༢༠༢༠ལོའི་ཁམས་སྡེ་དགེ་ལྔ་རིག་བོན་གླིང་གི་སྒོ་འབྱེད་མཛད་སྒོ་དང་འབྲེལ་བའི་གསར་འགྱུར་ཁག་བཞི།

[ཟླ་ཚེས། 2020-10-13 22:10:57][རྩོམ་པ་པོ། ཉི་མ་བཟང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལོ་རེ་རེའི་སྤྱི་ཟླ༡༠བའི་ཚེས༡༠ཉིན་ནི་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་མཛད་སྒོའི་ཉིན་བཟང་སྐར་བཟང་གི་དུས་ཆེན་ཁྱད་པར་བ་དེ་ཡིན། དེ་ཡང་ད་ལོའི་མཛད་སྒོའི་སྐབས་སུ་སློབ་གླིང་འདི་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་གྱི་མཆོག་སྤྲུལ་པདྨ་རིན་ཆེན་རིན་པོ་ཆེ་མཆོག ཤར་རྒྱལ་མོ་ཚ་བ་རོང་ནས་ཆེད་ཕེབས་གནང་སྟེ་རིན་པོ་ཆེ་མཆོག་གིས་གཟིགས་རྟོག་གནང་བཞིན་པའི་དགེ་སློབ་ཡོངས་དང་རིན་སྤུངས་དགོན་ལ་ཐུགས་བརྩེ་བ་ཆེན་པོའི་དགྱེས་གཟིགས་གནང་བའི་མཛད་ཆེན་བསྐྱངས།
སྤྱི་ཟླ༡༠བའི་ཚེས༩ཉིན་གྱི་སྔ་དྲོའི་དུས་ཚོད༡༠ཡི་སྟེང་མཆོག་སྤྲུལ་རིན་པོ་ཆེ་པདྨ་རིན་ཆེན་ཚང་རིན་སྤུངས་དགོན་གྱི་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེའི་ཐུགས་བཀོད་འོག་དགོན་རི་གྲོང་གཉིས་ནས་ཆིབས་བསུ་ཟབ་རྒྱས་གནང་བའི་འོག་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོར་གདན་དྲངས་ཏེ་སེར་སྐྱ་ཡོངས་ནས་ཞབས་བརྟན་སྨོན་ཚིག་སོགས་གསོལ་བ་ཕུར་ཚུགས་སུ་བཏབ།
སྐྱབས་རྗེ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་མཆོག་དང་བླ་མ་དོན་དབྱང་རྣམ་གཉིས་ཀྱིས་དབུ་འཛིན་མཛད་དེ་སེར་སྐྱ་ཡོངས་ནས་རིན་པོ་ཆེ་མཆོག་ལ་མཇལ་དར་དང་མཎྚལ་སྐུ་གསུང་ཐུགས་རྟེན་སོགས་རིམ་བཞིན་འཕུལ་རྗེས། མཆོག་སྤྲུལ་རིན་པོ་ཆེའི་ཐུགས་དགྱེས་པ་ཆེན་པོའི་མཆོད་པ་རུ་སློབ་གླིང་གི་འཛིན་གྲྭ་རེ་འགས་དམ་བཅའ་བཙུགས་ཏེ་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་གྲུབ་སྐོར་དང་། ཐུགས་རྗེ་སེམས་དཔའི་ལྟ་གྲུབ་སྐོར། ད་དུང་ཚ་མ་སོགས་ཀྱི་སྐོར་ནས་རྟགས་གསལ་རིམ་བཞིན་བཏང་། དེ་ནི་ཁོང་གིས་སྐྱོང་བཞིན་པའི་སློབ་གླིང་འདིའི་སློབ་མ་རྣམས་ཀྱི་སྦྱངས་པའི་ཤེས་རབ་ཇི་ལྟར་འཕེལ་མིན་སྐོར་གྱི་དགྱེས་གཟིགས་ཐེངས་ཤིག་ཀྱང་ཅི་ལ་མིན།
 
