ཀོང་པོ་ལྷ་རི་གྱང་ཐོ་དགོན་བསྐྱར་བཞེངས་བྱེད་ཚུལ་སྐོར་གྱི་གསལ་བཤད།

[ཟླ་ཚེས། 2021-05-04 09:46:42][རྩོམ་པ་པོ། ལས་འཛིན་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།གངས་ཅན་བོད་ཀྱི་དགོན་པ་ཀོང་པོ་ལྷ་རི་གྱང་ཐོ་དགོན་བསྐྱར་བཞེངས་བྱེད་ཚུལ་སྐོར་གྱི་གསལ་བཤད།

སྤྲུལ་པའི་སྐུ་ལ་མཁྱེན་པས་དཔལ་འབར་བའི།  །མ་ངེས་ལྔ་ལྡན་སྐུ་གསུམ་ལྷུན་གྲུབ་པ།  །
སྐྱེ་དགུའི་རྨོངས་བློ་སེལ་བའི་རྗེ་ཅིག་བུ།  །དམུ་རྒྱལ་སྲས་པོ་ཁྱེད་ལ་གུས་ཕྱག་འཚལ། །
གངས་ཅན་ཞིང་དུ་གསང་སྔགས་སྤེལ་བའི་ཡུལ།  །སྟོན་པའི་ཞབས་བཅགས་བཞུགས་པའི་གནས་ཆེན་མོ།  །
ལྷ་རི་གྱང་ཐོ་གོམ་པ་སྤོས་མཆོག་ཞིང་།  །ངོ་མཚར་བཀོད་ལེགས་རི་བོ་ཁྱེད་ལ་འདུད། །

དེང་འདིར་ཁྱད་དམིགས་ཀྱི་ཞུ་དོན་ནི། ༧སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་སྐུ་དངོས་སུ་ཕེབས་བཞུགས་གནང་བས་ཁ་བ་གངས་ཅན་པའི་ཞིང་ལ་བོན་བསྟན་ཐོག་མར་རྒྱུའི་བོན་བཞི་གཏན་ལ་ཕབ་ཅིང་ངེས་དོན་ཟབ་མོའི་བོན་རྣམས་དར་བའི་སྨོན་ལམ་བཏབ་པའི་ཞིང་ས་གོམ་པ་སྤོས་ཆོག་མེ་ཏོག་གླིང་ཞེས་མཚན་ཡོངས་སུ་གྲགས་པ་བོན་རིའི་དབུ་རྩེ་གསུམ་གྱི་ནང་ཚན་སྒྲ་བླ་ལྦེར་མའི་གནས་མཆོག་གམ་སྔོན་བསྒྲུབ་གནས་སོ་དྲུག་གི་ནང་ཚན།  ཞང་ཞུང་དུ་གཡས་གཡོན་དབུས་ཀྱི་སྒོ་གསུམ་དང་།  ནང་གསེས་སྒོ་ཕུག་བར་གསུམ་རེ་ཡོད་པའི་དབུས་སྒོའི་བར་པའི་ཡུལ་དང་།  བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡབ་སྲས་ནས་བཟུང་བོན་གྱི་བསྟན་པ་སྔགས་བསྟན་འགོ་འཛུགས་ས་ཀོང་པོའི་ལྷ་རི་གྱང་ཐོའི་གནས་མཆོག་འདི་ཉིད་ཡིན་ཞིང་། བོད་དུ་གསང་སྔགས་སྤྱི་སྤུངས་ཀྱི་བསྒྲུབ་གནས་བོད་ལ་དགོན་སྡེ་ཐོག་མར་ཡིན་པ་བོན་གྱི་རྒྱུད་ལུང་གང་མང་ལས་གསལ་བར་དང་།  མ་ཚད་སྟོན་པ་ཀོང་ཡུལ་ལ་ཕེབས་ནས་བདུད་འདུལ་སྐབས་སྒྲ་བླའི་ལྷ་དམག་སྤྱན་དྲངས་ཏེ་བདུད་འཁོར་དང་བཅས་པ་བཏུལ་ནས་ལྷའི་དམག་ཚོགས་རྣམས།  ལྷ་རི་གྱང་ཐོའི་རི་ཞོལ་ལ་གནས་སྡེར་མཛད་ནས།  ལྷ་ཚོགས་རྣམས་གྱང་ཐོའི་རི་ལ་སྐར་ཚོགས་བཞིན་དུ་བཀྲ་ཞེས།  མ་འོངས་པའི་བོད་ཀྱི་བསྟན་འགྲོའི་གཉིས་ཀྱི་སྡོང་གྲོགས་མཛད་པའི་སྲུང་མ་བསྐོས་པའི་དུས་ནི་བོད་ཟླ་ལྔ་པའི་ཚེས་༡༥་ཉིན་ནས་བཟུང་ཞང་བོད་ཀྱི་ཁྲོད་འདིར་ལྷ་རི་གྱང་ཐོ་ལ་ལོ་ལྟར་སྒྲ་བླ་གསོལ་མཆོད་འབུལ་བའི་སྲོལ་ཚུགས་པ་ནས།  