བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་རུ་གཡུང་དྲུང་བོན་གྱི་མར་རྒྱན་དང་རྡུལ་ཚོན་བཤམས་པའི་སྐོར།

[ཟླ་ཚེས། 2020-09-11 12:24:24][རྩོམ་པ་པོ། དགེ་རྒན་སྐལ་བཟང་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སངས་རྒྱས་གཤེན་རབ་མི་བོའི་སྐུ་བརྙན་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན།

  ད་ལན་རིས་མེད་གྲུབ་མཐའ་ཡོངས་ལ་བཀའ་དྲིན་བླ་ན་མ་མཆིས་པར་ཆེས་གུས་པར་འོས་པའི་སློབ་གཙོ་༧སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་དབུས་པའི་སློབ་གླིང་དབུ་ཁྲིད་རྣམ་པས་བོན་བན་གྲུབ་མཐའ་ཀུན་ལ་འཕེལ་རྒྱས་དགོངས་པ་རིང་དུ་གཟིགས་ཏེ<བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ>ནང་ཆོ་ག་ཕྱག་ལེན་འཛིན་གྲྭའི་བསླབ་གཞི་གཙོ་བོར་དམིགས་པའི་བོད་ཀྱི་ནང་བསྟན་འཕེལ་རྒྱས་འགྲེམ་སྟོན་ཁང་ཞིག་འཛུགས་གཉེར་མཛད་པའི་བརྒྱུད་རིམ་ཁྲོད། གྲུབ་མཐའ་སོ་སོའི་ཁྱད་ཆོས་མངོན་གསལ་མཚོན་པའི་མར་རྒྱན་དང་རྡུལ་ཚོན་བཤམས་སྟོན་དགོས་པའི་བཀའ་མངགས་བཞིན་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པས་མར་བཟོའི་སྒྱུ་རྩལ་ཆེད་མཁས་སྦྲ་ཆེན་སྦྱིན་པ་གདན་ཞུ་བྱ་བའི་དགོངས་མཐུན་ལྟར། དགེ་རྒན་ཤེས་རབ་མཐར་ཐུག་ནས་བརྒྱུད་སྦྲ་ཆེན་སྦྱིན་པ་གཙོས་དགེ་སློབ་སྐོར་ཞིག་བོད་ལྗོངས་ནང་བསྟན་སློབ་གླིང་གཡུང་དྲུང་བོན་གྱི་འགྲེམ་སྟོན་ཁང་དུ་ཚེ་སྒྲུབ་བྱ་རི་མའི་རྟེན་གཏོར་གཙོས་སྲོལ་རྒྱུན་སྲོག་ཏུ་བཟུང་ཞིང་སྒྱུ་རྩལ་ཉམས་ཀྱིས་ཕྱུག་པའི་མཛེས་ལེགས་ཡིད་འོང་རྣམ་པར་བཀྲ་བའི་མཆོད་སྤྲིན་དངོས་སུ་རྒྱན་པ་ནི། དབུས་ཀྱི་དཀྱིལ་འཁོར་ལྟེ་བར་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་སྐུ་བརྙན་ལོངས་སྤྱོད་རྫོགས་སྐུ་ཞི་རྒྱན་བཅུ་གསུམ་གྱིས་བརྒྱན་པ་དང་། གཡས་སུ་ཞི་བ་ཨ་གསལ་རྟེན་གཏོར། གཡོན་དུ་ཚེ་སྒྲུབ་བྱ་རི་མའི་རྟེན་གཏོར་ཚེ་ཡི་འབྲང་རྒྱས་ཆུ་སྐྱེས་བུམ་པའི་དབྱིབ་ཅན་དང་། གཡས་ཟུར་དུ་བླ་རི་གངས་དཀར་ཏེ་སེ། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན། ག་ལྗང་གཡུ་ལོ་མཁར། ཁ་འབབ་ཆུ་བོ་རྣམ་བཞི་བཅས་སངས་རྒྱས་གཤེན་རབ་མི་བོ་འཁྲུངས་གཞིས་ཀྱི་བཀོད་པ་ངོ་མཚར་དཔལ་དུ་འབར་བའི་མར་གྱིས་མཛེས་པར་མཚོན་པ་དང་། གཡོན་ཟུར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་མཚོན་དོན་མདོ་སྔགས་སེམས་གསུམ་བརྡ་རྟགས་གཡུང་དྲུང་ཕྱག་ཤིང་མར་གྱི་རེ་ཁ་རྣམ་པར་བཀྲ་བ་བཅས་གྱང་ངོས་དཀྱུས་སུ་སྨད་དགུ་དང་དཔངས་སུ་སྨད་གཉིས་དང་སྐར་བརྒྱད་བཅུ་ཡོངས་སུ་གང་བར་བརྒྱན་ཡོད། གཞན་རིན་ཆེན་ནོར་བདུན་དང་བཀྲ་ཤིས་རྟགས་བརྒྱད་འདོད་ཡོན་རྣམ་ལྔ་སོགས་མཆོད་པའི་སྤྲིན་སྤུང་ལྟ་ན་སྡུག་པའི་བསོད་ནམས་ཚོགས་ཀྱི་དཔལ་དུ་མར་གྱིས་བརྒྱན་པར་བཤམས།