ཕྱི་དྲོའི་དུས་ཚོད༡.༣༠པའི་སྟེང་མཆོག་སྤྲུལ་པདྨ་རིན་ཆེན་རིན་པོ་ཆེ་མཆོག་གིས་རིན་སྤུངས་དགོན་པའི་སེར་སྐྱ་ཡོངས་ལ་ཚེ་ལ་དབང་བའི་བཀའ་དབང་གནང་ཞིང་། དབང་ཐོག་ཏུ་ཁོང་རིན་པོ་ཆེ་མཆོག་གིས་དབང་གི་དམ་ཚིག་དང་འབྲེལ་བའི་དགེ་སྒྲུབ་སྡིག་སྤོང་གི་བཀའ་སློབ་ཟབ་རྒྱས་གནང་།
དུས་ཚོད༣པ་ནས༥བའི་བར་དུ«ཁྱུང་པོ་བློ་གྲོས་རྒྱལ་མཚན་རིག་གཞུང་ཞིབ་འཇུག་གླིང»གི་ད་ལོའི་མཐར་ཕྱིན་སློབ་མ་སོགས་སློབ་མ་རེ་འགས་རང་ཉིད་ཀྱི་ཞིབ་འཇུག་གི་འབྲས་བུའི་སྟེང་ནས་བླངས་པའི་དཔྱད་འབྲས་རྣམས་ལྷུག་པོའི་ངང་ནས་དཔྱད་གླེང་གནང་ཞིང་། ཁོང་ཅག་གི་དཔྱད་འབྲས་ལ་དེར་འདུས་ཀྱི་བླ་མ་དང་དགེ་སློབ་ཡོངས་ནས་སྔགས་བརྗོད་ཚད་མེད་ཐོབ།
 
དེ་ཡང་ཐོག་དང་པོ་ཀ་ཤུལ་དགེ་བཤེས་བསོད་རིན་མཆོག་ནས་མཆོག་སྤྲུལ་པདྨ་རིན་ཆེན་དང་གཡུང་དྲུང་ལྷ་སྟེང་དགོན་གྱི་ལོ་རྒྱུས་དང་། དེ་དང་བརྒྱུད་བླ་མ་རིན་པོ་ཆེ་མཆོག་ནི་སློབ་གླིང་འདིའི་སྲོག་ཤིང་ལྟ་བུ་ཡིན་པའི་སྒོ་ནས་གསུང་བཤད་གནང་ཞིང་། དེ་བཞིན་ཁམས་རིན་སྤུངས་དགོན་པ་ནི་བོན་གྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་ཡོན་སྒོམ་ཤར་བ་ཐོགས་མེད་དང་། སྤྲུལ་སྐུ་གོ་སྡེ་འཕགས་པ། ཁྱུང་པོ་བློ་གྲོས་རྒྱལ་མཚན། གྲུབ་ཐོབ་ཤར་བ་རྣལ་འབྱོར། བུ་འབོར་སྟོང་གི་རྒྱལ་མཚན་སོགས་ཀྱི་གདན་ས་དོན་དངོས་ཡིན་པའི་སྒྲུབ་བྱེད་སྣ་ཚོགས་བཀོད་དེ། གདན་ས་འདི་ཧ་ཅང་མཐོང་ཆེན་པོ་ཡིན་པའི་སྐོར་གྱི་གསུང་བཤད་སྣ་ཚོགས་གནང་།

དེ་རྗེས་ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་ཚུལ་ཁྲིམས་ཡེ་ཤེས་ནས་དཔྱད་གླེང་གི་དབུ་འཛིན་བྱས་རྗེས། གཙུག་འོད་དགོན་པའི་སྤྲུལ་ངག་དབང་གཡུང་དྲུང་གིས«གྲི་གུམ་བཙན་པོ་དང་བོན་གྱི་ཉམས་རྒུད»ཅེས་པའི་སྒོ་ནས་བགྲོ་གླེང་བྱས།
དེ་ནས་རིམ་བཞིན་དུ་རིན་སྤུངས་དགོན་པའི་གྲྭ་བཙུན་ཉི་མ་བཟང་པོའམ་རླུང་གཤོག་ལགས་ནས«བོད་བཙན་པོའི་སྐུ་གཤེན་ཐོག་མའི་སྐོར»དང་། ཁྱུང་མཆུ་ཚ་ལུང་དགོན་ནས་ཡིན་པའི་གྲྭ་བཙུན་ཆུ་ཚེ་རིང་ངམ་དབལ་གཤོག་ལགས་ནས«བོན་གྱི་ཡིག་ཆའི་ཁྲོད་ཀྱི་ར་སངས་ཁྲིད་ནེ་ཁོད་དང་སྲིད་པ་སྤྱི་མདོས» རྟའུ་དགུ་རྫ་དགོན་ནས་ཡིན་པའི་གྲྭ་བཙུན་གཡུང་དྲུང་ཚེ་རིང་ངམ་སྙན་གྱེར་རྒྱུང་ལགས་ནས«ནམ་མཁའ་སྣང་བ་མདོག་ཅན་དང་ཁོང་གི་སྐུ་ཚེའི་མཛད་རྗེས» རྔ་བ་སྣང་ཞིག་དགོན་ནས་ཡིན་པའི་སྤ་གཡུང་དྲུང་རྒྱལ་མཚན་ལགས་ནས«བོད་སིལ་ཆད་ཀྱི་དུས་རབས་དང་དེའི་སྙན་ངག» ཟུང་ཆུ་དམུ་དགེ་