༧སྐྱབས་རྗེ་གཤེན་སྲས་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་ཕྱིར་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2020-09-11 13:06:57][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༧གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་སྤེལ་བ།

  སྔ་ལོ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་སི་ཁྲོན་རྔ་པ་ཁུལ་ཟིང་ཆུ་རྫོང་རིན་སྤུངས་དགོན་དུ་འཚོགས་སྐབས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཆོད་དྲུག་པའི་དགོངས་དོན་ལྟར་ན། ༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་བརྟན་བཞུགས་མནྜལ་སྐུ་གསུང་ཐུགས་རྟེན་འདི་ལོར་འབུལ་རྒྱུར་ཐུགས་གཏན་ཟིན་པ་ལྟར།

  ད་ཐེངས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་དུང་དཀར་དགོན་དུ་འཚོགས་སྐབས། ༢༠༢༠།༩།༡༠ཉིན་གཟའ་སྐར་འགྲུབ་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་ལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ཐར་བདེ་ཚེ་དབང་འཇིགས་མེད་མཆོག་ནས་༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འབུལ་དོན་དང་སྐུ་ཡི་མཛད་རྣམ་རགས་བསྡུས་ངོ་སྤྲོད་གནང་དོན་ལ། རྒྱལ་བ་གཤེན་སྲས་རིན་པོ་ཆེའི་འཁྲུངས་ཡུལ་ནི། ཡབ་གཤེན་ཆེན་ཉི་མ་འབུམ་གསལ་དང་། ཡུམ་བསྟན་འཛིན་མཚོ་རྒྱལ་གཉིས་ཀྱི་སྲས་སུ་དམུ་རིགས་གཤེན་གྱི་ཕོ་བྲང་དུ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༩༥༦ལོར་སྐུ་འཁྲུངས་ཏེ་མཚན་ལ་ནོར་བུ་དབང་རྒྱལ་གསོལ། ཆུང་ནས་ངང་རྒྱུད་དུལ་བ། རང་གཤིས་བཟང་བ་སོགས་དམ་པའི་ཡོན་ཏན་དུ་མ་ལྡན་ཞིང་མངོན་ཤེས་ལ་ཐོགས་པ་མེད་ཅེས་དར་སྡིངས་ཀྱི་རྒན་རབས་རྣམ་པས་བཤད་རྒྱུན་ཡོད། ཆུང་ནས་ཡི་གེ་ཀློག་འདོན་གྱི་འགོ་བརྩམ་ཡང་། དུས་འགྱུར་ཆེན་པོའི་དབང་གིས་ཡབ་ཆེན་དང་འབྲལ་དགོས་སྟབས། ཡུམ་སྲས་གཉིས་ཤུལ་དུ་ལུས། རིག་གསར་སྐབས་ནས་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་། འཁྱགས་ལྟོགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་མ་ཟད། ཡུམ་ཡང་སྐུ་ན་ཕྲ་བའི་དུས་ནས་སྡུག་བསྔལ་ཆེན་པོར་བཟོད་མ་ནུས་པར་དགོངས་པ་རྫོགས། དགུང་ལོ་བཅུ་བདུན་ཙམ་ནས་ཁོང་གཅིག་པུར་ལུས་ཤིང་འཚོ་བ་སོགས་གང་ཅིའི་ཐད་ལ་དཀའ་ངལ་འཕྲད་པས། དར་ལྡིང་རུ་ཁག་གཉིས་པའི་ཕྱུགས་རྫིར་བཞུགས། དགུང་ལོ་ཉེར་གཉིས་སྐབས་སུ་མཐའ་ཡས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་གདན་འདྲེན་ཞུས་ཏེ་ལྷ་སར་ཕེབས། དགུང་ལོ་ཉི་ཤུ་རྩ་གསུམ་ཐོག་ཆོས་ལུགས་དད་མོས་སྲིད་ཇུས་རང་དབང་མངོན་འགྱུར་བྱས་རྗེས། མཐའ་ཡས་རྒྱ་མཚོ་མཆོག་དང་ལྷན་དུ་ཀོང་པོར་ཕེབས་ནས་བོན་རི་ཆེན་མོར་བསྐོར་བ་བྱས། གཡུང་དྲུང་གླིང་དུ་ངན་སོང་དོང་སྤྲུགས་ཀྱི་སྙིང་པོ་དུ་ཏྲི་སུའི་སྒྲུབ་པ་ཟླ་བ་གཅིག་ལྷག་ལ་བཞུགས། དགུང་ལོ་ཉེར་དྲུག་གི་སྐབས་རྒྱལ་བ་གཤེན་གྱི་གདུང་འཛིན་ཉག་གཅིག་ཏུ་སོང་སྟབས་བོན་གྱི་བླ་སྤྲུལ་རྣམས་ཀྱིས་ཐུགས་བཞེད་