི་ནང་དུ་ཕྱིན་རྗེས།བྲག་ཕུག་ནི་ཕུགས་རིང་ལ་དཔངས་མཐོ་བ། ནང་དུ་ཕུག་པ་གཡན་ཀྱོག་གཡོན་ཀྱོག་སོགས་དངོས་གནས་ཧ་ཅང་ཆེན་པོ་འདུག འོན་ཀྱང་ང་ཚོ་འགྲོ་སྐབས་དཔེ་རྙིང་གཅིག་ཀྱང་ལྷག་མེད་པ་ཚང་མ་ཁྱེར་ཚར་འདུག་ཅིང་། སྔོན་ཆད་དཔེ་རྙིང་མེ་སྲེག་ཤུལ་དེར་ཤིང་ཤུན་དང་ཤོག་སེར། ཤོག་ནག་ཐོག་བྲིས་པའི་ཡིག་འབྲུ་“གཡུང་དྲུང་ལྷ་ཡི་སྐད”“གཤེན་རབ་མྱི་བོ་ཆེ”“སྲིད་པའི་བོན”“འཁོར་བའི་བོན”ལྟ་བུ་ཐོ་རེ་ལོང་ངེ་བ་འགའ་རེ་ལས་མཇལ་རྒྱུ་མི་འདུགས་བསློགས་ནས་ཡང་ཡང་བལྟས་པ་ན་ཤོག་ལྡེབས་གསུམ་བཞི་ལྷན་ཅིག་ཏུ་མེ་བསྲེགས་པའི་ཚིག་འཕྲོ་མཐོང་རྒྱུ་འདུག ཚིག་འཕྲོའི་ཡིག་གཟུགས་ལ་བལྟས་ན་«ཏུན་ཧོང་ཡིག་རྙིང་»དང་«དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་»་སོགས་སྤུ་རྒྱལ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་ཚུགས་དང་འདྲ་བར། གི་གུ་ཕྱི་ལོག་ཅན་བྲིས་པ་མང་དུ་མཇལ་རྒྱུ་འདུག་ཅིང་། ལྷག་ཏུ་ཤིང་གི་པགས་པའི་ཐོག་ཏུ་བྲིས་པའི་ཡིག་གཟུགས་དེ་མཐོང་ན་ཧ་ཅང་རྙིང་པ་ཞིག་ཡིན་པའི་སྣང་བ་འགོག་མེད་དུ་སྟེར་བར་བྱེད། ས་གནས་མང་ཚོགས་ཀྱི་ངག་རྒྱུན་ལྟར་ན་འགའ་རེས་བྲག་ཁུང་དུ་ཡོད་པའི་དཔེ་རྙིང་གི་གྲངས་ཚད་ནི་གྲངས་ཀྱིས་མི་ཟིན་པར་ཧ་ཅང་འབེལ་པོར་ཡོད་པའི་རྣམ་པ་དང་། ཡང་འགའ་རེས་ཆེས་ཉུང་ནའང་པོ་ཏི་ཉིས་བརྒྱ་ཡས་མས་ཡོད་ཚུལ་བསྙད་པར་བརྟགས་ན་སྡོམ་པ་ཤང་གི་བྲག་ཕུག་འདི་ཉིད་བོན་གྱི་དཔེ་མཛོད་ཁང་ཞིག་དང་གཉིས་སུ་མ་མཆིས། ཡིན་ཡང་བྲག་ཕུག་ཏུ་བཞག་པའི་དཔེ་ཆའི་འབྱུང་དུས་དང་། དུས་རབས་ནམ་ཚོད་དུ་བཞག་པ། འཇོག་མཁན་སུ་ཡིན། དགོས་ཆེད་ཅིའི་ཕྱིར་བཞག་པ་སོགས་ཉེ་ལམ་ཡིག་ངག་གང་གི་ཐོག་ཏུའང་མཐོང་ཐོས་མི་འདུག་པས་བོད་རིག་པའི་དཔྱད་ལྡན་སྨྲ་བ་ཚོས་ཅིས་ཀྱང་ཞིབ་འཇུག་གནང་དགོས་པའི་གནད་དུ་མཐོང་།