བླ་རི་དགོན་ནས་ཡིན་པའི་གྲྭ་བཙུན་ཁྲི་གཙུག་བསྟན་འཛིན་ལགས་ནས«རུ་ལས་སྐྱེས་ཀྱི་མཛད་རྗེས་སྐོར» ཁྱུང་མཆུ་ཚ་ལུང་དགོན་ནས་ཡིན་པའི་གྲྭ་བཙུན་བསོད་ནམས་ཡེ་ཤེས་སམ་འོད་ལགས་ནས«སུམ་ཅུ་བའི་དོགས་གནད་འགའ་ལ་དཔྱད་པ»ཞེས་པའི་སྒོ་ནས་ཏེ་རྣམ་པ་ཚང་མས་ལོ་རྒྱུས་རིག་པའི་སྒོ་ནས་དཔྱད་ཞིབ་སྣ་ཚོགས་ཀྱི་སྟེང་བགྲོ་གླེང་མུ་ནས་བྱས།
ལྷག་ཏུ་བརྗོད་སྙིང་ཡོད་པ་ཞིག་ལ། ཚེས༡༠ཉིན་གྱི་སྔ་དྲོའི་དུས་ཚོད༩ཡི་སྟེང་དུ་བོན་གྱི་ལོ་རྒྱུས་སྨྲ་བའི་སྐྱེས་བུ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གདན་ས་སྟེ་ཁམས་ཀྱི་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་མཁན་པོ་ཁྲི་རབས་དང་པོའི་མཚན་ཐོབ་འོག་ནས་ཀ་ཤུལ་དགེ་བཤེས་བསོད་ནམས་རིན་ཆེན་ལགས་ལ་ཁྲི་སྟོན་མངའ་གསལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ཁྲི་སྟོན་སྟེང་དུ་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་གྱི་དགོན་བདག་བླ་མ་མཆོག་སྤྲུལ་པདྨ་རིན་ཆེན་རིན་པོ་ཆེ་དང་། དགོན་འདིའི་བསྟན་བདག་གི་བླ་མ་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་སྟེང་རི་སྤུངས་དགོན་གྱི་རི་གྲོང་གཉིས་ཀ་འདུས་ཏེ་ཀ་ཤུལ་དགེ་བཤེས་བསོད་ནམས་རིན་ཆེན་མཆོག་གི་ཁྲི་སྟོན་གཟི་བརྗིད་དང་ལྡན་པའི་སྒོ་ནས་སྤེལ་ཞིང་། མ་ཟད་ཁྲི་སྟོན་སྐབས་སུ་དགོན་འདིའི་སེར་སྐྱ་ཡོངས་ཀྱིས་སྐུ་གསུང་ཐུགས་རྟེན་དང་མཎྚལ་གྱི་མཆོད་པ་རྒྱ་ཆེ་ཁོང་རིན་པོ་ཆེ་ཐུགས་དགྱེས་པའི་རྟེན་དུ་འཕུལ།
དུས་ཚོད༡༠ཡི་སྟེང་དུ་༢༠༢༠ལོའི་སྒོ་འབྱེད་མཛད་སྒོ་དངོས་སུ་སྤེལ་ཞིང་མཛད་སྒོའི་གཙོ་སྐྱོང་བ་མཁན་རིན་པོ་ཆེ་ཀ་ཤུལ་དགེ་བཤེས་བསོད་རིན་མཆོག་ནས་གནང་སྟེ། ལོ་ཟླ་ཧྲིལ་བོ་གཅིག་རིང་གི་སློབ་གླིང་གི་ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་སོགས་ཐོས་བསམ་སློབ་གཉེར་གྱི་བརྒྱུད་རིམ་ངོ་སྤྲོད་དང་བརྒྱུད་ལོ་ཧྲིལ་བོ་གཅིག་གི་ཕྱོགས་བསྡུས་གཟེངས་རྟགས་ཐོབ་མཁན་རྣམས་དང་། «གཟའ་ཉི་མའི་རིན་སྤུངས་པ»ཡི་རྩོམ་རིག་གཟེངས་རྟགས་ཐོབ་མཁན་དང་། བློ་རྒྱུགས་སྤྲད་པའི་གཟེངས་རྟགས་ཐོབ་མཁན་རྣམས་ལ་སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་ནས་གཟེངས་རྟགས་རེ་རེ་བཞིན་གནང་།
དེ་རྗེས་བསྟུན་མར་མི་ལོ་བཞི་ཡི་རིང་རིག་གཞུང་འཛིན་གྲྭར་ཞུགས་ཏེ་སློབ་གཉེར་ཚུལ་བཞིན་བྱས་པའི་སློབ་མ་བཞི་ལ་མཐར་ཕྱིན་ལག་རྟགས་སོགས་སྤྲད་པའི་མཛད་སྒོ་སོགས་བསྡུས། དེ་ཡང་མཐར་ཕྱིན་པའི་སློབ་མ་བཞི་ལས་སློབ་མ་གསུམ་སྔར་བཞིན་སློབ་གླིང་དུ་ཞུགས་ཏེ་ཐོས་བསམ་སློབ་གཉེར་དང་རིག་གཞུང་ཞིབ་འཇུག་གི་ཕྱོགས་ལ་སྔར་བཞིན་འབད་རྒྱུའི་དམ་བཅའ་བརྟན་པོ་ཡོད་ནའང་། དུས་ཡུན་ལོ་ངོ་བཞི་ཡི་ཁ་ལོངས་པས་ཁོང་ཅག་ལ་བཀྲ་ཤིས་པའི་མཐར་ཕྱིན་ལག་ཁྱེར་གནང་བའི་མཛད་སྒོ་སྤེལ། ལག་ཁྱེར་གནང་བའི་སྐབས་སུ་དགོན་འདིའི་མཆོག་སྤྲུལ་རྣམ་གཉིས་ཀྱིས་དབུ་ཁྲིད་དེ་དེར་འདུས་ཀྱི་སེར་སྐྱ་ཡོངས་ནས་བཀྲ་ཤིས་པའི་ཁ་བཏགས་དང་མཎྚལ་གྱི་རྟེན་དུ་དངུལ་སོགས་འཕུལ། དེ་རྗེས་དགེ་རྒན་ཆེན་མོ་དགེ་བཤེས་གཡུང་དྲུང་ཉི་མ་ལགས་ལ་ཚོགས་གཙོའི་ཕྱག་མདུད་མཆོག་སྤྲུལ་རྣམ་གཉིས་ནས་གནང་།
དུས་ཚོད༡༡སྟེང་རིན་སྤུངས་དགོན་གྱི་དགོན་ལྷ་སྡེ་རི་གྲོང་གཉིས་ཀ་འདུས་པའི་དབུས་ནས«ཁྱུང་པོ་བློ་གྲོས་རྒྱལ་མཚན་རིག་གཞུང་ཞིབ་འཇུག་ཁང་གི་སྒོ་བྱང»དར་རས་ཀྱི་ཡོལ་བ་མཆོག་སྤྲུལ་རྣམ་གཉིས་དང་བླ་མ་དོན་དབྱང་སོགས་ཀྱིས་དངོས་སུ་ཕྱེས་རྗེས། ཞིབ་འཇུག་གླིང་གི་མཛད་འཕྲིན་བསྐལ་པ་མ་སྟོང་བར་དུ་རྒྱས་པའི་སྨོན་ལམ་སོགས་དགེ་སློབ་ཡོངས་ནས་བཏབ། ཞིབ་འཇུག་གླིང་གི་ཚོགས་གཙོ་ལ་ན་གཞོན་རིག་གཞུང་པ་སློབ་གླིང་འདིའི་སློབ་མ་ཆུ་ཚེ་རིང་ངམ་དབལ་གཤོག་ལགས་དང་། དེ་བཞིན་ཚོགས་གཞོན་པ་ལ་རྟའུ་གཡུང་དྲུང་ཚེ་རིང་། དྲུང་ཡིག་ལ་ཉི་མ་བཟང་པོ་རྣམས་བསྐོ་བཞག་གནང་སྟེ་སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་ནས་ཁོང་གསུམ་ལ་ཕྱག་མདུད་དངོས་སུ་གནང་།
དེ་རྗེས་སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་དང་མཁན་པོ་ཀ་ཤུལ་བ་སོགས་ཀྱིས་དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་ཟབ་ཅིང་རྒྱས་པ་མང་པོ་གནང་རྗེས«ཁྱུང་པོ་བློ་གྲོས་རྒྱལ་མཚན་རིག་གཞུང་ཞིབ་འཇུག་གླིང»གི་ཁང་མདུན་ནས་མཆོག་སྤྲུལ་རྣམ་གཉིས་དང་བླ་མ་མཁན་པོ་སོགས་དབུ་བཞུགས་ཐོག་དགེ་སློབ་ཡོངས་ནས་དྲན་རྟེན་མཉམ་པར་བསྒྲོན་རྗེས་ཐེངས་འདིའི་སྒོ་འབྱེད་མཛད་སྒོའི་མཛད་རིམ་རྣམས་བཀྲ་ཤིས་པའི་ངང་ནས་མཇུག་བསྡུས།
ཐ་ཚན་མུ་ཙུག་སྨར།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།