སྟོང་ཆུང་སྟོན་པ་ངང་ལག་གི་སྤྲུལ་སྐུ་གཉའ་ཚུལ་ཁྲིམས་ཉི་མ་མཆོག་ཞིང་དུ་གཤེགས་པའི་གནས་འཕྲིན།

[ཟླ་ཚེས། 2020-12-04 15:01:26][རྩོམ་པ་པོ། ས་ཁའི་བློ་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྡོམ་གསུམ་ཚུ༵ལ་ཁྲི༵མས་གསེར་གྱི་ལྷུན་པོའི་དཔལ༎
བློ༵་གྲོ༵ས་བསམ་གཏན་རྒྱ་མཚོའི་འཇིངས་ལས་འཁྲུངས༎
ཤེས་ར༵བ་ཟབ་གས༵ལ་མྱུར་བའི་འོད་སྣང་འབར༎
སྨྲ་བའི་ཉི༵་མ༵་མཆོག་ལ་གསོལ་བ་འདེབས༎
                — བོན་བརྒྱ་རིན་པོ་ཆེས་གསུངས།

   སྟོང་ཆུང་སྟོན་པ་ངང་ལག་གི་ཐུགས་སྤྲུལ་གཉའ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེ་ཁོང་ནི་ཨ་མདོ་བཱ་ཡན་དུ་ཕྱི་ལོ་ལྕགས་ཕོ་འབྲུག༼   ༡༩༤༠༽  ལོར་སྐུ་ཡི་མཚན་དཔེ་ལེགས་པར་བཞད། སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོས་སྟོང་ཆུང་སྟོན་པའི་ཡང་སྲིད་འཁྲུལ་མེད་དུ་ཐུགས་ཐག་བཅད། དགུང་ལོ་ཆུང་ངུའི་དུས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་སྡེ་སྣོད་བཀའ་གཞུང་ཆེན་མོར་གང་ལ་གང་འཚམས་ཀྱིས་ཐོས་བསམ་སྒོམ་སྒྲུབ་མཛད་ཅིང་རྟག་པར་བླ་མའི་བརྟུལ་ཞུགས་འཆང་སྟེ་འགྲོ་དོན་རྒྱ་ལག་ཕྱད།  དུང་དཀར་ཚོགས་ཆེན་འདུ་ཁང་དང་དོ་ཤུལ་གསས་ཁང་། ཨ་དཀར་ལྷ་ཁང་། ཉིན་མགོའི་སྒྲུབ་སྡེ་སོགས་གསར་བཞེངས་རྒྱ་བསྐྱེད་དང་རྒྱལ་བ་གཤེན་གྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་བསྐྱངས་ཞོར་དུ་སྨན་རྩིས་གཏོ་གསུམ་གྱིས་ལུས་ཅན་གདུལ་བྱ་ཡོངས་ལ་ཕན་བདེ་སྒྲུབ་པའི་ཐུགས་ངལ་ཆེས་ཆེར་བསྐྱེད་ནས་སྐུ་ཚེ་ཧྲིལ་བོ་གཞན་དོན་འབའ་ཞིག་གི་དུས་འདའ་བར་བྱས།  བོད་ལྕགས་བྱི་ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པ་སྟེ། སྤྱི་ཟླ་༡༡པའི་ཚེས་༢༧པེ་ཅིང་ཆུ་ཚོད་༡༡དང་སྐར་ཆ་༤༡སྟེང་གཟིམས་ཁྲི་མཐའ་ཅན་དུ་བསྡུས་པའི་ཚུལ་བསྟན། སྟོང་ཆུང་བླ་མ་ཁོང་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྟེང་རྟགས་མཚན་དུ་མ་དང་བཅས་སྐུ་ཡི་འཕེན་པ་རྫོགས།
