སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པ་གདན་ས་ག་ཤེལ་དགོན་དུ་འཚོགས་པའི་གནས་བསྡུས།

[ཟླ་ཚེས། 2020-09-16 17:49:09][རྩོམ་པ་པོ། གོ་སྒྲིག་ཚོ་ཆུང་གི་དྲུག་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

     དེ་ཡང་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ཀྱི་དབུ་བླ་རྣམ་པ་དང་ཡུལ་དེ་གའི་གཞོན་སྐྱེས་ཤེས་ཡོན་ཅན་རྣམ་པ་ཟུང་འབྲེལ་གྱིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཞེས་པ་དབུ་བརྙེས་ནས་ལོ་ངོ་བཞི་ཙམ་ཕྱིན་ཡོད་ཅིང་། ལོ་ངོ་དེ་དག་གི་རིང་ལ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཞེས་པའི་མཛད་སྒོ་འདིས་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་གཞོན་སྐྱེས་རྣམས་གཙོས་པའི་ཕྱོགས་གང་སའི་ན་གཞོན་བསམ་བློ་བ་རྣམས་ལ་ཤེས་རིག་ཡར་སྐུལ་གྱི་ཤུགས་རྐྱེན་ཆེས་ཆེར་ཐེབས་བཞིན་ཡོད།
   ཐེངས་འདིར་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པ་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་ཁག་རྣམས་ག་ཤེལ་ཤར་གྲོལ་སྨིན་གླིང་གི་སྡེ་དགོན་གཉིས་ཀྱིས་སྣེ་ལེན་ཟབ་རྒྱས་གནང་ཐོག་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམ་པའི་དབུ་བླ་རྣམ་པ་ཚང་འཛོམས་དང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་གོ་སྒྲིག་ཚོ་ཆུང་གི་ལས་མི་རྣམས་ཀྱིས་གོ་སྒྲིག་འོག་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཚོགས་ཐོག་ཏུ་འབྱོར་བའི་རྩོམ་ཡིག་ཁག་ལས་ལེགས་འདེམས་བྱས་ཏེ།
རྩོམ་ཡིག་གི་ཁ་གྲངས་ལྟར་རྩོམ་པ་པོ་སུམ་ཅུ་སོ་ལྔ་ཙམ་གྱིས་བགྲོ་གླེང་ཟབ་རྒྱས་གནངས། བགྲོ་གླེང་ཐོག་ཏུ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་དང་། ཚོགས་གཙོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ག་ཤེལ་དགོན་གྱི་ཁྲི་འཛིན་བླ་མ་དྲུང་མུ་གྲགས་པ། གླིང་སྨན་གཡུང་དྲུང་བཀྲ་ཤིས། དེ་བཞིན་གསར་དུ་གདམས་ཐོན་བྱུང་བའི་ཚོགས་གཙོ་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་སོགས་སྐུ་མགྲོན་བ་དང་། ལས་འཛིན་པ། རྩོམ་པ་པོ། བགྲོ་གླེང་བ་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་ཞང་བོད་ཀྱི་ཤེས་རིག་ལོ་རྒྱུས། ལྟ་གྲུབ་རིག་གཞུང་། སྐྱེས་ཆེན་མི་སྣ། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་གཙོས་པའི་བརྗོད་བྱ་ཁག་སོ་སོ་ནས་སྐབས་དོན་དང་འབྲེལ་བའི་གླེང་མོལ་ཟབ་རྒྱས་གནང་།
       དེ་རྗེས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་གསུམ་གྱི་རིང་ལ་ཚོགས་གཙོའི་འགན་འཁྲི་བཞེས་པའི་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་ལ་སྐབས་ཀྱི་མཛད་ཕྲིན་ལེགས་པར་གྲུབ་པའི་ལེགས་མཚོན་མགུལ་དར་བསྒྲོན་པ་དང་། ཁོང་ཉིད་ཚོགས་གཙོ་ཟུར་པ་དང་གལ་ཆེའི་བློ་འདྲི་མི་སྣ་རུ་གདམ་བསྐོས་དང་། དགེ་བཤེས་བསོད་ནམས་ཚུལ་ཁྲིམས་མཆོག་ཚོགས་གཙོར་གདམ་ཐོན་བྱུང་སྟེ་ལེགས་མཚོན་གྱི་མགུལ་དར་བསྒྲོན་པ་དང་། རྒྱུན་ལས་མི་སྣའི་གྲལ་དུ་སྤ་ཟླ་གངས་དུངས་ལགས་གསར་དུ་གདམས་ཐོན་བྱུང་།
   སྐབས་བཞི་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་མཇུག་བསྡོམས་སྐབས་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག་གིས་འབྲེལ་ཡོད་བཀའ་སློབ་བཀའ་དྲིན་བསྩལ་བ་དང་། དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་གིས་ག་ཤེལ་ཤར་གྲོལ་སྨིན་གླིང་གི་འདུས་སྤྱིའི་སྐུ་ཚབ་ཀྱི་ངོས་ནས་གལ་ཆེའི་གསུང་བཤད་གནང་། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་སྐབས་དོན་དང་འབྲེལ་བའི་མཇུག་སྡོམ་གྱི་གསུང་བཤད་གནང་རྗེས་དགའ་བསུ་ཐལ་སྒྲའི་ངང་ནས་དངོས་གཞིའི་མཛད་རིམ་མཇུག་གྲུབ།  
དེར་ཡོད་འདུས་སྡེ་ཡོངས་ནས་བསྟན་འབར་སྨོན་ལམ་དབྱངས་ལ་བསྐྱོན་ཏེ་གཙུག་ལག་ཁང་ཆེན་མོའི་མདུན་དུ་དྲན་རྟེན་མཉམ་པར་བསྒྲོན་རྗེས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པ་རྒྱལ་ཁའི་ངང་ནས་མཇུག་གྲུབ་པ་བཅས་ཀྱི་གནད་བསྡུས་སུ་གོ་སྒྲིག་ཚོ་ཆུང་གི་དྲུག་ཡིག་ཚན་ཁག་ནས་སྤེལ། ༢༠༢༠/༩/༧ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།