ལྟར། རིགས་བཟང་མཁའ་འགྲོའི་མཚན་རྟགས་ལྡན་པ་བོད་ཡུལ་སྟོད་སྨད་བར་གསུམ་ན་རིགས་མ་བདུན་ཙམ་ཞིག་ལྷ་བླའི་ལུང་བརྟག་དང་ཁྱད་པར་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་གལ་ཆེའི་གནད་དུ་གཟིགས་ཏེ་དཔལ་གཤེན་བསྟན་སྨན་རི་དགོན་གྱི་སྒྲུབ་ཁང་དབང་དྲག་འབར་བའི་གནས་སུ་བདུན་ཕྲག་གསུམ་རིང་གོང་གི་རིགས་ལྡན་མཚན་མ་བདུན་གྱི་མཚན་རྣམས་རྟགས་རིལ་དུ་བསྒྲུབ་པས་རྟགས་རིལ་ཁ་མ་ཕྱེས་པའི་སྔ་ཉིན་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་ཞལ་ནས་མདང་དགོང་ངའི་རྨི་ལམ་ལ་ཤར་ཕྱོགས་ནས་གསལ་བའི་ཉི་མ་འོད་ཆེན་ཞིག་ཤར་ནས་ས་གཞི་ཀུན་ལ་ཁྱབ་པར་རྨིས་པས། སང་ཉིན་གཤེན་སྲས་ཀྱི་མཁའ་འགྲོ་ཉི་མའི་མཚན་ཅན་ཞིག་ཐོན་གྱི་རེད་ལ་འགྲོ་དོན་རྒྱ་ཆེ་འབྱུང་ཞེས་གསུངས་པ་ལྟར་ཕྱི་ཉིན་རྟགས་རིལ་རྣམས་རིམ་བཞིན་ཐོན་པས་མཁའ་འགྲོ་ཉི་མ་མཚོ་དེ་རྟགས་རིལ་དང་པོ་བབས་ནས་ཁོང་རྒྱལ་བ་གཤེན་སྲས་ཀྱི་ལྕམ་དུ་བཞེས། དགུང་ལོ་ཉེར་བརྒྱད་ནས་གདན་ས་ཁྲི་བརྟན་ནོར་རྩེར་སྒེར་སྲུང་བཙན་རྒྱལ་ཐོག་རྒོད་འབར་བའི་བཞུགས་ཁང་གསར་བཞེངས་དང་། གཤེན་ཚང་བླ་བྲང་གི་རྟེན་དང་བརྟེན་པ་ཚང་མ་གསར་བཞེངས་ལེགས་པར་མཛད། དགུང་ལོ་སོ་གཉིས་ནས་གསེར་སྒོ་ཁྲ་མོ་བསྐྱར་བཞེངས་ཀྱི་རྨང་བཏིང་། པན་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་བས། གཞིས་རྩེ་ས་གནས་ཀྱི་དབུ་ཁྲིད་རྣམས་ལ་གཤེན་སྲས་ཁོང་ལ་ལྟ་རྟོག་དང་གཟིགས་སྐྱོང་ཡག་པོ་གནང་དགོས་པའི་བཀའ་སློབ་གནང་། དེ་ནས་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་ལས། སྲིད་རྒྱལ་དྲེའུ་དམར་གྱི་བཀའ་གཏད་རྗེས་གནང་དང་བཅས་པ་ཞུས། སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་མདུན་ནས། གསང་ཆེན་མ་རྒྱུད་ཀྱི་དབང་བཞི་ཆ་ཚང་དང་། ཚེ་དབང་བོད་ཡུལ་མའི་དབང་བཞི་རྗེས་གནང་དང་བཅས་པ་གསན། དེ་ནས་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔར་སྐྲུན་གྱི་ལས་ཀར་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་ལ་ཕྱག་རོགས་གནང་སྟེ། བོད་ལྗོངས་མི་དམངས་དཔེ་སྐུན་ཁང་དུ་ཡུན་རིང་བཞུགས། དེ་རྗེས་ཀྲུང་གོ་བོད་བརྒྱུད་ནང་བསྟན་དུ་ཕྱག་ལས་རབ་དང་རིམ་པ། ལྷག་ཏུ་གནས་མཆོག་ཀོང་པོ་བོན་རིའི་ཆེད་དུ་སྐུ་ངལ་འཛེམ་མེད་ཀྱི་ཕྱག་ལས་དུ་མ་སོགས་རང་ཅག་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་བཀའ་དྲིན་བླ་མེད་དུ་ཆེ། མདོར་ན་ད་ལྟ་ཡང་དམུ་རིགས་གཤེན་གྱི་ཕོ་བྲང་གསས་ཁང་གསེར་སྒོ་ཁྲ་མོ་དང་། རི་རྒྱལ་དགོན་ཁྲི་བརྟན་ནོར་རྩེ་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་དབུ་འཛིན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྤྱི་ཁྱབ་བླ་ཆེན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཞོན། བོད་བརྒྱུད་ནང་བསྟན་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སོགས་རིན་པོ་ཆེ་ཁོང་གི་སྐུ་གསུང་ཐུགས་སོགས་གསང་གསུམ་གྱི་མཛད་འཕྲིན་ཆ་ཤས་ཙམ་ཞིག་ངོ་སྤྲོད་ཞུས་པ་ཡིན་གསུངས།