   གདུལ་བྱ་རྟག་འཛིན་ཅན་རྣམས་སུན་དབྱུང་བའི་ཕྱིར་དུ་  སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་མཛད་པའི་ཡིད་སྐྱོའི་གནས་ཚུལ་སྡུག་པོ་འདི་ཤེས་རྟོགས་བྱུང་མ་ཐག་ཏུ་རྒྱ་ནག་འཕོ་བ་གྲོང་འཇུག་གི་རྣམ་པར་རོལ་བ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་ཚང་དང་རྗེ་བོན་བརྒྱ་རིན་པོ་ཆེའི་ཐུགས་ཀྱི་སློབ་བརྒྱུད་དམ་པ་མཁན་ཟུར་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་རྣམ་གཉིས་གཙོས་སྐུ་སྲས་ཉེ་གནས་དང་བཅས་པའི་ཐུགས་གྲོས་བཀོད་སྒྲིག་འོག་ཆབ་ཆ་སྨིན་གྲོལ་དུང་དཀར་གླིང་གི་བླ་གྲྭ་འདུས་པ་རྒྱ་མཚོ་རྩ་བའི་དགོང་ཞག་གི་ཨ་མཆོད་དུ་བཀུར་ཞིང་དེའི་ཁར་རེབ་གོང་བོན་བརྒྱ་དགོན་དང་ཁྲི་ཀའི་ཁྱུང་མོ་དགོན། དཔའ་ལུང་སྟོང་ཆུང་དགོན། བླ་བྲང་རྩེ་དབུས་དགོན་བཅས་ནས་གཤེན་བཙུན་དུ་མ་རེ་མངགས་ཕེབས་གནང་བ་ལྟར་བདུན་ཕྲག་གཅིག་རིང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་བསགས་མཆོད་འབུལ་གྱི་དགེ་བསྔོ་རྒྱ་ཆེར་བསྒྲུབས། ཇི་སྐད་དུ། ཀུན་ནས་བླ་མ་མཉེས་བྱེད་ན༎བསོད་ནམས་ཚོགས་ཀྱི་མཐར་ཐུག་ཡིན༎ཞེས་གསུངས་པ་ནང་བཞིན་བོད་ཚེས་༡༣ཉིན་ཞིང་གཤེགས་བླ་མའི་སྐུ་སྲས་དང་བཅས་པས་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་ཚང་རྩ་བའི་གནས་འདྲེན་དུ་གདན་དྲངས་ཤིང་ཁོང་དཔོན་གཡོག་ལྷན་རྒྱས་ཀྱིས་མུན་སེལ་གྱི་ཆོ་ག་གསུངས། བོད་ཚེས་༡༤ཉིན་ཁྱུང་གི་གདུང་ལ་བྱོན་པའི་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་ཚང་གདན་ཞུས་ལྟར་ཁོང་དཔོན་གཡོག་གིས་ཚེ་དབང་གི་ཚོགས་མཆོད་རྒྱས་འབུལ་དང་དོ་ཤུལ་བོན་མང་ནས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུས། བོད་ཚེས་༡༥ཉིན་རྩེ་ཞིག་ཆོས་རྗེ་སྐུ་ཕྲེང་གསུམ་པའི་ཡང་སྲིད་ཤེས་རབ་བསྟན་པའི་ཟླ་བ་ཚང་གདན་ཞུས་ལྟར་ཁོང་ནས་མུན་སེལ་གསུངས་པ་དང་ཤར་སྟེང་བོན་མང་གིས་ཞི་བའི་ཚོགས་མཆོད་རྒྱས་འབུལ་ཞུས། བོད་ཚེས་༡༦ཉིན་སྐྱབས་རྗེ་བོན་བརྒྱ་བླ་མའི་ཐུགས་ཀྱི་སྲས་པོ་བོན་བརྒྱ་སྐུ་སྐྱེ་ནམ་མཁའ་དྲི་མེད་ཉི་མ་མཆོག་དབུ་བཞུགས་གནང་ཐོག་མང་འབའ་རྩེ་གསུམ་གྱི་བོན་མང་ནས་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་རྒྱས་འབུལ་ཞུས། བོད་ཚེས་༡༧ཉིན་རྨ་ལྷོའི་རེབ་གོང་བོན་མང་གདན་ཞུས་ལྟར་ཁོང་རྣམ་པས་ཞི་བའི་ཚོགས་མཆོད་རྒྱས་འབུལ་ཞུས། བོད་ཚེས་༡༨ཉིན་ཁྲི་ཀའི་སེ་བརྒྱ་བོན་མང་གདན་ཞུས་ལྟར་ཁོང་རྣམ་པས་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་རྒྱས་འབུལ་ཞུས་པ་དང་། བོན་བརྒྱའི་སྐུ་དབོན་བྱ་འཕུར་གཡུང་དྲུང་དབང་རྒྱལ་ཚང་དབུ་བཞུགས་ཐོག་རེབ་གོང་བོན་བརྒྱ་དགོན་ཆེན་གྱི་གྲྭ་ཚང་འདུས་པ་རྒྱ་མཚོས་རྩེ་མཆོག་གསུམ་མཆོད་པའི་ལྷ་ཁང་ནས་གསོལ་འདེབས་སྨོན་ལམ་སོགས་གསུངས་ཏེ་གདུང་མཆོད་དགེ་བསྔོ་ཞུས། བོད་ཚེས་༡༩ཉིན་ཁྲི་ཀའི་སྟོང་ཆེ་བོན་མང་གདན་ཞུས་ལྟར་ཁོང་རྣམ་པས་ཞི་བའི་ཚོགས་མཆོད་རྒྱས་འབུལ་ཞུས་པ་དང་། དེ་བཞིན་དུ་ཁྱུང་མོ་གྲྭ་ཚང་གིས་ཞི་བའི་ཚོགས་མཆོད་རྒྱས་འབུལ་ཞུས། ཁྱུང་མོ་བཤད་སྒྲུབ་འདུས་སྡེ་ནས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་མཆོད་རྒྱས་འབུལ་དང་། རེབ་གོང་བོན་བརྒྱ་དགོན་ཆེན་གྱི་འདུས་སྡེ་ནས་སྨོན་ལམ་གསུངས། རེབ་གོང་བོན་བརྒྱ་དང་མག་སར་གྱི་སྒྲུབ་གཤེན་རྣམ་པས་ཞི་བའི་གཞུང་བསྲང་པ་བཅས་ཀྱིས་མཆོད་སྦྱིན་ཆེན་མོའི་མཇུག་བསྐྱངས་ཤིང་སྡེ་འབངས་སྐུ་འཁོར་ཡོངས་ཀྱིས་སྨོན་ལམ་གྱི་རྒྱས་གདབ་ཞུས་པ་དང་། ཁོང་གི་ཞལ་ཆེམས་ནང་བཞིན་སྐུ་གདུང་རིན་པོ་ཆེ་དུང་དཀར་དགོན་དུ་གདན་དྲངས།
   བོད་ཚེས་༢༠ཉིན་ཆབ་ཆའི་རྐ་སར་བོན་མང་ནས་རྩ་བའི་བླ་མ་རིན་པོ་ཆེའི་མཆོད་འབྲེལ་དུ་ཀུན་བཟང་ཞི་བའི་གཞུང་བསྲང་པ་བསྟུན་དུང་དཀར་གྲྭ་ཚང་ནས་ཨ་དཀར་གདུང་སྦྱངས་ཀྱི་མཆོད་པའི་རྫས་རྣམས་ཚད་ལྡན་ཚུལ་མཐུན་དང།   སྤུས་དག་གང་རྒྱས་ཅི་ལེགས་སུ་སྟ་གོན་ཁ་ཚང་བར་བྱས་ཏེ་ཆོ་གར་འཇུག་པ་དང་དད་ལྡན་སེར་སྐྱ་ཡོངས་ཀྱིས་གདུང་མཇལ་ཞུས། ཕྱོགས་སོ་སོ་ནས་ཕེབས་པའི་བླ་སློབ་གྲྭ་འཁོར་སྟོང་ཕྲག་མང་པོས་སྐུ་གདུང་རིན་པོ་ཆེ་སྤུར་ཁང་དུ་གདན་འདྲེན་ཞུས། སྐུ་གདུང་ཞུགས་འབུལ་གྱི་ཚོགས་མགོན་ནམ་སྦྱིན་སྲེག་གི་བླ་མ་རུ་རྩེ་ཞིག་ཚང༧ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་བྱ་འཕུར་ཉི་མ་རྒྱལ་མཚན་རྣམ་གཉིས་ཞབས་བཅགས་གནང་སྟེ་གདུང་ཞུས་མཛད་པའི་ལས་ཡོངས་སུ་བཞེས།  