  ནང་ཆེན་ཕྱོགས་ཀྱི་བོད་འབངས་ཕལ་ཆེར་བ་དམིགས་ཀྱིས་བོན་གྱི་གྲུབ་མཐའ་ལ་དད་མོས་ཀྱི་ཆགས་པ་དང་ཞེ་འཁོན་གྱི་སྡང་བ་མེད་ཀྱང་། བར་མའི་གཏི་མུག་གི་མུན་ནག་ཀློང་ནས་ས་གནས་མང་ཚོགས་ཀྱིས་དཔེ་རྙིད་དེ་དག་བོན་གྱི་ཡིན་པ་ཤེས་རྟོགས་བྱུང་རྗེས་གླེགས་ཤིང་གླེགས་ཐག་སྤུས་ལེགས་ལྟ་བུ་རང་ཁྱིམ་དུ་ཁྱེར་བ་དང་། འདོད་རྔམ་གྱིས་གསེར་དངུལ་བྲིས་མའི་བོན་དཔེ་མེ་ལ་བསྲེགས་པ་སོགས་ཡིད་ཕམ་འོས་པའི་བྱ་བའི་རྐྱེན་ངན་གང་མང་ཁྲོད། ནང་གི་དཔེ་རྙིང་ལ་གཏོར་རླག་ཚབས་ཆེན་ཤོར། ཉེ་སྔོན་ས་གནས་འདིར་ཟབ་སྦྱོང་འཛིན་གྲྭ་འཛུགས་སྐབས་གསེར་རྟའི་ཕྱོགས་ཀྱི་གྲྭ་བཙུན་འགའ་ཡང་བྲག་ཕུག་ཏུ་འཛུལ་ཏེ་དཔེ་རྙིང་ཕོན་ཆེན་པོ་རག་པའི་ཚུལ་ཡང་ས་གནས་དེ་གའི་མི་ལ་ཤོད་རྒྱུ་འདུག གང་ལྟར་ཡང་དུས་རབས་དང་ལོ་རབས་རིམ་པའི་ཁྲོད་དུ་དཔེ་རྙིང་ལ་བར་ཆད་མང་དུ་བྱུང་སྟེ། ང་ཚོ་སླེབས་དུས་ཡི་གེ་ཚིག་འཕྲོ་འགའ་ལས་ལྷག་མེད་ཅིང་། བྲག་ཕུག་ཏུ་འཐོར་བའི་ཤོག་གུ་ཚིག་འཕྲོ་དེ་དག་ཀྱང་ངེད་གསུམ་གྱིས་གཅེས་ཉར་བྱས་པས་མཐར་བོན་གྱི་གསང་བའི་དཔེ་མཛོད་ཁང་གང་དེའང་ཕྱི་སྟོང་ནང་སྟོང་གི་བྲག་ཕུག་ཅིག་ཏུ་གྱུར། ཕ་མེས་ཡང་མེས་ཀྱི་མེས་པོ་མཛངས་པ་ཅན་ཚོས་ཚེ་སྲོག་གི་འགྲོ་སོང་བཏང་སྟེ་རྩ་ཆེ་བའི་དཔེ་རྙིང་དག་སྲུང་ཐབས་ལ་འབད་ཀྱང་། བུ་རབས་ཚ་རྒྱུད་ཚོས་ཇི་མི་སྙམ་པར་འབྱུང་བཞིའི་ཀློང་དུ་ཐིམ་དུ་བཅུག་པ་ནི་ཆོས་སྲིད་གང་གི་སྟེང་ནས་བསམས་ཀྱང་འཇིགས་སུ་རུང་བ་དང་གནོང་འགྱོད་ཀྱི་ཕངས་སེམས་མཚོ་རླབས་འཕྱུར་འཕྱུར་གྱི་སྐྱོ་གདུང་ཁྲོད་ནས་བྲག་ཕུག་ནས་ཕྱིར་བུད་པའི་སྟ་གོན་བྱས། རི་བླ་དགོན་དུ་མར་སླེབས་དུས་དགོན་དེ་གའི་མཁན་སྤྲུལ་གཉིས་ཀ་དགོན་ནང་དུ་བཞུགས་འདུག་ཅིང་། ཁོང་རྣམ་པ་གཉིས་ཀྱིས་ཐུགས་དགྱེས་པའི་ཚུལ་གྱིས་རི་བླ་དགོན་དུའང་བྲག་ཕུག་ནས་ཁྱེར་བའི་དཔེ་ཆ་འགའ་རེ་ཡོད་རབས་དང་དེ་ཉིད་འཕྲུལ་པར་དུ་བཏབ་ནས་གནང་ཆོག་པ་སོགས་ཞལ་གསུང་མང་དུ་འབྱིན། མཐར་ངེད་གསུམ་ཕྱིར་དཀར་མཛེས་རྫོང་དུ་ལོག་པ་ཡིན་ནོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།