ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་རྒྱལ་གཤེན་རིག་སློབ་གླིང་གི་ལོ་མཇུག་མཛད་རིམ་གནད་བསྡུས།

[ཟླ་ཚེས། 2020-12-09 21:20:17][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༢༠ལོར་༧དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་རྒྱལ་གཤེན་རིག་སློབ་གླིང་གི་ལོ་མཇུག་མཛད་རིམ་གནད་བསྡུས།
དེ་ཡང་འཆར་ཅན་ལྟར་དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་རྒྱལ་གཤེན་རིག་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དང་། སྐབས་དང་པོའི་བཀའ་རམས་པའི་མཚན་བཏགས་གསོལ་བའི་མཛད་རིམ་གཉིས་ཀ་གཤམ་གསལ་ལྟར་ལྷན་དུ་གཉེར་བ་རེད།
      དེ་ཡང་རྒྱལ་གཤེན་རིག་སློབ་གླིང་གི་བཤད་གྲྭ་བ་རྣམས་ཀྱི་ལོ་འཁོར་རྒྱུགས་་སྤྲོད་ཆེན་མོའི་འཆར་ཅན་ལྟར། ཟླ་འདིའི་ཚེས་ལྔ་ཉིན་རྒྱུགས་སྤྲོད་དཔང་མི་མཁན་བླ་དགེ་བཤེས་ལྷན་རྒྱས་དབུས་བཞུགས་ཐོག་སློབ་གཉེར་བ་རྣམས་ལ་འཛིན་རིམ་སོ་སོར་གཞུང་རྒྱུགས་དང་རྩོད་རྒྱུགས་གཉིས་ཀ་ནས་རྒྱུགས་སྤྲོད་བྱས། མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་ཡེ་ཤེས་གཙོས་རྒྱུགས་སྤྲོད་དགེ་རྒན་དག་གིས་རྒྱུགས་གཞི་ཁག་སོ་སོ་ནས་རྒྱུགས་སྤྲོད་བ་རྣམས་ལ་དོན་ཐོབ་ལྟར་སྐར་གྲངས་གནང་།
    ཚེས་དྲུག་ཉིན་དཔལ་གཤེན་བསྟན་ག་ཤེལ་དགོན་རྒྱལ་གཤེན་རིག་སློབ་གླིང་གི་དགེན་སློབ་རྣམ་པས་དུས་ཡུན་ལོ་ངོ་ཧ་ཅང་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་གྱི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཉེར་འབྲས་ཏེ།  འཛིན་རིམ་གོང་མའི་སློབ་གཉེར་བ་རྣམས་ཀྱིས་དཀྱིལ་འཁོར་དང་མཆོད་རྟེན་ཐིག་རྩ། སྙན་ངག་སྒྲ་འཁོར་སོགས་རིག་གནས་རྒྱུགས་འབུལ་གྱི་མཛད་རིམ་དང་འབྲེལ། སློབ་གཉེར་བ་ཤེས་རབ་ཕུན་ཚོགས་དང་། ཁྲི་གཙུག་རྒྱལ་མཚན། ཤེས་རབ་དཔལ་ཆེན་རྣམ་པ་གསུམ་ལ་སྐབས་དང་པོའི་བཀའ་རམས་པའི་མཚན་བཏགས་དངོས་སུ་གསོལ།
     ཕྱི་དྲོར་དགོན་གྱི་སྤྲོ་ཁང་ཆེན་མོ་རུ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཚད་མཐོའི་སྐར་གྲངས་ལོན་མཁན་དག་ལ་ལེགས་གསོལ་གཟེངས་རྟགས་དང་། བཤད་སྡེའི་ལས་འཛིན་བརྗེ་ལེན་བཅས་གནང་། དེ་མཚམས་དགེ་བཤེས་བསྟན་འཛིན་ཡེ་ཤེས་རིན་པོ་ཆེས་སློབ་གཉེར་བ་དང་གྲྭ་ཚང་ཁག་ཡོངས་ལ་བཀའ་སློབ་གནད་སྨིན་བསྩལ་སྟེ་མཛད་རིམ་འཇུག་གྲུབ་པར་བྱས།
དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དང་། སྐབས་དང་པོའི་བཀའ་རམས་པའི་མཚན་བཏགས་གསོལ་བ་བཅས་ཀྱི་གནད་བསྡུས་སུ་གོ་སྒྲིག་ལྷན་ཚོགས་ནས་སྤེལ།
༢༠༢༠/༡༢/༩ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།