ད་ལྟར་བར་དུ་སྲོལ་རྒྱུན་མ་ཉམས་པ་འཚོ་གནས་སུ་བྱུང་ཡོད།  དེའི་མིང་ལ་བོན་སྟོན་དུས་ཆེན་ནམ་འཛམ་གླིང་སྤྱི་བསང་ཡང་ཟེར།  གཞན་ཡང་གནས་དེ་མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་ཚན་སྟོབས་ཆེན་གྱ་ནོམ་མཁའ་འགྲོ་ལྔའི་དབུ་མ་ཁྲ་གདོང་མའི་གནས་དང་།  རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་བསྒྲུབ་གནས་བཅས་ཡིན།  ཀོང་པོ་ལྷ་རི་གྱང་ཐོ་ནི་ཞང་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཀྱི་དབང་དུ་བྱས་ན་ཤིན་ཏུ་རྩ་ཆེན་ཡིན་པར་གདོན་མི་ཟ་བར་མ་ཟད།  ཁ་བ་གངས་ཅན་པའི་རྒྱལ་རབས་དང་ལོ་རྒྱུས་ཆབ་དཔལ་རིག་གསུམ་གྱི་གཞི་འཛུགས་ས་སྟེ།  བོད་བཙན་པོའི་ཐོག་མའི་བརྒྱུད་ཁུངས་ཏེ་ཀོང་པོའི་ལྷ་རི་གྱང་ཐོ་ནས་ལས་རླུང་དར་ནས།  སྤུ་རྒྱལ་བོད་ཀྱི་རྒྱལ་གཞི་ཐོག་མ་དར་རྒྱས་སོང་ཞིང་།
   ཀོང་པོ་ལྷ་རི་གྱང་ཐོའི་རིག་གནས་ཤུལ་བཞག་རྣམས་ཀྲུང་གོ་བོད་ཀྱི་གནའ་བོའི་རིག་གནས་ཀྱི་ཁྱབ་ཁོངས་སུ་འདོར་ཐབས་མེད་པའི་བརྗོད་གཞི་གཙོ་བོར་གལ་འགང་ཆེ་བའི་བདེན་དཔང་གསེར་གྱི་རྡོ་རིང་ལྟར་བུ་ཞིག་ཏུ་ཆགས་ཡོད།  སླར་ཡང་ད་སྐབས་ལྷ་རི་གྱང་ཐོ་དགོན་བསྐྱར་བཞེངས་བྱེད་རྒྱུ་བོན་གྱི་སྐྱེས་ཆེན་མང་པོས་གྲོས་མོལ་ལ་བརྟེན་ནས་དེ་སྔོན་དགོན་པ་འདི་ནི་གནས་ཡུལ་ས་མཐོ་བའི་རྐྱེན་གྱིས་འགྲོ་ལམ་དང་འཐུང་ཆུ་གློག་སྒྲོན་སོགས་གང་ཅིའི་ཐད་ལ་དཀའ་ངལ་ཆེ་བར་མ་ཟད།  བོན་རིའི་མཐའ་སྐོར་ལ་གནས་པའི་དད་ལྡན་མང་ཚོགས་རྣམས་དགོན་པ་དང་བར་ཐག་རིང་བའི་རྐྱེན་གྱིས་ཚུལ་མཐུན་པའི་བོན་ལ་སྤྱོད་མ་ཤེས་པས་གནས་ཚུལ་ཡོད་པ་དང་།  དེ་བཞིན་འགྲོ་ལམ་དང་འཐུང་ཆུ་གློག་སོགས་འཛུགས་བསྐྲུན་བཟོས་པ་ཡིན་ན།  གནས་མཆོག་ཀོང་པོ་བོན་རིར་གནོད་འཚེར་ཆེ་བར་དོགས་ནས།  ལྷ་རི་གྱང་ཐོའི་མདུན་དུ་ཡོད་པའི་བོན་གྱི་འདུས་གནས་སོ་བདུན་གྱི་ནང་ཚན་གསང་སྔགས་སྤྱི་སྤུངས་ཀྱི་བསྒྲུབ་གནས་བྲེ་སྣ་ནེའུ་ཐང་།
   གནས་དེ་རུ་དགོན་པ་སྤོ་འཛུགས་བྱེད་རྒྱུ་གྲོས་ཆོད་དང་བསྟུན་ནས་སྤྱི་ལོ་༢༠༡༢་ལོ་ནས་༢༠༢༡་བར་འབྲེལ་ཡོད་སྲིད་གཞུང་ལ་ཡར་ཞུས་ཕུལ་ནས་དབུ་ཁྲིད་རྣམ་པས་ཀྱང་། དགོན་པའི་རེ་བ་བཞིན་རྒྱབ་སྐྱོར་འོག་གཏན་ཁེལ་གྱི་ཆོག་མཆན་ཡང་གནང་སོང་བས་འབྲེལ་ཡོད་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། 