  དེ་རྗེས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་དང་སྦྲགས་མཎྜལ་སྐུ་གསུང་ཐུགས་རྟེན་དང་། རྣམ་ལྔ། རྟགས་བརྒྱད། རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཐོག་མར། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་མཎྜལ་དང་རྣམ་ལྔ་རིམ་བཞིན་ཕྱག་ཏུ་བཏེགས་ཏེ་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་ཕུལ་མཚམས་༧སྐྱབས་རྗེ་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་ཕྱག་ཏུ་བཞེས། དེ་ནས་ཚངས་སྤྱོད་གཤེན་གྱི་དྲང་སྲོང་ཆེན་པོ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་དང་རྒྱུན་ལས་ཚོགས་གཞོན་མཁན་རིག་འཛིན་དབང་རྒྱལ་སོགས་ཚོགས་གཙོ་སྐུ་གཞོན་རྣམས་དང་རྒྱུན་ལས་ལས་འཛིན་མི་སྣ་སོ་སོས་བརྟན་བཞུགས་བསྟར་འབུལ་ཁག་རིན་ཆེན་བཞི་པའི་གཞོང་པའི་སྟེང་དུ་གོས་ཆེན་པཎ་ཙ་ལི་ཀའི་ཆུན་པོས་སྣ་དྲངས་པའི་ཐོག་ཏུ་རིན་ཆེན་གསེར་དངུལ་ཟངས་གསུམ་ལས་གྲུབ་པའི་མཎྜལ་སྐུ་གསུང་ཐུགས་རྟེན་དང་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་སོགས་དང་། ལྷག་ཏུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། གཡུང་དྲུང་ཆག་ཤིང་། གཤེན་ཞུ་གཙོས་པའི་ན་བཟའ་སྤུས་ལེགས་ཆ་ཚང་བཅས་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བརྟན་བཞུགས་བསྟར་འབུལ་ཁག་རྣམས་གྲུབ་མཚམས། གཤེན་སྲས་རིན་པོའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་པ་འདིར་ཕེབས་ཀྱི་བླ་སྤྲུལ་འདུས་སྡེ་རྒྱ་མཚོ་སྤྱི་དང་ཁྱད་པར་དུ་ད་ཐེངས་མཛད་སྒོར་ཕེབས་པའི་མཚོ་སྔོན་ཞིང་ཆེན་གྱི་བོན་འབངས་དད་ལྡན་མང་ཚོགས་ཀུན་མགྲིན་གཅིག་ཏུ་གསོལ་འདེབས་དབྱངས་སུ་གྱེར་ཏེ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་མཇུག་ཡོངས་སུ་གྲུབ་པའི་གནས་ཚུལ་མདོར་བསྡུས་བཀོད་པའོ།།

  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཚན་ཁག་ནས།

  ༢༠༢༠ལོའི་ཟླ ༩ ཚེས ༡༡ ལ།







 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།