ཁོང་ཚང་སྐུ་གྲོངས་ནས་དགུང་ཞག་བདུན་གྱི་རིང་གཟུངས་སྐྱབས་དང་སྦ་འོག ཉིན་མགོ་སོགས་ཀྱི་བོན་གཤེན་ཁག་ཅིག་གིས་སྐྱེ་སྒོ་གཅོད་པའི་ཆོ་ག་དང་སྨོན་ལམ་སོགས་ཀྱི་གདུང་མཆོད་ཡང་དག་འབུལ་བ་དང་། བླ་གྲྭ་སྔགས་བཙུན་དང་གྲོང་པ་ཕོ་མོ་ཕལ་མོ་ཆེ་ཡིས་བསྐོར་ཕྱག་གསོལ་འདེབས་དང་ཚེ་དབང་སྨོན་ལམ་བཅས་དད་སེམས་གཡོ་མེད་ངང་ནས་སྐུ་གདུང་དབྱིངས་རུམ་རྣམ་གྲོལ་རིན་པོ་ཆེ་ལ་མཇལ་ཁ་རྒྱུན་འཆད་མེད་པར་ཞུས། ངེད་ཅག་རྗེས་འཇུག་འཁོར་འབངས་སློབ་ཚོགས་ཀུན་དང་།     ཡུལ་དགོན་གཉིས་ཀྱིས་དད་འདུན་སྐྱོ་བ་ཆེན་པོས་བློ་ཕམ་ཡིད་སྡུག་ངང་གདུང་སེམས་མཉམ་བསྐྱེད་དང་། བླ་སྤྲུལ་སེར་སྐྱ་ཡོངས་ནས་མཆོད་འབུལ་གང་ལེགས་ཞུས་ཏེ་གདུང་མཆོད་ཆེན་མོའི་མཇུག་ལེགས་པར་གྲུབ། དགོང་ཞག་འདི་དག་གི་རིང་ཁོང་གི་འཁྲུངས་གཞིས་གཡུ་རྩ་ས་ཆར་གནམ་གཤིས་དྲོ་ལ་ཁད་འཇམ་པ། ནངས་དགོང་ལ་ཁ་བ་མེ་ཏོག་གི་རྣམ་པ་དང་གདུགས་ཀྱི་རྣམ་པ། རྒྱལ་མཚན་གྱི་རྣམ་པ།  གཡུང་དྲུང་དང་འཁོར་ལོའི་རྣམ་པ། ཁ་ཊཾ་གི་རྣམ་པ་སོགས་སུ་བབས་པ་ཀུན་གྱིས་མངོན་སུམ་དུ་མཐོང་བའི་ལྟས་བཟང་པོ་ཤར་བ་ལེགས་ཤིང་། སླད་མར་ཡང་ཚོགས་འབུལ་དགེ་བསྔོ་ཡི་མཆོད་སྦྱིན་རྒྱ་ཆེན་པོའི་འབྲེལ་ཐོགས་ཀྱི་དགེ་རྩ་ཐམས་ཅད་སྐྱབས་སྨོན་རྣམ་དག་དང་འཁོར་གསུམ་དག་པའི་དགེ་བ་རུ་སྨོན་ཅིང་འགྲོ་དོན་མཐར་སྒྲོལ་གྱི་ལམ་མཆོག་ཆེན་མོའི་ས་བོན་དུ་འཁྲུངས་པར་གྱུར་ཅིག་གུ །
  ཞེས་ཞིང་གཤེགས་མགོན་པོ་གང་གི་ཞལ་གསུང་དྲོད་མོ་མྱོང་བའི་ཞབས་འོག་པ་ཕྲན་ཆུང་ས་ཁའི་བློ་ལྡན་དུ་འབོད་པས་ཁོང་རིན་པོ་ཆེའི་འཁྲུངས་གཞིས་ཨ་མདོ་གཡུ་རྩའི་དགོན་འོག་ཏུ་མཇུག་ལེགས་པར་བསྡེབས་པ་འདི་ཡང་མེ་ཏོག་ཆུང་རུང་མཆོད་སྤྲིན་དཀར་པོ་ཞིག་གི་དོད་ཙམ་དུ་དད་གུས་རྩེ་གཅིག་པས་བྲིས་ཏེ་ཕུལ་བ་དགེའོ༎
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།