ཞི་བ་ཨ་གསལ་རྟེན་གཏོར།        ཚེ་སྒྲུབ་བྱ་རི་མའི་རྟེན་གཏོར།

སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་གནས་ཞང་ཞུང་དབུས་ཀྱི་ལྟེ་བ།   སངས་རྒྱས་གཡུང་དྲུང་བོན་གྱི་བརྡ་རྟགས་གཡུང་དྲུང་ཕྱག་ཤིང་།

  ཁོ་ཚོའི་བཟོ་རྩལ་ལ་འདེང་འཇོག་ཐོབ་སྟེ་སློབ་དབུ་དབུ་ཁྲིད་ནས་རྡུལ་ཚོན་དཀྱིལ་འཁོར་འདེབས་རྒྱུ་ཡང་ལས་འགན་བསྐུར་བ་དང་འབྲེལ། ངོས་རེ་གྱད་ཆེན་འདོམས་གང་རེ་ཡོད་པའི་གཡུང་དྲུང་བོན་གྱི་ཐུན་མིན་ཁྱད་བོན་མངོན་པར་འབུར་བའི་གཡུང་དྲུང་ཀློང་རྒྱས་དཀྱིལ་འཁོར་ས་ལ་ལག་གིས་བྲིས་པ་སྟེ། མཛེས་ཤིང་ཡིད་དུ་འོང་བའི་བཀོད་པ་ཕུན་སུམ་ཚོགས་པར་བཞེངས། མར་བཟོ་དང་རྡུལ་ཚོན་སྒྱུ་རྩལ་ཆེད་མཁས་<ཡེ་སྟོད་སྲོལ་རྒྱུན་རིག་སློབ་གླིང་>་གི་དགེ་རྒན་སྦྲ་ཆེན་སྦྱིན་པ་དང་། དགེ་རྒན་གཡུང་དྲུང་བསྟན་པ། དགེ་རྒན་ཚེ་རིང་དར་རྒྱས། དགེ་རྒན་ཕུན་ཚོགས་རྣམ་རྒྱལ་དང་། ཟླ་བ་ཚུལ་ཁྲིམས། བློ་ལྡན། ཚེ་དབང་བསྟན་འཛིན། དཀོན་མཆོག་བཀྲ་ཤིས། ཤེས་རབ་རབ་གསལ་སོགས་བཟོ་རྩལ་མི་སྣ་དགུ་ཡིས་ཟླ་བ་གཅིག་ལྷག་ཏུ་བརྒྱན་པ་ཡིན།

སླར་སྨོན་པ། བོད ་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་རུ།།

ཕྱག་སོར་འཕྲུལ་གྱིས་སྒྱུ་རྩལ་ཉམས་ཕྱུག་པའི།།

མཆོད་པའི་སྤྲིན་སྤུང་རབ་མཛེས་དག་བཞེངས་རྣམས།།

བསོད་ནམས་ཚོགས་ཀྱི་དཔལ་དུ་དགེ་བར་སྨོན།།

ཐ་ཚན་མུ་ཙུག་སྨར་རོ།། །།






​​​​​​​

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།