   དགོན་པ་བསྐྱར་བཞེངས་ཀྱི་འགྲོ་སོང་རང་འདོན་ཡིན་པར་བརྟེན།  ངས་རེ་བ་ཞུས་ས་བསྟན་ལ་ལྷག་བསམ་ཡོད་པའི་བླ་མ་དགེ་བའི་བཤེས་གཉེན་རྣམ་དང་།  དེ་བཞིན་འབྱོར་ལྡན་བསམ་དཀར་ཅན་གྱི་མི་བུ་ཚོ་ལ་རེ་དོན་ནི།  རྩེ་དྲུག་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་གཙོས་པའི་བོན་གྱི་སྐྱེས་ཆེན་རྣམ་པའི་རྒྱབ་སྐྱོར་ལ་བརྟེན་ནས་མ་འོངས་བོན་གྱི་ལོ་རྒྱུས་དར་སྤེལ་དང་འབྲེལ་བའི་དགོན་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དམིགས་ཚད་སྐྱོང་ཡོད་པས། 
   དེར་བརྟེན་འབྲེལ་ཡོད་རྣམ་པས།  བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་ཅེས་པའི་དོན་ལ་དམིགས་ཏེ།  ནུས་ཚད་གང་ཡོད་རོགས་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ་ཁྱེད་རྣམ་པས་ལྷག་བསམ་དཀར་པོས་བསྟན་བཞེངས་ལ་རོགས་སྐྱོར་གནང་བའི་དཔལ་འབྱོར་དོན་མེད་ཆུས་ཟོས་སུ་མི་གཏོང་བར་དགོན་པ་བཞེངས་ཏེ།
   བསྟན་དོན་དུ་འགྲོ་ངེས་ཡིན་ལ་མ་འོངས་པའི་ལོ་རྒྱུས་ཡིག་ཚང་ནང་འཁོད་ཐུབ་པའི་རེ་བ་དང་། མ་ཚད་ཁྱེད་རྣམ་པའི་སྐུ་ཚེ་ཡུན་དུ་གནས་པ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་བཏབ་པའི་ཡིག་བྱང་དུ་སྦྱིན་བདག་གི་རུས་མིང་ཕྱི་གྱང་ངོས་སུ་བཀོད་ནས་ནམ་ཡང་ཁྱེད་རྣམས་ནད་མེད་ཚེ་རིང་ཞིང་ལས་དོན་གེགས་མེད་དུ་འགྲུབ་པའི་སྨོན་འདུན་ཡང་ནས་ཡང་དུ་ཞུ་བར་བཅས་སོ།།

   བསྟན་བཞེངས་སྐོར། གནས་འདི་ནས་བོན་བསྟན་གྱི་ལོ་རྒྱུས་དང་འབྲེལ་བའི་ནང་དུ་སྐུ་རྟེན་གཙོ་བོར།  སྟོན་པ་གཤེན་རབ།  ནམ་མཁའ་སྣང་བ་མདོག་ཅན། མི་ལུས་བསམ་ལེགས།  གཉའ་ཁྲི་བཙན་པོ།  མུ་ཁྲི་བཙན་པོ།  ཀོང་རྗེ་དཀར་པོ།  ཀོང་ཟ་ཁྲི་ལྕམ།  ཀོང་བཙུན་ལྷ་མོའམ་རྐོང་བཙུན་དེ་མོ།  སྲིད་པ་རྒྱལ་མོ།  ཁྲོ་བོ་གཙོ་མཆོག ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་གདུང་བཅས།
འབྲེལ་གཏུག་བྱེད་ཡུལ། བླ་མ་ཤེར་བློ། ཁ་པར་ཨང་། ༡༧༧༠༨༩༤༧༨༨༨
ས་གནསཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་བྲེ་སྣ་ནེའུ་ཐང་།
ཀོང་པོ་ལྷ་རི་གྱང་ཐོ་དགོན་པའི་ལས་འཛིན་ལྷན་ཚོགས་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།